བཀའ་བརྒྱུད་པའི་གནས་མཆོག་མཚུར་ཕུ་དགོན་པ་ནི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཆགས་ཡོད། དེ་ཆགས་ཡུལ་ནི་རྒྱབ་རི་པདྨ་ཁྱུང་རྫོང་ལ་བཅོལ་ཞིང་མདུན་རི་ནགས་ཀྱིས་ཕྱུག་པ་ལས་བྱ་བྱེའུ་སྣ་ཚོགས་འཕུར་ལྡིང་གིས་སྙན་པའི་དབྱངས་སྒྲོག་པ། བྲག་ལ་ཐུབ་པ་རིགས་དྲུག་རང་བྱུང་དུ་ཡོད་པ་དང་། ཤར་རི་དར་དཀར་ཡོལ་བ་ལྟ་བུ། ནུབ་རི་སྒྲོལ་མ་དཀར་མོ་བཅས་ས་དཔྱད་ཕུན་སུམ་ཚོགས་གནས་ཤིག་ཡིན། དེ་ཡང་ཀརྨ་སྐུ་ཕྲེང་དང་པོ་རྗེ་དུས་གསུམ་མཁྱེན་པ་དགུང་ལོ་ལྔ་བཅུ་བའི་སྟེང་ཁམས་ལ་ཕེབས་ཁར་མཚུར་ཕུའི་བྲག་རྒྱབ་ཡོལ་དུ་ས་གཞི་བྱིན་གྱིས་བརླབས་ནས་གཟིམ་སྤྱིལ་ཆུང་ངུ་ཞིག་མཛད་དེ་དགོན་གནས་ཀྱི་རྟེན་འབྲེལ་བསྒྲིགས། དེའི་རྗེས་བོད་རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ་༡༡༨༩ལོར་མཚུར་ཕུ་དགོན་པ་ཕྱག་བཏབ། ཞང་རིན་པོ་ཆེས་མཆོད་ཁང་གི་ཀ་རུ་མ་གདུགས་ཁམས་གསུམ་ཟིལ་གནོན་སོགས་སྣ་གསུམ་ཕུལ། སྐུ་ཕྲེང་གཉིས་པ་ཀརྨ་པཀྵིའི་སྐབས་ཉེ་གནས་ལྡན་སྒོམ་གྱིས་མཚུར་ཕུ་མཆོད་ཁང་ཆེན་པོར་དྲི་གཙང་ཁང་དང་། ཁྱམས་ར་དང་བཅས་པ་བརྩིགས། ཟངས་རག་ལས་བླུགས་པའི་ལྷ་ཆེན་ཕོ་འདོམ་བཅུ་གསུམ་དེ་ལོ་གསུམ་ནང་གྲུབ། ནང་བཞུགས་སུ་དེ་བཞིན་གཤེགས་པའི་རིང་བསྲེལ་བྲེ་གང་དང་།རྗེ་སྒམ་པོ་བའི་ཐུགས་ལྗགས་སྤྱན་གསུམ། དགྲ་བཅོམ་པ་ཉི་མ་གུང་པའི་ཚེམས། རྗེ་མི་ལའི་གསོལ་ཞལ། ཕྱག་འཁར། སྐྱེར་སྒང་པའི་སྣམ་སྦྱར། ཉན་ཐོས་མཆོག་ཟུང་གི་ལྷུང་བཟེད། འཁར་གསིལ། སྣམ་སྦྱར། གསེར་དངུལ་གྱི་བཀའ་འགྱུར་པོ་ཏི་ལྔ་བཅུ། ཚོགས་དུང་དཀར་པོ་རྒྱང་གྲགས་སོགས་མཐའ་ཡས་པ་བཞུགས། ལྷ་ཆེན་གཡོན་དུ་ཡོ་བ་ལས་པཀྵིས་རླུང་རོ་ལན་གསུམ་བུས་ནས་ཐད་ཀར་བསྲངས། རབ་ཏུ་གནས་པ་མཛད་དེ་ལྷ་ཆེན་དཔལ་འབར་འཛམ་གླིང་རྒྱལ་མཚན་དུ་གསོལ། གཞན་ཡང་སྤྱན་རས་གཟིགས་དང་རྒྱལ་བ་རིགས་ལྔ་རྣམས་ཀྱི་ལྷ་ཆེན་རེ་རེ་བཞེངས། རྗེ་དུས་གསུམ་མཁྱེན་པའི་གདུང་རྟེན་བཀྲ་ཤིས་འོད་འབར་དང་། རྗེ་པཀྵིའི་གདུང་རྟེན་བཀྲ་ཤིས་ལྷུན་གྲུབ་གཉིས་སུ་རང་རང་གི་ཐུགས་ལྗགས་སྤྱན་གསུམ་དང་། ལྡེམ་གཉིས་རིགས་ལྔ་དང་བཅས་པ་བཞུགས། ཕྱིས་ཐུགས་རྗེ་ཆེན་པོའི་ལྷ་ཁང་དང་། ཡིག་འཅུའི་ཁང་བ་མཛད་པའི་རྒྱལ་བ་རྒྱ་མཚོ་ཡང་ད་ལྟ་དེར་བཞུགས། རྩེར་གཉྫིར་ཆེན་མོ་གསེར་བྱ་ཁུང་གི་གཏེར་ནས་བྱུང་བའི་གསེར་བྱ་ཟུང་དང་བཅས་པ་བཙུགས། ཀརྨ་ཉིན་བྱེད་དབང་པོའི་རྣམ་ཐར་ལས། སྟོན་པའི་སྐུ་བརྙན་ཀ་བརྒྱད་མའི་གཟིམ་ཆུང་སྦུག་མ་སྒར་ཆེན་ནང་དུ་བཞུགས་པར་གསུངས། སྔོན་གྲགས་པ་སེང་གེས་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་ཕུལ་བའི་དུང་དཀར་དེ་རྡོ་རྗེ་གདན་གྱི་ཚོགས་དུང་དང་ལྷན་ཅིག་གནྡྷོ་ལའི་མཆོད་རྫས་སུ་ད་ལྟའང་ཡོད།
