དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར།        2020-05-25

﹙༢༠༡༧ལོའི་ཟླ་བ༤པའི་ཚེས༢༥ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ཞིང་། ༢༠༡༧ལོའི་ཟླ་བ༩པའི་ཚེས༢༢ཉིན་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པའི་ཐོག་ཆོག་མཆན་གནང་ཡོད།﹚

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱེད་ཅིང་། རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་བྱེད་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་སྐྲུན་ཞིང་། སྐྱེ་ཁམས་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་།《སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ཤིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་﹙འོག་ལ་རང་སྐྱོང་ཁུལ་ཞེས་བསྡུས་ཡོད།﹚གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ།  རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་དུ། སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཐོན་ཁུངས་གསར་སྤེལ་དང་ཐོན་སྐྱེད་འཚོ་བ། ཨར་ལས་འཛུགས་སྐྲུན། སློབ་གསོ་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དེ་མིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་། ལྟ་སྐུལ་དོ་དམ་བཅས་ལག་ལེན་བྱེད་པར་སྲོལ་ཡིག་འདི་སྤྱད་ན་འཚམ་པ་ཡིན།

སྲོལ་ཡིག་འདིའི་ནང་དུ་བསྟན་པའི་སྐྱེ་ཁམས་ཁོར་ཡུག་ཅེས་པ་ནི་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་གི་ནགས་ཚལ་དང་རྩྭ་ཐང་། རི་བོ། འདམ་ར། རི་སྐྱེས་སྐྱེ་དངོས་སྲོག་ཆགས་དང་། སྐྱེ་ཁམས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆུ་རྒྱུད་དང་། རླུང་ཁམས། ས། གཏེར་རྫས། རང་བྱུང་གནས་ཤུལ།  མི་རིག་ཤུལ་བཞག རང་བྱུང་སྲུང་སྐྱོང་ཁུལ། མཛེས་ལྗོངས་གྲགས་ཅན་ཁུལ། གྲོང་ཁྱེར་དང་གྲོང་རྡལ།  ཡུལ་ཚོ་དང་གྲོང་སྡེ་སོགས་རང་བྱུང་གྲུབ་རྐྱེན་གྱི་བསྡོམས་འབོར་ལ་ཟེར་བ་རེད།

སྲོལ་ཡིག་འདིའི་ནང་དུ་བསྟན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞེས་པ་ནི། སྐྱེ་ཁམས་མ་ལག་དང་མིའི་རིགས་འཚོ་གནས་བྱེད་སའི་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་། འཛུགས་སྐྱོང་བཅས་བྱེད་པར་ཟེར་བ་རེད།

དོན་ཚན་གསུམ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྔོན་འགོག་གཙོ་བོ་དང་། དམིགས་སུ་བཀར་ནས་སྲུང་སྐྱོང་། ཚན་རིག་དང་མཐུན་པའི་འཆར་འགོད། བེད་སྤྱོད་འཛད་མེད། དོ་དམ་ནན་པོ། མང་ཚོགས་ཞུགས་པ། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

 རང་སྐྱོང་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་ཕན་ཚུན་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ཤུགས་ཆེན་བྱས་ཏེ་མི་དང་རང་བྱུང་བར་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱ་དགོས། སྲིད་འཛིན་མངའ་ཁོངས་ནང་དུ་དཔལ་འབྱོར་འཛུགས་སྐྲུན་དང་ཐོན་ཁུངས་གསར་སྤེལ་བྱེད་ཚེ་སྔོན་ལ་དཔྱད་དཔོག་དང་རྗེས་ལ་གསར་སྤེལ་བྱ་རྒྱུ་དང་། སུས་གསར་སྤེལ་བྱས་ན་དེས་སྲུང་སྐྱོང་བྱེད་པ། སུས་སྦགས་བཙོག་བཟོས་ན་དེས་བཅོས་སྐྱོང་བྱེད་པ། སུས་གཏོར་བཤིག་བཏང་ན་དེས་ཉམས་གསོ་བྱེད་པ། སུས་ཁྲིམས་འགལ་བྱས་ན་དེས་འགན་འཁྲི་འཁུར་དགོས་པའི་རྩ་དོན་ལག་ལེན་བྱས་ནས་སྐྱེ་ཁམས་ཕན་ནུས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་ཐོགས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྲུང་འཛིན་བྱ་དགོས།

དོན་ཚན་བཞི་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཁག་གིས་ལས་བགོས་འགན་འཁུར། སྤྱི་ཚོགས་ཡོངས་མཉམ་ཞུགས་བཅས་བྱེད་པའི་དོ་དམ་ལམ་ལུགས་ལག་ལེན་བྱ་དགོས།

 རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་མངའ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁུར་དགོས།

 རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་རང་གི་སྲིད་འཛིན་མངའ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་གཅིག་གྱུར་འཆར་འགོད་དང་སྒྲིག་འཛུགས། མཐུན་སྦྱོར་བཅས་བྱ་དགོས། འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཚན་གཞན་དག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་གཏོགས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁུར་དགོས།

ཤང་དང་﹙གྲོང་རྡལ﹚མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་མངའ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་འགན་འཁུར་དགོས་པར་མ་ཟད། ལས་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་དོ་དམ་བྱ་དགོས།

གྲོང་སྡེ﹙སྡོད་དམངས﹚ཨུ་ཡོན་ལྷན་ཁང་གིས་རམ་འདེགས་བྱས་ནས་རང་གི་མངའ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་ཡག་པོ་བསྒྲུབ་དགོས།

དོན་ཚན་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་བསྒྲགས་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་གཏོང་བ་དང་། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་སྲིད་འཛིན་མངའ་ཁོངས་ནང་གི་ཁོར་ཡུག་གི་སྤུས་ཚད་དང་། སྦགས་བཙོག་གི་འབྱུང་རྩ་གཙོ་བོར་ལྟ་ཞིབ་ཚད་ལེན་བྱེད་པའི་ཆ་འཕྲིན། དེ་མིན་ཁོར་ཡུག་གི་ཆ་འཕྲིན་གལ་ཆེན་བཅས་གཅིག་གྱུར་ཁྱབ་བསྒྲགས་བྱ་དགོས།

རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཁག་དང་དེ་མིན་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཡོད་པའི་སྡེ་ཁག་གིས་ཁྲིམས་ལྟར་ཁོར་ཡུག་གི་སྤུས་ཚད་དང་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པ། ཁོར་ཡུག་གི་ཐོར་བྱུང་དོན་རྐྱེན། ཁོར་ཡུག་གི་སྲིད་འཛིན་འཁྲོལ་དབང་། སྲིད་འཛིན་ཆད་གཅོད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རིམ་ཁག་གི་མི་དམངས་སྲིད་གཞུང་གིས་ཚན་རིག་ལག་རྩལ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཞིབ་འཇུག་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྱིས་གསར་སྐྲུན་བྱ་རྒྱུར་སྐུལ་མ་བྱེད་ཅིང་། རླུང་ནུས་དང་ཉི་ནུས། ས་དྲོད་སོགས་ནུས་ཁུངས་གསར་པ་གསར་སྤེལ་བྱེད་པའི་ལག་རྩལ་ཁྱབ་གདལ་གཏོང་བ་དང་། ཁོར་ཡུག་ལ་སྦགས་བཙོག་ཐེབས་ཆུང་བ་དང་དྲོ་ཁང་ནས་དྲོད་རླངས་གཏོང་འབུད་ཇེ་ཉུང་དུ་བཏང་སྟེ་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་བྱ་དགོས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་། སྐྱེ་ཁམས་ཉམས་གསོ། ས་ཆུ་སྲུང་འཛིན། ཐོན་ཁུངས་བསྲི་ཚགས་དང་རྒྱུན་འཁོར་བེད་སྤྱོད་སོགས་སྔོན་ཐོན་ལག་རྩལ་དང་བྱེད་ཐབས་སྤྱོད་པར་སྐུལ་འདེད་གཏང་དགོས།

དོན་ཚན་བདུན་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་གི་གྲོན་དངུལ་དེ་ས་གནས་རང་ཉིད་ཀྱི་ནོར་སྲིད་སྔོན་རྩིས་ཀྱི་ཁོངས་སུ་གཞག་དགོས་པར་མ་ཟད། ས་གནས་ཀྱི་ནོར་ཤུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དངོས་ཡོད་དགོས་མཁོར་གཞིགས་ནས་ལོ་རེ་བཞིན་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་དགོས།

རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་མ་རྩ་བསྡུ་བའི་ཐབས་ལམ་སྣ་མང་བཟོས་ནས་རྒྱལ་ཁབ་ཀྱི་མ་དངུལ་རག་གང་ཐུབ་དང་མ་རྩ་སྣ་ཚོགས་ནང་འགུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་པའི་ཐད་ལ་སྤྱད་དགོས། སྤྱི་དམངས་དང་ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་བཅས་ཀྱིས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་ཞལ་འདེབས་དང་རོགས་སྐྱོར་བྱ་རྒྱུའི་སྐུལ་མ་བྱེད་ཅིང་དེ་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས།

དོན་ཚན་བརྒྱད་པ། སྤྱི་འབངས་དང་ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ཅིང་། སྤྱི་འབངས་དང་ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་གིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱེད་པར་སྐུལ་མ་བྱ་དགོས།

རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཁྲོད་དུ་བྱས་རྗེས་མངོན་གསལ་བཞག་པའི་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲད་དགོས།

 

ལེའུ་གཉིས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་དང་སྐྱེ་ཁམས་བྱེད་ནུས་ས་ཁུལ་དབྱེ་འབྱེད།

དོན་ཚན་དགུ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ནང་དུ་འཇུག་དགོས།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་ལྟར། རང་གི་སྲིད་འཛིན་མངའ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་སྒྲིག་བཟོ་བྱས་རྗེས་རིམ་པ་མཚུངས་པའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་བྱས་ནས་ལག་ལེན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་དེ་འཆར་འགོད་གཞན་དག་དང་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱ་དགོས།

དོན་ཚན་བཅུ་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་དབྱེ་འབྱེད་ལྟར་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་ས་ཁུལ་དབྱེ་འབྱེད་སྒྲིག་བཟོ་བྱ་དགོས། རྒྱལ་སའི་བར་སྟོང་ལ་ས་ཁུལ་བགོས་ཏེ་འཕེལ་རྒྱས་ཚོད་འཛིན་ཁུལ་དང་འཕེལ་རྒྱས་བཀག་སྡོམ་ཁུལ་གྱི་དབྱེ་མཚམས་བཅད་དེ་བྱེད་ནུས་ས་ཁུལ་ཁག་གི་བྱེད་ནུས་ཚད་འཇོག་དང་འཕེལ་རྒྱས་ཀྱི་དམིགས་འབེན་དང་ཁ་ཕྱོགས། གསར་སྤེལ་དང་ཚོད་འཛིན་གྱི་རྩ་དོན་བཅས་གསལ་པོར་བཟོ་དགོས།

རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཀག་རྒྱ་ལམ་ལུགས་བཙུགས་ཏེ་སྲུང་སྐྱོང་ནན་པོར་བྱ་དགོས།

དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྲིད་འཛིན་མངའ་ཁོངས་ནང་གི་གཙང་པོའི་འབྱུང་ཁུངས་དང་། ཆུ་ཕུགས་གསོ་འཁྱོངས་བྱེད་ས། ས་ཆུ་སྲུང་འཛིན་ཆུ་རྒྱུད། འདམ་ར། རླུང་འགོག་བྱེ་བརྟན། ཐོན་ཁུངས་གལ་ཆེན་སྲུང་སྐྱོང་སོགས་དམིགས་བསལ་གྱི་སྐྱེ་ཁམས་ནུས་པ་ལྡན་པའི་ས་ཁོངས་དམིགས་སུ་བཀར་ནས་སྲུང་སྐྱོང་དང་དོ་དམ་བྱ་དགོས།

རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་ཀའི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཁུངས་གང་དང་མི་སྒེར་སུ་ཡིན་རུང་རང་སྐྱོང་སྲུང་སྐྱོང་ཁུལ་གྱི་ས་ཁུལ་གཙོ་བོ་དང་། བར་བཅད་ས་ཁུལ། ཚོད་ལྟ་ས་ཁུལ་བཅས་ཀྱི་གཏན་འབེབས་ལྟར་བྱེད་སྒོ་སྤེལ་དགོས།  རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་ནགས་ཤིང་གཅོད་པ་དང་། ཕྱུགས་འཚོ་བ། རྔོན་བྱེད་པ། ཆུའི་སྲོག་ཆགས་འཛིན་པ། སྨན་འཐུ་བ། ས་རྒོད་བཏུལ་བ། ནགས་སྲེག་པ། གཏེར་ཁ་སྔོག་པ། རྡོ་དང་བྱེ་མ་རྐོ་བ། དབྱར་རྩྭ་དགུན་འབུ་རྐོ་བ། ཁྲིམས་འགལ་གྱིས་བརྒྱུད་ནས་འགྲོ་བ་སོགས་ཀྱི་བྱེད་སྒོ་ཁྲིམས་ལྟར་བཀག་སྡོམ་བྱ་དགོས།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་དེ་གསར་སྤེལ་འཛུགས་སྐྲུན་ཚོད་འཛིན་བྱས་པའི་ས་ཁུལ་གྱི་ཁོངས་སུ་གཏོགས་ན། སྐྱེ་ཁམས་བར་སྟོང་བཟུང་ཚད་ཇེ་ཉུང་དུ་གཏང་དགོས་ཤིང་། དམིགས་སུ་བཀར་ནས་སྲུང་སྐྱོང་དང་གསར་སྤེལ་རན་པ་བྱེད་པ་དང་། ལུགས་དང་མཐུན་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བདམ་པ་དང་། སྐྱེ་ཁམས་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གཙོ་གཞིའི་བྱེད་ནུས་ཚད་འཇོག་དང་མི་འཚམ་པའི་གསར་སྤེལ་བྱེད་སྒོ་སྤེལ་མི་ཆོག

དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་ལམ་ལུགས་ལག་བསྟར་ནན་པོར་བྱ་དགོས་ཤིང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་ཁྲིམས་ལྟར་བྱེད་མེད་པའི་གསར་སྤེལ་བེད་སྤྱོད་འཆར་འགོད་སྒྲིག་འཛུགས་ལག་བསྟར་བྱེད་མི་ཆོག ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་ཁྲིམས་ལྟར་བྱེད་མེད་པའི་འཛུགས་སྐྲུན་ལས་གཞི་སྤེལ་འགོ་བཙུགས་མི་ཆོག

ལེའུ་གསུམ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

   ཚན་པ་དང་པོ། ནགས་ཚལ་དང་རྩྭ་ཐང་། སྤང་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

     དོན་ཚན་བཅུ་བཞི་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་། སྤང་ཐང་གི་ཐོན་ཁུངས་ལ་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ནགས་ཚལ་དང་རྩྭ་ཐང་། སྤང་ཐང་གིས་སྐྱེ་ཁམས་དོ་སྙོམས་དང་ཆུ་ཕུགས་གསོ་འཁྱོངས། ཁོར་ཡུག་གཙང་འགྱུར། གནམ་གཤིས་སྙོམས་སྒྲིག  ས་ཆུ་སྲུང་འཛིན།  རླུང་འགོག་བྱེ་བརྟན་ལ་སོགས་པའི་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས།

   དོན་ཚན་བཅོ་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོང་དང་ཉམས་གསོ། ཨར་ལས་བཅོས་སྐྱོང་། ཕྱུགས་རྒྱ་སྡོམ་པ། དབྱར་མཚེར་དགུན་མཚེར་བགོ་བ། རི་རྒྱ་བསྡོམས་ནས་(གྲམ་ཐང་)ནགས་རི་གསོ་བ། སྐྱེ་ཁམས་སྐྱིན་གསབ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བྱེར་འགྱུར་ཚབས་ཆེན་ཁུལ་དང་། རྩྭ་ཐང་གི་སྐྱེ་ཁམས་ཉམས་ཞན་ཁུལ། ནགས་ཚལ་ཐོན་ཁུངས་གཅིག་བསྡུས་ཁྱབ་ཁུལ། རི་སྐྱེས་རྩ་ཆེན་སྟོང་ཉེན་ཡོད་པའི་སྐྱེ་དངོས་དང་སྲོག་ཆགས་གཅིག་བསྡུས་ཁྱབ་ཁུལ། ཆུ་ཁོངས་གསོ་འཁྱོངས་ཁུལ་སོགས་ལ་ སྲུང་སྐྱོང་ གཙོ་བོར་བྱ་དགོས།

དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་དབྱེ་འབྱེད་ལྟར། མངའ་ཁོངས་ནང་གི་ཉག་ཆུ་དང་། འབྲི་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་ཕུགས་སོགས་ཆུ་ཕུགས་ཁ་སྣོན་གནས་ཡུལ་གལ་ཆེན་རྣམས་ཆུ་ཕུགས་གསོ་འཁྱོངས་ཁུལ་དུ་བཟོ་བ་དང་། རི་མཐོ་གྲོག་རོང་། གཙང་པོའི་ངོགས་གཉིས། ཆུ་མཛོད། མཚེའུ་མཐའ་འཁོར་རྣམས་ས་ཆུ་སྲུང་འཛིན་ཁུལ་དུ་བཟོ་བ། ཐན་སྐྱོན་ཆེ་བའི་རོང་ཁུལ་དང་། མཐོ་གྲང་ས་ཁུལ། ས་གཤིས་ཀྱི་མི་མངོན་པའི་གནོད་འཚེ་གཅིག་བསྡུས་ས་ཁུལ་རྣམས་སྐྱེ་ཁམས་ཉམས་ཞན་ཁུལ་དུ་བཟོ་བ། སྤྱི་པའི་ལྗང་འགྱུར་དང་། སྐྱེ་ཁམས་གླིང་ག། རི་རྒོད་ལྗང་འགྱུར་སོགས་ནི་མི་བཟོས་སྤང་ཐང་སྲུང་སྐྱོང་ཁུལ་དུ་བཟོ་རྒྱུ།

  གཙང་པོའི་ཆུ་ཕུགས་གསོ་འཁྱོངས་ཁུལ་དང་ས་ཆུ་སྲུང་འཛིན་ཁུལ་དུ་ཤིང་འཛུགས་ནགས་བཟོ་དང་། རྨོས་དོར་ནགས་གསོ་དང་རྩྭ་གསོ། ཕྱུགས་རྒྱ་སྡོམ་པ། དབྱར་མཚེར་དགུན་མཚེར་བགོ་བ། རི་རྒྱ་བསྡོམས་ནས་ནགས་རི་གསོ་བ། ནགས་ཚལ་དོ་དམ་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནགས་རི་རྩྭ་ཐང་གི་སྔོ་ཁེབས་ཉམས་གསོ་དང་རྒྱ་སྐྱེད་གཏང་དགོས། ཤིང་གང་མོས་གཅོད་པ་དང་རྐོ་སྔོག་གང་མོས་བྱེད་པ། དེ་མིན་བྱེད་ཐབས་གཞན་ལ་བརྟེན་ནས་སྔོ་ཁེབས་ལ་གཏོར་བཤིག་གཏོང་མི་ཆོག

   སྐྱེ་ཁམས་ཉམས་ཞན་ཁུལ་དུ་ཤིང་འཛུགས་ནགས་བཟོ་དང་། རྩི་ཤིང་སྔོ་ཁེབས་ཉམས་གསོ། ཕྱུགས་རྒྱ་སྡོམ་པ། རྩྭ་ས་ཞན་འགྱུར་ཁུལ་དུ་རྩྭ་སོན་ལེགས་བརྗེ་བྱེད་པ། རླུང་འགོག་བྱེ་བརྟན་གྱི་ཨར་ལས་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྩི་ཤིང་སྔོ་ཁེབས་ཀྱི་ཁེབས་རྒྱ་ཇེ་ཆེར་གཏང་དགོས། གང་མོས་རྐོ་སྔོག་དང་ནགས་རི་རྩྭ་ས་གཏོར་བརླག་གཏོང་མི་ཆོག་ཅིང་། ས་ཞིང་བྱེ་མར་འགྱུར་བ་སྔོན་འགོག་བྱ་དགོས།

  མི་བཟོས་སྤང་ཐང་སྲུང་སྐྱོང་ཁུལ་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྩ་དོན་ལྟར་ཚན་རིག་དང་མཐུན་པའི་བེད་སྤྱོད་དང་སྲུང་སྐྱོང་བྱེད་ཐབས་སྤྱད་དགོས། སྤང་ཐང་རང་མོས་ཀྱིས་བདག་བཟུང་དང་གཏོར་བརླག་གཏོང་མི་ཆོག

དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་། བྱི་འབུའི་གནོད་པ་དང་དུག་རྩྭ་སོགས་སྐྱེ་དངོས་གནོད་འཚེ་སྔོན་དཔག་སྔོན་བསྒྲགས་དང་བཅོས་སྐྱོང་འགོག་སྡོམ་གྱི་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་གཞི་རྩའི་རྩྭ་ཐང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་ཅིང་། ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་དང་རྩྭ་ཐང་གི་སྐྱེ་ཁམས་བྱ་དགའ་སྐྱིན་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩྭ་ཐང་གླིང་ག་འཛུགས་པར་འཚོལ་ཞིབ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་དུ་ཁྲིམས་དང་འགལ་བའི་འཛུགས་སྐྲུན་བྱེད་པ་དང་ཡང་ན་ས་རྡོ་བྱེ་གཏེར་རྐོ་བ། སྤང་བཀོག་པ་སོགས་གཏོར་བཤིག་བྱེད་སྒོ་སྤེལ་མི་ཆོག

 རྩྭ་ཐང་དུ་ས་རྒོད་སློག་པ་དང་རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བཤིག་གཏོང་བའི་རྐོ་སློག་སོགས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་མི་ཆོག

ལས་ཁུངས་དང་མི་སྒེར་གྱིས་ནགས་རི་རྩྭ་ཐང་གཞུང་སྤྱོད་དང་བཟུང་སྤྱོད་བྱེད་པའི་ཚེ་ནགས་ལས་དང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས་ཤིང་། ཁྲིམས་འབེབས་ཞིབ་དཔྱད་འགན་དབང་ལྟར་ཆོག་མཆན་སྤྲད་པའི་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་བཅོ་བརྒྱད་པ། སྤྱི་འབངས་དང་ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་གིས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལྟར་རླངས་རོ་དང་ཆུ་རོ། གད་སྙིགས། དེ་མིན་བེད་མེད་དངོས་རོ་གཞན་དག་གཙང་སེལ་བྱ་དགོས་པ་ལས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་བཟོ་མི་ཆོག

           ཚན་པ་གཉིས་པ། འདམ་ར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

  དོན་ཚན་བཅུ་དགུ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་འདམ་རའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་མ་ལག་དང་ཡིག་ཚགས་དོ་དམ་ལམ་ལུགས་བཙུགས་ཤིང་འཐུས་སྒོ་ཚང་དུ་གཏང་དགོས། སྲིད་འཛིན་མངའ་ཁོངས་ནང་གི་རིམ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་དང་། ནགས་ཚལ་གླིང་ག། འདམ་ར་གླིང་ག། མཛེས་ལྗོངས་གྲགས་ཅན་ཁུལ་སོགས་ཀྱི་ཁྱབ་ཁོངས་ནང་གི་འདམ་ར་སྲུང་སྐྱོང་གཙོ་བོར་བྱ་དགོས།

དོན་ཚན་ཉི་ཤུ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་འདམ་ར་སྲུང་སྐྱོང་ལས་ཀའི་འགན་འཁུར་དགོས་ཤིང་། འདམ་རའི་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་ནང་སྲོལ་འཛུགས་དགོས།

འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་གྱི་ ས་ཁུལ་གཙོ་བོ་དང་བར་བཅད་ས་ཁུལ་ནང་དུ་ཐོན་སྐྱེད་སྒྲིག་ཆས་གང་ཡང་རུང་བ་འཛུགས་སྐྲུན་བྱེད་པ་དང་ཡང་ན་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་ཐོན་སྐྱེད་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག

འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚོད་ལྟ་ས་ཁུལ་ནང་དུ་ཁོར་ཡུག་ལ་སྦགས་བཙོག་ཐེབས་པ་དང་། ཐོན་ཁུངས་དང་མཛེས་ལྗོངས་ལ་གཏོར་བཤིག་ཐེབས་པ། དེ་མིན་ཆུ་སྐྱེས་སྲོག་ཆགས་རྩ་ཆེན་སོགས་ཀྱི་འཚོ་སྡོད་རྒྱུད་སྤེལ་བྱེད་ཡུལ་ལ་གཏོར་བཤིག་ཐེབས་པའི་ལས་གཞི་སྤེལ་མི་ཆོག ཆུ་སྐྱེས་སྲོག་ཆགས་འཚོ་སྡོད་རྒྱུད་སྤེལ་བྱེད་ཡུལ་ལ་གཏོར་བཤིག་གཏོང་མི་ཆོག

 དོན་ཚན་ཉེར་གཉིས་པ་། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་འདམ་ར་སྲུང་སྐྱོང་གི་དགོས་མཁོར་གཞིགས་ནས་ཁྲིམས་ལྟར་སྐྱེ་ཁམས་ཡུལ་མི་གནས་སྤོ་བྱ་དགོས་ཤིང་། ཞིང་འབྲོག་དམངས་ལ་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་དགོས།

      

ཚན་པ་གསུམ་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

 དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྲིད་འཛིན་མངའ་ཁོངས་ནང་གི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་སྐྱེ་དངོས་སྣ་མང་རང་བཞིན། རྒྱུད་རྒྱུ་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་དངོས་རིགས་ཐོན་ཁུངས་ཕྱིར་གཏོང་ནང་འདྲེན་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྐྱེ་ཁམས་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས།

