རྒྱལ་མོ་རོང་གི་དགོན་ཆེན་མི་འགྱུར་གཡུང་དྲུང་ལྷ་སྟེང་གི་ལོ་རྒྱུས།(3)

        2010-08-26


གནའ་བོའི་མན་ཇུའི་སྲོལ་ལྟར་རབ་བརྟན་རྒྱལ་པོའི་བཀའ་ལྟར་ཕྱི་ལོ༡༧༧༨ལོར་དགེ་ལུགས་པའི་གྲུབ་མཐར་བཙན་གྱིས་བཅོས་བསྒྱུར་བྱས་ཏེ་དགོན་པའི་མིང་དུ་དགའ་ལྡན་བསྟན་འཕེལ་གླིང་ཞེས་བཏགས་པས་རྒྱ་ནག་གོང་མའི་མཆོད་གནས་ཀྱི་དགོན་ཆེན་བཞི་ཡི་ཡ་གྱལ་དུ་གྱུར་ཞིང་། མིང་ལ་རྒྱ་སྐད་དུ་གུའང་ཧྥ་སི་ཞེས་ཀྱང་ཐོགས་སོ། ། སྔར་བོན་དགོན་ཡིན་སྐབས་ཀྱི་མཚན་ནི་གཡུང་དྲུང་ལྷ་སྟེང་ཞེས་གྲགས་པ་ལྟར་འདུ་ཁང་ཆེན་མོའི་རྡོ་གཅལ་རྣམས་སུ་གཡུང་དྲུང་གི་རིས་གཟུགས་ཡོད་ཀྱང་། ཕྱིས་དགེ་ལུགས་པས་རྡོ་ལེབ་དེ་དག་མགོ་སློག་པའི་སྟེང་མེ་ཏོག་པད་མའི་གཟུགས་རིས་རེ་བརྐོས་སྟབས་དེ་ནས་བཟུང་དགོན་པའི་མཚན་ཡང་པད་མ་ལྷ་སྟེང་ཞེས་ཡོངས་གྲགས་སུ་གྱུར་ཞིང་། དགོན་པའི་ལོ་རྒྱུས་གསལ་བའི་རྡོ་རིང་དེ་ཉིད་ཀྱང་མགོ་མཇུག་སློག་པའི་མདུན་ངོས་སུ་དགོན་རྙིང་འདི་ཉིད་དགེ་ལུགས་པའི་གྲུབ་མཐར་དབང་བའི་བཙན་གཏམ་བརྐོས་པའི་མཐའ་རུ་གོང་མ་ཆིན་ལུང་གི་བཀའ་ཡིག་ཀྱང་བརྐོས་སོ། དུས་དེ་ནི་ཙམ་ནས་བོན་ལུགས་རྣམས་གཙང་བཀག་གིས་བཤད་སྒྲུབ་ཀྱི་ཆོས་སྤྱོད་ཡོད་ཚད་དབུས་ཀྱི་གདན་ས་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཕྱག་ལེན་བཞིན་བཙུགས་ཤིང་། དགའ་ལྡན་ཕོ་བྲང་གི་སྟངས་འཛིན་འོག་དགོན་བདག་ཀྱང་འབྲས་སྤུངས་ནས་གཏོང་སྲོལ་བྱུང་བཞིན་ཕྱི་ལོ་༡༩༥༠ཙམ་གྱི་བར་དགེ་ལུགས་པའི་མཁན་པོ་ཞེ་གཅིག་བྱོན་པ་སྟེ། སངས་རྒྱས་འོད་ཟེར་དང་། གྲགས་པ་ཕུན་ཚོགས། བློ་བཟང་འཇམ་དབྱངས། ངག་དབང་བསྟན་འཛིན། བློ་བཟང་དོན་ལྡན། འཇམ་དབྱངས་སྨོན་ལམ། ངག་དབང་ལྷུན་གྲུབ། བསྟན་པ་རིན་ཆེན། ངག་དབང་བཟང་པོ། གྲགས་པ་ཆོས་འཕེལ། བློ་བཟང་ཆོས་འཕེལ། སངས་རྒྱས་བསྟན་འཛིན། འཇམ་དབྱངས་ཡར་འཕེལ། ཀ་བློ་བཟང་དམ་ཆོས། འཇམ་དབྱངས་སྦྱིན་པ། འཇམ་དབྱངས་ཡར་འཕེལ། ཁ་འདི་ནས་མཁན་པོ་བཅུ་གསུམ་གྱི་མཚན་རྣམས་གསལ་ཁ་མི་འདུག༽བསོད་ནམས་ཡོན་ཏན། བློ་བཟང་ཐུབ་བསྟན། མཁྱེན་བརྩེ་ངག་བློ་གྲོས། ཀུན་ལྡན་རིན་ཆེན། བློ་བཟང་ཤེས་རབ། རྒྱལ་བ་ཤེས་རབ། ཡོན་ཏན་ཉི་མ། ཨ་ཁུ་ཡེ་ཤེས། གཡུ་བོ་བློ་གྲོས། རྒྱལ་རོང་དགེ་བཤེས། དགེ་འདུན་རིན་ཆེན། ངག་དབང་དཔལ་ལྡན༼༡༨༨༡། ༡༩༥༣༽བཅས་སོ། ། 
    དེ་ལྟར་ནའང་༼༡༩༥༩༽ཡས་མས་སུ་བོད་ས་སྟོད་སྨད་ཀུན་ལ་དུས་འགྱུར་བྱུང་བ་དང་། དེ་མཚམས་རིག་གནས་གསར་བརྗེ་ཆེན་མོའི་བཅོས་བསྒྱུར་སྐབས། དགོན་གནས་འདི་ཉིད་གཞན་དང་སྤྱི་མཚུངས་ཀྱིས་ལོ་རབས་དུ་མའི་རིང་ལ་མིང་མེད་དུ་གྱུར་བའི་མཐར། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྟེ། ཕྱི་ལོ༼༡༩༨༦༽ལོར་ཏང་གི་སྐབས་བཅུ་གཅིགཔའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་ཆོས་དད་རང་མོས་ཀྱི་ཆོས་སྒོ་ཕྱེས་ཤིང་། དགོན་རྙིང་འདི་ཉིད་ལའང་བསྐྱར་བཞེངས་ཀྱི་མ་རྩར་ཀྲུང་སྒོར་འབུམ་གསུམ་གྱིས་རོགས་རམ་གནང་། འོན་ཀྱང་ལས་གཞི་མ་བཙུགས་ཀྱི་སྔོན་ལ་ངེས་ཅན་དུ་ཐག་གཅོད་དགོས་པ་ནི་དགོན་རྙིང་འདི་ཉིད་བོན་པོའི་དགོན་པའམ་དགེ་ལུགས་པའི་དགོན་པ་གཉིས་ལས་གང་ཞིག་ཏུ་བསྐྱར་བསྐྲུན་བྱ་རྒྱུ་དེ་ཡིན་སྟབས། བན་བོན་བར་རྩོད་གླེང་དང་རྙོག་འཛིང་ཆེ་ཙམ་བྱུང་འདུག་རུང་། ཁུལ་མི་དམངས་སྲིད་གཞུང་དང་ཆུ་ཆེན་རྫོང་གི་ཆོས་ལུགས་ཅུས་བཅས་ཀྱིས་དྲང་བདེན་ཐོག་དགོན་རྙིང་འདིའི་ལྷ་སྡེ་རྣམས་ཀྱི་སྤྱི་མོས་དང་རྡོ་རིང་གི་ལོ་རྒྱུས་སོགས་ཀྱི་གོ་རིམ་ལ་གཞིགས་ནས་བསྐྱར་བཞེངས་ཀྱི་དབང་ཚད་དེ་བོན་པོ་རྣམས་ལ་ཡོད་ཅེས་པའི་བཀའ་དྲིན་ལ་བརྟེན་ནས་རྔ་ཡུ་ལ་རྟོེགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་བོན་བློན་བླ་མ་ནམ་མཁའ་བསྟན་འཛིན་གྱིས་ཐུགས་འགན་གཙོ་བཞེས་གནང་བའི་ཕྱག་རོགས་སུ་རིན་ཆེན་རྒྱལ་