ཕྱག་འདེབས་མཛད་པ་པོ་ཀརྨ་སྐུ་ཕྲེང་དང་པོ་རྗེ་དུས་གསུམ་མཁྱེན་པ་ནི་མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བར། ཡབ་སྒོམ་པ་རྡོ་རྗེ་མགོན་པོ་དང་། ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་སྤྱི་ལོ་༡༡༡༠ལོར་སྐུ་བལྟམས། དགུང་ལོ་བཅུ་དྲུག་ལ་ཆག་སེང་གེ་གྲགས་ཀྱིས་སློབ་དཔོན་མཛད་ནས་རབ་དུ་བྱུང་། མཚན་ཆོས་ཀྱི་གྲགས་པ་ཞེས་གསོལ། གཙུག་ཕུད་དོར་བའི་ཚེ་ཌཱ་ཀི་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་མཁའ་འགྲོའི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་གི་ཅོད་པན་བཅིངས། དེ་ནས་ཇོ་བོའི་སློབ་མ་ཡོལ་ཆོས་དབང་སོགས་ལ་ཇོ་བའོལུགས་བདེ་མཆོག་གི་དབང་དང་། གསང་སྔགས་ཀྱི་སྒྲུབ་ཐབས་མང་པོ་མི་གཡོ་བ་ལ་སོགས་པ་གསན་ནས་སྒྲུབ་པ་མཛད་པས་སྒྲུབ་པའི་མཚན་མ་ཐོན། དགུང་ལོ་བཅུ་དགུའི་སྟེང་དབུས་སུ་བྱོན། ཉི་ཤར་སྟོད་ལུང་སེ་ཐང་དུ་ཕེབས། སྟོད་ལུང་རྒྱ་དམར་བ་སོགས་ལས་བྱམས་ཆོས་དང་དབུ་མ་གསན་ཞིང་མཁས་པར་སྦྱངས། དེའི་རྗེས་ཤ་ར་བ་དང་ཁོང་གི་སློབ་མ་ཤེས་རབ་རྡོ་རྗེ།པ་ཚབ་ལོ་ཙཱ་བ་བཅས་སྟེ་ནས་བཀའ་གདམས་པའི་ཆོས་ལ་སྦྱངས་པ་མཐར་ཕྱིན། ཡེ་ཤེས་བློ་གྲོས་ལས་བསྙེན་པ་རྫོགས་ཏེ་འདུལ་བ་སྦྱངས། དགུང་ལོ་སུམ་ཅུ་ལ་རྗེ་སྒམ་པོ་པར་མཇལ་དུ་བྱོན་ནས་ཆོས་རྗེ་ཁུ་དབོན་ལས་ཐམས་ལམ་གྱི་གདམས་པ་ཞུས་ཏེ་བསྒོམས་པས་ཞག་དགུ་ནས་བཙན་ཐབས་སུ་བདེ་དྲོད་འབར། དེ་ནས་རས་གོས་རྐྱང་གཅིག་གསོལ་ཏེ་ཟླ་དགུར་བསྒོམས་པས་ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ་འཁྲུངས། ཐབས་ལམ་དམར་ཁྲིད་དུ་མཛད་པས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་འཕྲོད་མེ་ལོང་ལ་བྱད་བཞིན་མཐོང་བ་ལྟར་གྱུར། དགུང་ལོ་དོན་ལྔ་ལ་ཁམས་རི་བོ་ཆེར་ཀརྨ་པའི་གདནས་བཏབ་པས་ཀརྨ་པ་ཞེས་གྲགས། དགུང་ལོ་དོན་དགུ་ལ་མཚུར་ཕུ་དགོན་པ་བཏབ་པས་ཀརྨ་པའི་གདན་ས་གོང་འོག་གཉིས་ཞེས་གྲགས། དེ་ལྟབུའི་གསང་སྔགས་ཀྱི་རྟོགས་པ་ཡང་རྩེར་སོན་པ་འདི་དལ་བཀའ་བབ་དང་། བརྒྱུད་འཛིན། སྔ་བུ་དང་ཕྱི་བུ་སོགས་ལས་ལྡེ་ཆུང་སངས་རྒྱས། མྱ་བ་གངས་པ། ནམ་མཁའ་འོད། ཡེ་ཤེས་བླ་མ། གཙང་སྟོད་ཚུལ་སེང་། གཙང་པ་རྒྱལ་རས་སོགས་རྩ་རླུང་ལ་དབང་ཐོབ་པའི་བུ་སློབ་མང་དུ་འདུས་ཏེ་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་སྤེལ་ཏེ་དགུང་ལོ་གྱ་བཞི་བ་ཆུ་གླང་སྤྱི་ལོ་༡༡༩༣ལོར་སྐུ་གཤེགས།
དེ་ལྟར་ཀརྨ་བཀའ་བརྒྱུད་ཀྱི་མ་དགོན་དུ་གྱུར་པ་འདིར་རྩ་ཆེའི་རིག་དངོས་ཤིན་ཏུ་མང་སྟབས་རྒྱལ་ཁབ་ཀྱིས་བོད་རང་སྐྱོང་ལྗོངས་རིག་དངོས་གཙོ་གནད་སྲུང་སྐྱོབ་སྡེ་ཚན་དུ་བཀོད།