སྐྱེ་ཁམས་གནས་ས་གལ་ཆེན་དང་སྐྱེ་ཁམས་བྱེད་ནུས་མངོན་གསལ་ཡིན་པ་དང་། རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་གཅིག་བསྡུས་ཡིན་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ས་ཆར་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཏེ་སྲུང་སྐྱོང་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

 སྐྱེ་དངོས་སྣ་མང་རང་བཞིན་ལ་གནོད་པའི་དངོས་རིགས་ལ་སྐྱོབ་ཐབས་བྱ་དགོས་ཤིང་། དེའི་འཚོ་སྡོད་ཁོར་ཡུག་ལ་སྲུང་སྐྱོང་དང་ཉམས་གསོ་བྱེད་ཅིང་། གསོ་སྤེལ་རྟེན་གཞི་དང་ས་བོན་སྤུས་ཚད་ཐོན་ཁུངས་ཀྱི་དན་གྲངས་མཛོད་བཙུགས་པ་དང་ཡང་ན་གནས་སྤོ་བའི་སྲུང་སྐྱོང་བྱེད་ཐབས་སྤྱད་དགོས།

 དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་སྐྱེ་དངོས་སྣ་མང་རང་བཞིན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ཕྱི་ཕྱོགས་ཀྱི་དངོས་རིགས་ནང་འདྲེན་བྱེད་པའི་དཔྱད་དཔོག་དང་ཞིབ་བཤེར་ཆོག་མཆན་སྤྲད་པའི་ལམ་ལུགས་བཙུགས་པ་དང་། ཕྱི་ཕྱོགས་ནས་བྱུང་བའི་དངོས་རིགས་ཀྱི་ཉེན་ཁ་དཔྱད་དཔོག་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་སྟེ་གནོད་པ་ཡོད་པའི་དངོས་རིགས་ནང་ཞུགས་བྱེད་པར་སྔོན་འགོག་བྱ་དགོས། བྱུང་ཟིན་པའི་ཕྱི་ཕྱོགས་ཀྱི་དངོས་རིགས་ལ་སྔོན་འགོག་ཚོད་འཛིན་བྱེད་ཐབས་གོ་ཆོད་པོ་སྤྱད་དེ་སྐྱེ་ཁམས་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་དན་གྲངས་མཛོད་བཙུགས་ནས་སྐྱེ་ཁམས་མ་ལག་ཉམས་ཞན་ཅན་ཉམས་གསོ་དང་བསྐྱར་འཛུགས་ལག་རྩལ་ལ་ཞིབ་འཇུག་དང་། ཕྱི་ཕྱོགས་གནོད་ཡོད་དངོས་རིགས་སྔོན་འགོག་ཚོད་འཛིན་ལག་རྩལ་ལ་ཞིབ་འཇུག་བྱེད་པའི་ལས་ཀ་སྤེལ་དགོས།

ཕྱི་ཕྱོགས་ཀྱི་དངོས་རིགས་ནང་འདྲེན་བྱེད་ཚེ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་སྙན་སེང་བཀའ་འཁྲོལ་ཞུ་དགོས་ཤིང་། ལས་ཁུངས་གང་དང་མི་སུ་ཡང་རུང་བས་རང་མོས་ཀྱིས་ཕྱི་ཕྱོགས་དངོས་རིགས་ནང་འདྲེན་དང་ཡང་ན་གློད་འགྲོལ་གཏོང་མི་ཆོག

དོན་ཚན་ཉེར་བཞི་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་ནགས་ལས་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་རི་སྐྱེས་སྐྱེ་དངོས་ཐོན་ཁུངས་ཀྱི་གསར་སྤེལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། བཀག་རྒྱ་ཁུལ་དང་ངལ་གསོ་ཁུལ། བསྡུ་ལེན་ཆོག་པའི་ཁུལ་བཅས་བགོ་བ་དང་། རི་སྐྱེས་སྐྱེ་དངོས་ཀྱི་གདོད་སྐྱེས་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་ཁུལ་འཛུགས་དགོས། རི་སྐྱེས་སྐྱེད་དངོས་ཐོན་ཁུངས་རྐོ་ལེན་བྱེད་སྟངས་ཚད་ལྡན་བཏང་ཞིང་གང་མོས་རྐོ་ལེན་བྱེད་མི་ཆོག

དོན་ཚན་ཉེར་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་ཉ་ལས་སྲིད་འཛིན་སྡེ་ཁག་གིས་ཆུ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ཆུ་རྒྱུད་གལ་ཆེན་དུ་གློག་འདོན་ས་ཚུགས་དང་ཆུ་བེད་ཨར་ལས་གསར་འཛུགས་བྱེད་པའི་ཚེ་ཉ་རིགས་ཕྱིར་རྒྱུ་བའི་འགྲོ་ལམ་སྔོན་ཚུད་དུ་གཞག་དགོས།

 ཚན་པ་བཞི་པ། ཁོར་ཡུག་ཚོར་སྐྱེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

  དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དགོས་མཁོར་གཞིགས་ནས་རང་བྱུང་ཁོར་ཡུག་ཁུལ་དང་མཛེས་ལྗོངས་གྲགས་ཅན་ཁུལ། འཐུང་ཆུའི་ཆུ་ཕུགས་སྲུང་སྐྱོང་ཁུལ། ནགས་ཚལ་གླིང་ག། ས་གཤིས་གླིང་ག་སོགས་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་ནང་དུ་འཚོ་བའི་སྡོད་དམངས་ཡུལ་གཞན་དུ་གནས་སྤོ་བྱ་དགོས་ན། ཁྲིམས་ལྟར་གནས་སྤོ་འཆར་གཞི་བཟོས་པར་མ་ཟད་སྒྲིག་འཛུགས་ལག་ལེན་བྱ་དགོས།

དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྲིད་འཛིན་མངའ་ཁོངས་ནང་གི་རིམ་ཁག་གི་ནགས་ཚལ་གླིང་གར་སྲུང་སྐྱོང་གཙོ་བོར་བྱ་དགོས། ནགས་ཚལ་གླིང་གའི་ནང་དུ་ཚོང་ལས་བདག་གཉེར་བྱེད་སྒོ་སྤེལ་བར་ཚོད་འཛིན་ནན་པོར་བྱ་དགོས། ནགས་ཚལ་གླིང་གར་ཞུགས་ནས་ཚོང་ལས་བྱེད་སྒོ་སྤེལ་བའི་ལས་ཁུངས་དང་མི་སྒེར་གྱིས་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ལ་རེ་ཞུ་ཐོ་འགོད་བྱས་རྗེས། ནགས་ཚལ་གླིང་གའི་བདག་གཉེར་་དོ་དམ་ལས་ཁུངས་ཀྱིས་གཅིག་གྱུར་འཆར་འགོད་བྱས་པ་ལྟར་ཚོང་གཉེར་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་ས་ཞིང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་ཉིད་ཀྱི་སྲིད་འཛིན་མངའ་ཁོངས་ནང་གི་ས་གཤིས་གླིང་གའི་ལྟ་ཞིབ་དོ་དམ་ལས་ཀའི་འགན་འཁུར་དགོས།

ས་གཤིས་གླིང་གའི་ཁྱབ་ཁོངས་དང་ས་མཚམས་ནི་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་མཚོན་རྟགས་ངེས་གཏན་བཙུགས་ནས་གསལ་པོར་བཟོ་དགོས། ཞིབ་དཔྱད་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་མེད་ན། ལས་ཁུངས་གང་དང་མི་སུ་ཡང་རུང་བས་རང་མོས་ཀྱིས་རྡོ་རིང་དང་མཚམས་རྟགས་སྤོ་བརྗེ་བྱེད་མི་ཆོག

དོན་ཚན་ཉེར་དགུ་པ། རིམ་ཁག་གི་མཛེས་ལྗོངས་གྲགས་ཅན་ཁུལ་ནང་དུ་གསར་སྤེལ་བྱེད་སྒོ་སྣ་ཚོགས་སྤེལ་བའི་ཚེ་ངེས་པར་དུ་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་སྤྱིའི་འཆར་འགོད་ཀྱི་བླང་བྱ་དང་འཚམ་དགོས་ཤིང་། དེའི་བཀོད་པ་དང་མཐོ་ཚད། བོགས་ཚད། བཟོ་ལྟ། ཁྱད་ཆོས། མདོག་ཁ་བཅས་མཐའ་འཁོར་གྱི་རང་བྱུང་མཛེས་ལྗོངས་སམ་ཁོར་ཡུག་དང་ཕན་ཚུན་མཐུན་ཐབས་བྱ་དགོས།

