ཁྲ་འབྲུག་གཙུག་ལག་ཁང་།

ལུག་ཚང་དཔལ་ཡོན།        2013-11-06

ཁྲ་འབྲུག་གཙུག་ལག་ཁང་།
ཁྲ་འབྲུག་གཙུག་ལག་ཁང་ནི་བོད་ལྗོངས་ལྷོ་ཁ་ཀྲོན་ཆུས་སྣེ་གདོང་རྫོང་ཁོངས་ཀྱི་རྩེད་ཐང་གོང་པོ་རིའི་ལྷོ་ནུབ་མཚམས་སུ་ཆགས་ཤིང་སྤྱི་ལོའི་དུས་རབས་བདུན་པའི་བར་མར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པའི་བགེགས་སེལ་སྔོན་འགྲོའི་ལྷ་ཁང་། མཐའ་འདུལ་ཡང་འདུལ་། རུ་གནོན་བཅས་བཅུ་གཉིས་ནས་རྒྱ་བཟའ་ཀོང་ཇོའི་སྤོར་ཐང་བརྒྱད་ཅུའི་བརྩི་སྲོལ་སྟར་གཡོ་རུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་གྲས་ཆོས་འཁོར་གསུམ་གྱི་ཡ་གྱལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་སྙིང་པོ་ལྷ་ཁང་བཅུ་གཉིས་པོའི་ཐོག་མའི་གཙུགལག་ཁང་དེ་ཡིན། དེ་ཡང་ཐོག་མར་ཆོས་རྒྱལ་གྱི་སྤྲུལ་པ་བྱ་ཁྲའིགཟུགས་ཀྱིས་འབྲུག་གི་སྐད་ལྟ་བུ་ཞིག་བརྒྱབ་ནས་བཙུག་ལག་ཁང་འདི་བཞེངས་ཡུལ་མཚོ་ནང་གི་ཀླུ་མདུད་མགོ་བོ་ལྔ་ཅན་བཏུལ་ནས་མཚོ་སྐམ་པའི་སྟེང་དུ་གཙུག་ལག་ཁང་འདི་བཞེངས་པས་གནས་འདིར་ཁྲ་འབྲུག་གཙུག་ལག་ཁང་ཞེས་མིང་ཆགས་པར་གྲགས།
དགོན་པ་འདི་ནི་བོད་དུ་སངས་རྒྱལ་ཆོས་ལུགས་པའི་ལྷ་ཁང་ཡོངས་ལས་རྩ་འགངས་ཆེ་བར་བརྩེ། དགོན་པ་འདིའི་གྲུབ་ཆ་གཙོ་བོ་མཆོད་ཁང་ཆེན་མོའམ་སྒྲོལ་མ་ལྷ་ཁང་ཞེས་པ་རྒྱ་ཁྱོན་ཀ་བ་བཞིའི་ས་དང་། ནང་རྟེན་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་རྩེད་ཐང་གོང་པོ་རི་ནས་སྤྱན་དྲངས་པའི་རྡོ་སྐུ་རང་བྱོན་རྣམ་སྣང། འོད་དཔག་མེད། རིན་ཆེན་འབྱུང་གནས་བཅས་དང་། འཁོར་དུ་རྒྱུ་ལི་མ་ལས་གྲུབ་པའི་ཉེ་སྲས་བརྒྱད་དང་། ལྷག་པར་རྟེན་གཙོ་སྒྲོལ་མ་གསུང་བྱོན་མའམ་ཞལ་ཟས་མ་དང་། ཁྲོ་བོ་གཉིས་བཅས་བཞུགས་། གཞན་ཡང་དགའ་ལྡན་ལྷ་ཁང་དང་། བཅུ་གཅིག་ལྷ་ཁང་། རབ་སྟོན་ལྷ་ཁང་། འོད་དཔག་ལྷ་ཁང་། ཆོས་རྒྱལ་ལྷ་ཁང་། ཐུགས་རྗེ་ལྷ་ཁང་། ཚེ་དཔག་ལྷ་ཁང་། བདེ་གཤེགས་ལྷ་ཁང་། ཨོ་རྒྱལ་ལྷ་ཁང་། མཐོང་གྲོལ་ལྷ་ཁང་། མགོན་ཁང་སོགས་ལྷ་ཁང་བཅུ་དྲུག་ཡོད། ལྷ་ཁང་དེ་དག་ནང་དུ་རྟེན་ཁྱད་པར་ཅན་མང་པོ་བཞུགས་ཡོད་པ་དཔེར་ན་ཆོས་རྒྱལ་ལྷ་ཁང་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། རྒྱ་བཟའ་ཝུན་ཤིང་ཀོང་ཇོ། བལ་བཟའ་ཁྲི་བཙུན། མགར་སྟོང་བཙན། སམ་བྷོ་ཊ་སོགས་རྒྱལ་བློན་རྣམས་ཀྱི་འཇིམ་སྐུ་བཞུགས། དེང་སྐབས་དགོན་པ་འདིའི་སྟེང་ཐོག་གི་ལྷ་ཁང་ནང་སྐུ་རྒྱུ་ཏ་ལའི་ལོ་མ་ལས་གྲུབ་པའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲིའི་ཡི་དམ་རྩོད་རྒྱལ་མར་གྲགས་པ་དེ་དང་། མུ་ཏིག་ཞལ་ཐང་ལ་སོགས་པའི་རྟེན་བྱིན་ཅན་མང་པོ་དང་གཞན་ཡང་མ་ཎི་ཡིག་དྲུག་རང་བྱོན་བཅས་བཞུགས།
ཆོས་རྒྱལ་སྲོང་བཙན་ནས་བཟུང་སྟེ་བོད་ཀྱི་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་སྲི་ཞུ་བཀུར་སྟི་རྒྱ་ཆེར་གནང་བ་དང་། རྒྱལ་མཆོག་ལྔ་པ་ཆེན་པོ་དང་། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ། རྭ་སྒྲེང་རྒྱལ་པོ་བཅས་ཀྱིས་གསེར་གྱི་དབུ་རྒྱན་དང་། སྙན་རྒྱན། མགུལ་རྒྱན་གསེར་གྱི་ཆེ་བུམ་སོགས་འབུལ་གནང་མཛད། གཙུག་ལག་ཁང་འདེར་སྐོར་ས་ཕྱི་ནང་གཉིས་ཡོད་པ་ལས་སྐོར་ས་ནང་མའི་སྐྱ་ལྡེབས་སུ་མདོ་སྡེ་ལས་བྱུང་བའི་རྟོགས་བརྗོད་ཁག་དང་། རྒྱལ་བ་ལྔ་པ་ཆེན་པོ། གུ་ཤྲཱིཧན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཀྱི་སྐུ་བཪྙན་ཡང་བྲིས་འདུག དེ་བཞིན་བཅུ་གཅིག་ལྷ་ཁང་དང་། རབ་སྟོནལྷ་ཁང་སོ་སོའི་འགྲམ་དུ་མཆོད་རྟེན་རེ་ཡོད་པ་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་མཚམས་ལ་བཞུགས་སྐབས་ཀྱི་མཚམས་རྡོ་ཡིན་པར་གྲགས།
ཁྲ་འབྲུག་གཙུག་ལག་ཁང་འདི་ལོ་རྒྱུས་ཤིན་ཏུ་རིང་བའི་རིག་དངོས་ཤུལ་བཞག་རྩ་ཆེན་ཞིག་ཡིན། འོན་ཀྱང་རིག་གནས་གསར་བརྗེའི་ནང་གཏོར་བཤིག་ཚབས་ཆེན་ཕོགས་ནས་རྟེན་དང་བརྟེན་པ་རྩ་མེད་ལྟ་བུར་གྱུར་ཡིན་རུང་། ཁྲ་འབྲུག་གཙུག་ལག་ཁང་ནི་སྤྱི་ལོ་༡༩༦༡ལོ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྲས་སུ་བརྩིས་ནས་དེང་སྐབས་རྒྱལ་ཁབ་ནས་གྲོན་དངུལ་འོས་འཚམས་གནང་སྟེ་སྔོན་མའི་བཀོད་དབྱིབས་གཞིར་བཟུར་སླར་གསོ་ཞུ་དང་ཞུ་བཞིན་ལགས་པས་དད་ལྡན་སེར་སྐྱ་མང་ཚོགས་དང་། རྒྱལ་ཁབ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱི་འདྲེན་བྱེད་ཀྱི་དཔལ་དུ་གྱུར་བཞིན་པ་བཅས་སོ། །
 

  • ལེ་ཚན་སྔོན་མ།:སྐྱེ་རྒུ་དགོན་པ།
  • ལེ་ཚན་རྗེས་མ།:བོ་རོད་དགོན་གྱི་ལོ་རྒྱུས།
  • དོ་སྣང་ཆེ་བའི་རྩོམ།