དང་། སྟག་ལྷ་སྐྱབས། ལེགས་བཤད་རྒྱ་མཚོ། ཡ་མ་བཀྲ་ཤིས། ཚེ་རིང་ཕུན་ཚོགས་བཅས་ཀྱིས་གཟིགས་སྐྱོང་གནང་བའི་མཐར་༼༡༩༨༩༽ལོར་གཡུང་དྲུང་ལྷ་སྟེང་དགོན་གྱི་རྟེན་དང་བརྟེན་པ་བསྐྱར་བཞེངས་ཀྱི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བས། ཕྱི་ལོ༼༡༩༩༠༽ནས་བཟུང་བླ་མེད་དང་། བྲག་དབེན། ཁྱུང་ལུང་སོགས་རྒྱལ་རོང་གི་བོན་དགོན་ཁག་འདྲ་མིན་ནས་ལོ་རེ་བཞིན་ཁྲི་པ་དང་། མཁན་པོ། བདག་གཉེར་བཅས་བསྐོ་བཞག་བྱས་ཏེ་འཛིན་སྐྱོང་གནང་དང་གནང་བཞིན་པའོ། ། དགོན་རྙིང་འདིའི་ལྷ་འབངས་དངོས་ནི་གོང་ཞུས་ལྟར་རོང་ཁམས་ཀྱི་རྒྱལ་པོ་ཕལ་གྱི་སྡེ་འབངས་ཐམས་ཅད་ཡིན་མོད་ཀྱང་། དེང་དུས་ཆུ་ཆེན་དང་། བཙན་ལྷ། རོང་བྲག་བཅས་ཀྱི་བོན་པོའི་ལྷ་སྡེ་ཙམ་ཡིན་ལ། དགོན་རྙིང་འདི་ཉིད་མི་ལོ་བརྒྱ་ཕྲག་གཉིས་ཀྱི་རིང་དགེ་ལུགས་པའི་དབང་བསྒྱུར་འོག་གནས་བརྗེ་བསྐྱར་བཞེངས་གྲུབ་པ་ནས་བཟུང་དེར་སྐབས་རྔ་ཡུལ་རྟོགས་ལྡན་དགོན་པས་སྟངས་འཛིན་འོག་ཚུལ་ཆེན་རིན་པོ་ཆེ། ཁྲི་བ་རིན་པོ་ཆེ། ཞག་གདུགས་སྤྲུལ་སྐུ། འབའ་ཤོ་སྤྲུལ་སྐུ་སོགས་སྔ་ཕྱིར་ཕེབས་ནས་དབུ་འདྲེན་མེད་དེ་ལོ་རེ་བཞིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཆུ་ཆེན་རྫོང་དང་། རོང་བྲག་རྫོང་། བཙན་ལྷ་རྫོང་། འབར་ཁམས་ཕྱོགས་ཀྱི་བོན་འབངས་ལྷ་སྡེ་ཀུན་འདུས་ཏེ་ཡི་དམ་གསས་མཁར་མཆོག་ལྔ་དང་། མ་རྒྱུད། ཀློང་རྒྱས་སོགས་ཀྱི་སྒྲུབ་ཆོག་རེས་མོས་ཀྱིས་གསུང་བ་དང་། བསྟན་སྲུང་མ་མཆོག་སྲིད་པའི་རྒྱལ་མོའི་ཚོགས་མཆོད་རྒྱས་འབུལ། དུས་ཆེན་གྱི་གར་འཆམ་སོགས་ལྷ་སྡེ་མང་ཚོགས་ཀྱི་དད་འདུན་རེ་འདོད་ཡོངས་སུ་བསྐངས་དང་སྐོང་བཞིན་པའོ། །

  • ལེ་ཚན་སྔོན་མ།:མངའ་རིས་སྤུ་ཧྲེང་གི་འཁོར་ཆགས་དགོན།
  • ལེ་ཚན་རྗེས་མ།:གདན་ས་སྨན་རིའི་སྔ་ཕྱིའི་ལོ་རྒྱུས་ཕྱོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།