དོན་ཚན་སུམ་ཅུ་པ། ལས་ཁུངས་གང་དང་མི་སུ་ཡང་རུང་བ་རང་མོས་ཀྱིས་རིམ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཁུལ་གཙོ་བོར་འགྲོ་མི་ཆོག། ཚན་རིག་ཞིབ་འཇུག་བྱས་པའི་རྐྱེན་གྱིས་ངེས་པར་འགྲོ་དགོས་པའི་ཚེ། རིམ་པ་མཚུངས་པའི་འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་སྤྲད་དགོས། སྲུང་སྐྱོང་དང་འབྲེལ་བ་མེད་པའི་སྒྲིག་ཆས་གང་ཡང་རུང་བ་འཛུགས་མི་ཆོག  རང་བྱུང་སྲུང་སྐྱོང་ཁུལ་གནས་སའི་རྫོང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འཆར་གཞི་ཡོད་པའི་སྒོ་ནས་གཙོ་བོ་ས་ཁུལ་དུ་གནས་པའི་སྡོད་དམངས་གནས་སྤོ་བྱས་པར་མ་ཟད་བཀོད་སྒྲིག་གང་འཚམ་བྱ་དགོས།

ལེའུ་བཞི་པ། དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།

ཚན་པ་དང་པོ། ཞིང་འབྲོག་ལས་ཐོན་སྐྱེད།

དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་ཞིང་འབྲོག་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་ཐོགས་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་སྤྱད་དགོས་ཤིང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་མགྱོགས་པོར་བསྒྱུར་ཞིང་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་ལས་ཐོན་སྐྱེད་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་བྱ་དགོས།

དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་ས་ཞིང་བསྲི་ཚགས་དང་ལེགས་བསྡུས་ཞིབ་གཉེར་ལམ་ལུགས་ཆེས་ནན་པོ་ལག་བསྟར་བྱ་དགོས་ཤིང་། ཞིང་འབྲོག་དང་ས་ཞིང་སོགས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ས་ཞིང་སྦགས་བཙོག་ཐེབས་པ་འགོག་བཅོས་དང་། ཞན་འགྱུར། བྱེར་འགྱུར། བ་ཚྭ་ཅན་དུ་འགྱུར་བ། སྐྱུར་འགྱུར་བཅས་ཀྱི་བཅོས་སྐྱོང་འཆར་གཞི་གཏན་འབེབས་བྱ་དགོས། ཞིང་འབྲོག་ལས་ཐོན་སྐྱེད་བྱེད་མཁན་དང་ཡང་ན་ཞིང་འབྲོག་ལས་རྩ་འཛུགས་ཀྱིས་ཞིང་འབྲོག་ལས་ཐོན་ཁུངས་ཁྲིམས་ལྟར་གསར་སྤེལ་ལུགས་མཐུན་བྱ་རྒྱུ་སྒྲིག་འཛུགས་དང་སྐུལ་མ་བྱས་ཏེ། ས་ཆུ་ཤོར་བ་དང་ཞིང་སྤྱོད་ས་ཞིང་ལ་གཏོར་བཤིག་ཐེབས་པ། ས་ཤུགས་ཉམས་པ་བཅས་སྔོག་འགོག་བྱ་དགོས།

དོན་ཚན་སོ་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིང་འབྲོག་ལས་སྐྱེ་ཁམས་ཀྱི་སྤྱི་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏང་དགོས་ཤིང་། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་བེད་མེད་དངོས་རོ་དང་ཞིང་སྡེའི་འཚོ་བའི་གད་སྙིགས་ལ་གནོད་མེད་ཅན་དང་ཚད་ཉུང་ཅན། ཐོན་ཁུངས་ཅན་བཅས་ཀྱི་བྱེད་ཐབས་བཀོལ་བ་དང་། ཕན་འབྲས་ཆེ་བའི་སོག་མ་ཕྱོགས་བསྡུས་བེད་སྤྱོད་གྲུབ་འབྲས་ཁྱབ་གདལ་ཤུགས་ཆེན་བྱ་དགོས། ཁྲིམས་ལྟར་དབྱེ་མཚམས་བཅད་པའི་སྲེག་སྡོམ་ཁུལ་དུ་ལོ་ཏོག་གི་སོག་མ་ཐོག་མེད་སྲེག་པ་དང་ཡང་ན་ཆུར་འཕོ་མི་ཆོག འཐུང་ཆུའི་ཆུ་ཕུགས་དང་ཞིང་ལས་ས་ངོས་སྦགས་བཙོག་སྔོན་འགོག་བྱ་དགོས།

དོན་ཚན་སོ་བཞི་པ། ཕྱུགས་བྱ་གསོ་སྤེལ་དང་། གཅིག་བསྡུས་ཀྱིས་གསོ་བ། གཅིག་བསྡུས་ཀྱིས་བཤའ་བ། ཚན་རིག་ཞིབ་འཇུག་སློབ་ཁྲིད། ཞིང་འབྲོག་ཐོན་རྫས་བཟོ་སྣོན་བཅས་བྱེད་མཁན་གྱི་ལས་ཁུངས་དང་མི་སྒེར་གྱིས་ཕྱུགས་བྱའི་སྟུག་པ་དང་ཆུ་རོ། དེ་མིན་བེད་མེད་དངོས་རོ་གཞན་དག་ཕྱོགས་བསྡུས་བེད་སྤྱོད་བྱེད་པའམ་གནོད་མེད་ཅན་དུ་གཙང་སེལ་བྱ་དགོས་པ་ལས་ཁོར་ཡུག་ལ་སྦགས་བཙོག་གཏོང་མི་ཆོག ནད་ཕོག་ནས་ཤི་བའི་ཕྱུགས་བྱ་འདོར་བ་དང་ཉོ་བ། བཙོང་བ། བཤའ་བ། བཟོ་སྣོན་བཅས་བྱེད་མི་ཆོག

ལས་ཁུངས་གང་རུང་དང་མི་སྒེར་སུ་ཡང་རུང་བས་ཞིང་ར་དང་ཆུར་སྲ་གཟུགས་ཅན་གྱི་བེད་མེད་དངོས་རོ་དང་ཡང་ན་དུག་ཡོད་པའི་དངོས་རྫས་གནོད་ཅན་བླུགས་པ་དང་འདོར་བ། སྤུངས་པ་སོགས་བྱེད་མི་ཆོག རྒྱལ་ཁབ་ཀྱིས་བཀའ་རྒྱ་གསལ་པོར་བཏོན་ནས་ཐོན་སྐྱེད་བྱེད་མི་ཆོག་པའམ་ཐོ་ཁོངས་ནས་བསུབས་པའི་ཞིང་སྨན་དང་། འབུ་གསོད་བྱི་གསོད་སྨན་རྫས་ཚོང་གཉེར་དང་བེད་སྤྱོད་བྱེད་མི་ཆོག ས་ཞིང་དང་ཞིང་ལས་ཐོན་རྫས་ལ་སྦགས་བཙོག་ཐེབས་པ་སྔོན་འགོག་བྱ་དགོས།

རིམ་ཁག་གི་མི་དམངས་སྲིད་གཞུང་གིས་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་མཁན་ལ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཞིང་ཞི་སླ་བའི་ཞིང་སྤྱོད་འགྱིག་ཤོག་སྤྱོད་པར་སྣེ་ཁྲིད་བྱ་དགོས། ཞིང་འབྲོག་ལས་ཐོན་སྐྱེད་བྱེད་མཁན་གྱིས་དུས་ཐོག་ཚད་གཞི་དང་མི་མཐུན་ཞིང་ཞི་དཀའ་བའི་ཞིང་སྤྱོད་འགྱིག་ཤོག་ཕྱིར་བསྡུ་ལེན་བྱེད་པ་ལས་གང་མོས་འཕེན་མི་ཆོག

   ཚན་པ་གཉིས་པ། བཟོ་ལས་ཐོན་སྐྱེད།

 དོན་ཚན་སོ་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱིའི་འཆར་འགོད་ལ་གཞིགས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་དང་ཐོན་ཁུངས་ཀྱི་མཐུན་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་ལས་ཀྱི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱས་ཏེ། ལྗང་མདོག་བཟོ་ལས་གསར་པ་འཕེལ་རྒྱས་གཏོང་བ་དང་ཐོན་ཁུངས་མགྱོགས་པོར་བསྒྱུར་དགོས།

དོན་ཚན་སོ་དྲུག་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་དང་དེའི་བཟོ་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་ཁྲིད་སྟོན་དཀར་ཆག་དང་རང་སྐྱོང་ཁུལ་གྱི་བཟོ་ལས་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཆར་འགོད་ལྟར། སྐྱེ་ཁམས་ཀྱི་བླང་བྱ་དང་འཚམ་པའི་བཟོ་ལས་ལས་གཞི་ནང་འདྲེན་བྱེད་ཅིང་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་རིགས་སུ་ཞུགས་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱིས་བཀའ་རྒྱ་གསལ་པོར་བསྒྲགས་པའི་མི་དགོས་པ་བཟོ་བ་དང་སྤྱོད་མི་ཆོག་པ་བཟོ་བའི་རྗེས་ལུས་ཀྱི་ཐོན་ནུས་དང་ཐོན་སྐྱེད་བཟོ་རྩལ་དང་ལག་རྩལ་ནང་འདྲེན་བྱེད་མི་ཆོག

དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་ཚན་རིག་ལག་རྩལ་མཐོ་ཞིང་ཐོན་ཁུངས་ཟད་གྲོན་ཆུང་བ། ཁོར་ཡུག་ལ་སྦགས་བཙོག་ཆུང་བའི་ཐོན་ལས་ཆགས་ཚུལ་བཙུགས་ཏེ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་འཁོར་རྒྱུག་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བེད་མེད་དངོས་རོ་དང་སྦགས་བཙོག་དངོས་པོ་ཐོན་ཚད་དང་འབུད་ཚད་ཇེ་ཉུང་དུ་གཏང་དགོས།

བཟོ་ལས་ཁེ་ལས་ཀྱིས་འཁོར་རྒྱུག་དཔལ་འབྱོར་དང་སོལ་ཉུང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་མ་དང་རྒྱབ་སྐོར་བྱེད་ཅིང་། ཐོན་སྐྱེད་གཙང་མ་བཟོ་བ་དང་། ཁེ་ལས་བར་ཐོན་ཁུངས་དང་བཟོ་ལས་བེད་མེད་དངོས་རོ་ཕྱོགས་བསྡུས་བེད་སྤྱོད་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པར་སྐུལ་སྤེལ་བཏང་སྟེ་ཐོན་ཁུངས་ནུས་ཆེ་བེད་སྤྱོད་དང་འཁོར་རྒྱུག་བེད་སྤྱོད་ཡོང་བར་བྱ་དགོས། ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་དང་ལག་རྩལ་གསར་སྐྲུན་བྱས་ཏེ་ཐོན་ཁུངས་ཀྱི་ཟད་གྲོན་ཇེ་ཉུང་དུ་གཏང་དགོས་ཤིང་། བཟོ་ལས་ཀྱི་བེད་མེད་དངོས་རོའི་བྱུང་ཚད་དང་འབུད་ཚད་ཇེ་ཉུང་དུ་བཏང་ཞིང་། བཟོ་ལས་ཀྱི་བེད་མེད་དངོས་རོ་ཡང་བསྐྱར་བེད་སྤྱོད་བྱེད་ཚད་དང་ཐོན་ཁུངས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། ཐོན་སྐྱེད་གསར་སྤེལ་རགས་ལས་ནུས་ཆུང་ཅན་ནས་བསྲི་ཚགས་ནུས་ཆེ་རུ་བསྒྱུར་བར་སྐུལ་སྤེལ་གཏང་དགོས།

ཚན་པ་གསུམ་པ། འགྲིམ་འགྲུམ་སྒྲིག་ཆས་འཛུགས་སྐྲུན།

དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་ཡིག་ཆ་དང་། ས་ཆུ་སྲུང་འཛིན་འཆར་འགོད་ཀྱི་སྙན་སེང་ཞུ་ཡིག  ཞིབ་དཔྱད་སྡེ་ཁག་གིས་ཆོག་མཆན་སྤྲད་པའི་སྐྱེ་ཁམས་ཁོར་ཡུག་གི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོར་ཡོང་བར་ཁག་ཐེག་བྱ་དགོས།

དོན་ཚན་སོ་དགུ་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་དུ་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་ཚེ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་ཡིག་ཆའི་ནང་དུ་བཏོན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ཁག་ལ་བརྟེན་ནས་རྨོ་ཞིང་དང་རྩྭ་ར། ནགས་ས་བཅས་མི་བཟུང་བ་དང་ཡང་ན་བཟུང་ཚད་ཉུང་བར་བྱ་དགོས། འཛུགས་སྐྲུན་གྱི་དུས་ཡུན་རིང་ཞིང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཆེ་བའི་འཛུགས་སྐྲུན་ཨར་ལས་ལ་ཨར་ལས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱ་དགོས་ཤིང་། གས་རྫས་གང་མོས་སྤྱད་པ་དང་། རྐོ་སློག་གང་མོས་བྱེད་པ། དངོས་རོ་གང་མོས་འཕོ་མི་ཆོག

ཨར་ལས་སྡེ་ཚན་གྱིས་སྔོན་ཐོན་ལག་རྩལ་དང་སྒྲིག་ཆས། བཟོ་རྩལ་སོགས་བྱེད་ཐབས་གོ་ཆོད་སྤྱད་དེ་འཛུགས་སྐྲུན་བྱེད་སྒོ་དེ་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཞིང་ཁོར་ཡུག་སྦགས་བཙོག་ཇེ་ཉུང་དུ་གཏང་དགོས། གཞུང་ལམ་འགྲམ་ངོགས་གཉིས་ཀྱི་ལྗང་འགྱུར་ཡག་པོ་བྱ་དགོས་ཤིང་། འཛུགས་སྐྲུན་རྒྱུ་ཆས་ལེན་ས་དང་བེད་མེད་དངོས་རོ་བཞག་སའི་སྔོ་ཁེབས་ཉམས་གསོ་བྱ་དགོས། འཛུགས་སྐྲུན་བྱེད་སྒོའི་ཁྲོད་དུ་བྱུང་བའི་གད་སྙིགས་དང་ས་རོ་གསོག་ཉར་བྱེད་པའི་ཚེ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་དང་ས་ཆུ་སྲུང་འཛིན་འཆར་འགོད་ཀྱི་བླང་བྱ་ལྟར་དེར་བསྟུན་གྱི་ཨར་ལས་བྱེད་ཐབས་སྤྱད་དགོས། ཨར་ལས་བྱེད་ཐབས་ཀྱང་ཨར་ལས་འཛུགས་སྐྲུན་དང་དུས་མཉམ་ཇུས་འགོད། དུས་མཉམ་ལག་ལེན། དུས་མཉམ་ཐོན་སྐྱེད་དང་བེད་སྤྱོད་བཅས་བྱ་དགོས་པ་ལས། ཆུ་དང་ནགས་རི་རྩྭ་ཐང་གི་སྔོ་ཁེབས་གཏོར་བཤིག་གཏོང་མི་ཆོག

དོན་ཚན་བཞི་བཅུ་པ། འགྲིམ་འགྲུལ་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་སྤེལ་བའི་ཚེ་སྲུང་སྐྱོང་བྱེད་ཐབས་གོ་ཆོད་པོ་སྣ་མང་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས། རི་སྐྱེས་སྲོག་ཆགས་གཅིག་བསྡུས་འཚོ་སྡོད་བྱེད་ཡུལ་དུ་བརྒྱུད་དགོས་པའི་ཚེ་རི་སྐྱེས་སྲོག་ཆགས་འགྲོ་ལམ་བཟོ་བ་སོགས་འགོག་སྲུང་སྒྲིག་ཆས་བསྐྲུན་ཏེ་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་སའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་གཏང་དགོས།

      ཚན་པ་བཞི་པ། གྲོང་ཡུལ་འཛུགས་སྐྲུན།

དོན་ཚན་ཞེ་གཅིག་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་གི་གྲོང་རྡལ་གྱིས་སྤྱི་པའི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཚོ་བའི་ཆུ་སྙིགས་དང་གད་སྙིགས་གནོད་མེད་ཅན་དུ་བཟོ་བ་དང་། ཆུ་འདྲེན་འབུད། གཅིག་བསྡུས་དྲོད་སྐྱེལ་སོགས་ཀྱི་སྤྱི་པའི་སྒྲིག་ཆས་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱ་དགོས།

དོན་ཚན་ཞེ་གཉིས་པ། ལས་གཞི་གསར་འཛུགས་དང་རྒྱས་སྐྲུན། བསྒྱུར་སྐྲུན་བཅས་བྱེད་པའི་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་གི་དོ་དམ་གཏན་འབེབས་ལ་བརྩི་སྲུང་བྱ་དགོས། སྦགས་བཙོག་དངོས་རྫས་ཕྱིར་འབུད་པའི་ཚེ་སྦགས་བཙོག་དངོས་རྫས་དེའི་གར་ཚད་དང་ཐོན་ཚད་བསྡོམས་འབོར་རྒྱལ་ཁབ་དང་ས་གནས་ཀྱིས་གཏན་འབེབས་བྱས་པའི་གཏོང་འབུད་ཚད་གཞི་ལས་བརྒལ་མི་ཆོག

དོན་ཚན་ཞེ་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་གྲོང་ཡུལ་འཛུགས་སྐྲུན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ཞིང་གྲོང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ཏེ་ལྗང་མདོག་འཛུགས་སྐྲུན་དང་ལྗང་མདོག་སྐྱེ་ཁམས་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།

གྲོང་ཡུལ་གྱི་འཛུགས་སྐྲུན་དངོས་པོ་དང་ཁོར་ཡུག་སྒྲིག་ཆས་ལ་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་ཚེ་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་དང་ས་གནས་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་རྣམ་པ་དང་ཕན་ཚུན་མཐུན་ཐབས་བྱ་དགོས།

རང་བྱུང་གནས་ཤུལ་ས་ཁུལ་དང་རང་བྱུང་སྲུང་སྐྱོང་ཁུལ། ནགས་ཚལ་གླིང་ག། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ། ཡུལ་སྐོར་བྱེད་སའི་གྲོང་ཡུལ་གཙོ་བོ་བཅས་ཀྱི་ས་ཁོངས་སུ་འབྲེལ་ཡོད་ཀྱི་འཆར་འགོད་དང་འགལ་ནས་གསར་སྤེལ་དང་འཛུགས་སྐྲུན་བྱེད་མི་ཆོག

   ཚན་པ་ལྔ་པ། ཆུའི་ཐོན་ཁུངས་གསར་སྤེལ།

དོན་ཚན་ཞེ་བཞི་པ། རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་གསར་སྤེལ་བྱེད་པའི་ཚེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གཅིག་གྱུར་འཆར་འགོད་བྱ་དགོས་ཤིང་། ཕྱོགས་བསྡུས་བེད་སྤྱོད་དང་ལུགས་མཐུན་གསར་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཆུ་རྒྱུད་ཀྱི་སྐྱེ་ཁམས་དང་ཁོར་ཡུག་གི་གནས་བབ་སྲུང་སྐྱོང་དང་ལེགས་བཅོས་བྱས་ཏེ་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་དགོས།

རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ལག་བསྟར་ནན་པོར་བྱ་དགོས། ཆུའི་ཐོན་ཚད་བསྡོམས་འབོར་ཚོད་འཛིན་དང་ཆུ་སྤྱོད་གོ་ཆོད་ཚད་ཚོད་འཛིན། ཆུའི་བྱེད་ནུས་ཁུལ་དུ་སྦགས་བཙོག་ཚོད་འཛིན། ཆུའི་ཐོན་ཁུངས་ཀྱི་དོ་དམ་འགན་འཁྲི་དང་དཔྱད་ཞིབ་བཅས་ཀྱི་ལམ་ལུགས་འཛུགས་དགོས།

དོན་ཚན་ཞེ་ལྔ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་གཤམ་གྱི་བྱེད་ཐབས་སྤྱད་དེ་ས་འོག་གི་ཆུའི་ཐོན་ཁུངས་གསར་སྦོལ་དང་དོ་དམ་ཚད་ལྡན་ནན་པོར་བྱ་དགོས།

(གཅིག)ས་འོག་གི་ཆུ་ལེན་ཚད་ལས་བརྒལ་བའི་ས་ཁུལ་དུ་གསར་སྦོལ་ཚོད་འཛིན་ནན་པོར་བྱ་དགོས་ཤིང་། ཆུ་ལེན་ཚད་ལས་ཚབས་ཆེན་བརྒལ་བའི་ས་ཁུལ་དུ་ས་འོག་གི་ཆུ་གསར་སྦོལ་བྱེད་མི་ཆོག་པའི་ཁུལ་དང་ཡང་ན་བཀག་སྡོམ་གསར་སྦོལ་ཁུལ་ཁྲིམས་ལྟར་དབྱེ་འབྱེད་བྱ་དགོས།

(གཉིས།)གྲོང་ཁྱེར་གྱི་ཆུ་འདྲེན་སྦུ་གུ་གང་སར་ཁེབས་པའི་ཁྱབ་ཁོངས་ནང་དུ་རང་གིས་བཟོས་པའི་ཆུ་ཁྲོན་ཁྲིམས་ལྟར་ཁ་གཅད་དགོས།

(གསུམ།)གྲོང་ཁྱེར་གྱི་འཚོ་བའི་འཐུང་ཆུ་དང་བཟོ་ལས་ཀྱི་སྤྱོད་ཆུའི་ཆུ་འདྲེན་སྦུག་ལམ་བཟོ་བཅོས་བྱེད་པའི་ཚེ། འཚོ་བའི་སྤྱོད་ཆུ་དང་བཟོ་ལས་སྤྱོད་ཆུ། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱེད་པའི་སྤྱོད་ཆུ། ཆུ་ལམ་གྱི་སྐྱེ་ཁམས་སྤྱོད་ཆུ་སོགས་ས་ངོས་ཀྱི་ཆུ་སྤྱོད་པའི་འཆར་འགོད་གཏན་འབེབས་བྱེད་པར་མ་ཟད་རིམ་བཞིན་ལག་ལེན་གཏང་དགོས།

ས་འོག་གི་ཆུ་ཚན་དང་གཏེར་ཆུའི་ཐོན་ཁུངས་གསར་སྤེལ་བྱ་སྤྱོད་ཚད་ལྡན་བྱེད་ཅིང་། ཚན་རིག་དང་མཐུན་པའི་བཀོད་པ་དང་བེད་སྤྱོད་ལུགས་མཐུན་བྱས་ཏེ་གོ་རིམ་མེད་པའི་གསར་སྤེལ་བྱ་རྒྱུ་སྔོན་འགོག་བྱ་དགོས། ས་འོག་གི་ཆུ་ཚན་དང་གཏེར་ཆུ་གསར་སྤེལ་བྱེད་པའི་ཚེ་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་སྤྲད་དགོས། གསར་འདོན་གྱིས་འཚོལ་ཞིབ་ཀྱི་ཚབ་བྱེད་པ་དང་བཀའ་འཁྲོལ་གྱི་ཁྱབ་ཁོངས་ལས་བརྒལ་ནས་གསར་འདོན་བྱེད་མི་ཆོག

དོན་ཚན་ཞེ་དྲུག་པ། འཛུགས་སྐྲུན་སྡེ་ཚན་གྱིས་ས་ཆུ་ཤོར་སླ་བའི་ས་ཁོངས་སུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བའི་ཚེ་ས་ཆུ་སྲུང་འཛིན་གྱི་འཆར་འགོད་སྒྲིག་བཟོ་བྱ་དགོས། ཁྲིམས་འབེབས་ཀྱི་གོ་རིམ་ལྟར་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་འཐོབ་དགོས། ས་ཆུ་སྲུང་འཛིན་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་དོན་འཁྱོལ་ནན་པོར་བྱས་ཏེ་ས་ཆུ་ཤོར་ཚད་ཇེ་ཉུང་དུ་གཏང་དགོས།

ས་ཆུ་སྲུང་འཛིན་གྱི་འཆར་འགོད་ཁྲོད་དུ་ས་ཆུ་ཤོར་བའི་སྔོན་འགོག་བྱེད་ཐབས་དང་བཅོས་སྐྱོང་གི་ཁྱབ་ཁོངས། དམིགས་འབེན། བྱེད་ཐབས་གཙོ་བོ། མ་དངུལ་འཇོག་ལུགས་སོགས་ཀྱི་ནང་དོན་འདུ་དགོས།

དོན་ཚན་ཞེ་བདུན་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བའི་དགོས་མཁོར་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་མངའ་ཁོངས་ནང་གི་ཆུའི་ཐོན་ཁུངས་གསར་སྤེལ་འཆར་འགོད་དང་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་སྙན་སེང་སྒྲིག་བཟོ་དང་དག་བཅོས་བྱ་དགོས།

ས་གཤིས་གནོད་འཚེ་ཡོད་པའི་ཉེན་ཡོད་ས་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ། སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན། དེ་མིན་དམིགས་བསལ་གྱི་སྲུང་སྐྱོང་རིན་ཐང་ཡོད་པའི་ས་ཁུལ་དུ་ཆུའི་ཐོན་ཁུངས་གསར་སྤེལ་བྱེད་མི་ཆོག  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་དབང་ཚད་ལ་བརྟེན་ནས་གསར་སྤེལ་བྱེད་མི་ཆོག་པའི་ཆུ་རྒྱུད་དང་ཆུ་ཁོངས་གཏན་འཁེལ་ཁྱབ་བསྒྲགས་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ཁུལ་གྱི་ཆུ་བེད་ཆུ་གློག་གསར་སྤེལ་འཛུགས་སྐྲུན་ལས་གཞི་སྤེལ་བའི་ཚེ་གཙང་པོའི་བཞུར་རྒྱུན་ལུགས་དང་མཐུན་ཞིང་མཚེའུ་དང་ཆུ་མཛོད། ས་འོག་གི་ཆུའི་ལུགས་མཐུན་ཆུ་ཚད་སྲུང་འཛིན་བྱས་ཏེ་མ་མཐའི་སྐྱེ་ཁམས་སྤྱོད་ཆུ་འདང་བ་འགན་སྲུང་དང་ཆུའི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་བྱ་དགོས།

ཆུ་གློག་ཨར་ལས་ཤུགས་རྐྱེན་ཐེབས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་གི་འགན་འཁྲི་གཙོ་བོ་འཁུར་མཁན་ནི་ཆུ་གློག་གསར་སྤེལ་ཁེ་ལས་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ཉམས་གསོའི་འོས་འགན་དང་འགན་འཁྲི་ཡོད་པ་རེད།

ཆུ་གློག་གསར་སྤེལ་ལས་གཞི་གསར་འཛུགས་དང་རྒྱས་སྐྲུན། བསྒྱུར་སྐྲུན་བཅས་བྱེད་པའི་ཁྲོད་དུ་བྱུང་བའི་ས་རྡོ་བྱེ་གསུམ་དང་། དེ་མིན་གྱི་བེད་མེད་དངོས་རོ་རྣམས་ངེས་པར་དུ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་བླང་བྱ་ལྟར་དམིགས་འཛུགས་ས་གནས་སུ་གསོག་འཇོག་བྱེད་དགོས་པ་ལས་དམིགས་འཛུགས་ས་གནས་མིན་པའི་ས་གནས་གཞན་དག་ཏུ་བླུག་མི་ཆོག ལས་གཞིའི་ཨར་ལས་མཇུག་འགྲིལ་རྗེས་ས་ལེན་ཡུལ་དང་ས་རྐོ་མལ། ས་རྡོ་བྱེ་གསུམ་སྤུངས་འཇོག་བྱས་པའི་ས་རྗེན་བཅས་སུ་ངེས་པར་དུ་སྔོ་ཁེབས་སླར་གསོ་བྱས་ཏེ་ས་ཆུ་ཤོར་བར་སྔོན་འགོག་བྱ་དགོས།

ཚན་པ་དྲུག་པ། གཏེར་རྫས་ཐོན་ཁུངས་གསར་སྤེལ།

དོན་ཚན་ཞེ་དགུ་པ། གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱེད་ཚེ་དམིགས་སུ་བཀར་ནས་སྲུང་སྐྱོང་དང་ཚན་རིག་དང་མཐུན་པའི་འཆར་འགོད། དོ་དམ་ནན་པོ། གོ་རིམ་ཡོད་པའི་གསར་སྤེལ། ཐོན་ཁུངས་བསྲི་ཚགས། ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཤིང་། ཐོན་ཁུངས་གསར་སྤེལ་གྱི་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་དགོས། གཤམ་གྱི་ས་ཁོངས་སུ་གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱེད་པ་ཁྲིམས་ལྟར་བཀག་སྡོམ་བྱ་དགོས།

(གཅིག)སྐྱེ་ཁམས་ཁོར་ཡུག་ལ་ཉམས་གསོ་མི་ཐུབ་པའི་ཤུགས་རྐྱེན་ཐེབས་ཡོད་པར།

(གཉིས།)མི་མངོན་པའི་ཉེན་ཁ་ཡོད་ཅིང་འགོག་བཅོས་བྱེད་དཀའ་བའི་གཏེར་རིའི་ས་ཁོངས་སུ།

(གསུམ།)རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་(གྲོང་ཁྱེར)བཅས་ཀྱིས་དབྱེ་མཚམས་བགོས་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་གྲགས་ཅན་ཁུལ། འཐུང་ཆུའི་ཆུ་ཕུགས་སྲུང་སྐྱོང་ཁུལ། ནགས་ཚལ་གླིང་ག། ས་གཤིས་གླིང་ག། རང་བྱུང་གནས་ཤུལ་ས་ཁུལ། རྒྱལ་ཁབ་ཀྱིས་སྲུང་སྐྱོང་གཙོ་བོར་བྱེད་པའི་སྤོ་སྒུལ་མི་རུང་བའི་ལོ་རྒྱུས་རིག་རྫས་དང་གནའ་ཤུལ་གྲགས་ཅན་ཡོད་སར།

(བཞི།)གྲོང་ཁྱེར་འཆར་འགོད་ཁུལ་དང་འགྲིམ་འགྲུལ་མ་ལམ་གལ་ཆེན་ངོགས་གཉིས་ཀྱི་མཐོང་རྒྱའི་ཁྱབ་ཁོངས། ཆུ་ཕུགས་གསོ་འཁྱོངས་བྱེད་གནས་གལ་ཆེན་དང་བར་ཐག་སྨི་ཉིས་བརྒྱ་ནང་ཚུད་དུ།

(ལྔ།)ཨར་ལས་སྒྲིག་ཆས་དང་ཆུ་བེད་སྒྲིག་ཆས། གློག་ཤུགས་འཕྲིན་གཏོང་སྒྲིག་ཆས་ཀྱི་སྲུང་སྐྱོང་ཁྱབ་ཁོངས་སུ།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་གཏེར་ཁ་འདོན་མི་ཆོག་པའི་ས་ཁོངས་གཞན་དག

དོན་ཚན་ལྔ་བཅུ་པ། གཏེར་རྫས་ཐོན་ཁུངས་གསར་སྤེལ་ལས་ཁུངས་ཀྱིས་སྔོན་ཐོན་བཟོ་རྩལ་དང་སྒྲིག་ཆས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་ཐེབས་ཚད་ཇེ་ཉུང་དུ་གཏང་དགོས།

གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱེད་པའི་ཁྲོད་དུ་གཏེར་རི་ཁེ་ལས་ཀྱིས་ངེས་པར་དུ་བསྲི་ཚགས་དང་ལེགས་བསྡུས་ཞིབ་གཉེར་གྱིས་གཏེར་རྫས་ཐོན་ཁུངས་བེད་སྤྱོད་གཏོང་བ་དང་། ལྷད་མེད་རྩད་ཞིབ་དང་ལྷད་མེད་གཏེར་རི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གཏེར་རིའི་ས་གཤིས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་ཁག་ལག་ལེན་ནན་པོར་བྱེད་པ་དང་། གཏེར་རིའི་ས་གཤིས་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བཅོས་སྐྱོང་བྱ་དགོས།

དོན་ཚན་ང་གཅིག་པ། གཏེར་ལས་ཐོན་ཁུངས་གསར་སྤེལ་བྱེད་མཁན་གྱི་ལས་ཁུངས་དང་མི་སྒེར་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་བྱ་དགོས་པར་མ་ཟད། བླང་བྱ་ལྟར་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་འཆར་གཞི་སྒྲིག་བཟོ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་འཐོབ་རྗེས་ལག་ལེན་བྱེད་ཆོག གཏེར་རྫས་གསར་སྤེལ་ཁེ་ལས་ཀྱི་ལས་གཞི་གྲུབ་རྗེས་ཁྲིམས་ལྟར་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གཞུག་མའི་དཔྱད་དཔོག་བྱ་དགོས།

གཏེར་ལས་ཐོན་ཁུངས་གསར་སྤེལ་བྱས་པའི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་དང་ས་གཤིས་ལ་གནོད་འཚེ་བཟོས་པ་ཡིན་ན། གསར་སྤེལ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་དང་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་དགོས།

ཚན་པ་གསུམ་པ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ།

དོན་ཚན་ང་གཉིས་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་ཡུལ་སྐོར་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ། བེད་སྤྱོད། སྡེབ་སྒྲིག་བཅས་བྱེད་པར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་འགན་འཁུར་དགོས། ཁྲིམས་ལྟར་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་སྒོ་སྤེལ་མཁན་གྱི་སྤྱི་འབངས་དང་ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་ལ་འབྲེལ་ཡོད་ཀྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིད་སྟོན་ལས་ཀ་ཡག་པོ་བསྒྲུབ་དགོས།

དོན་ཚན་ང་གསུམ་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་སྲིད་འཛིན་མངའ་ཁོངས་ནང་གི་ཡུལ་སྐོར་གྲོང་རྡལ་དང་། ཡུལ་སྐོར་ལྗོངས་ཁུལ།(ལྗོངས་གནས)གྲོང་ཡུལ་གྱི་ཡུལ་སྐོར་ཚོང་གཉེར་གཅིག་བསྡུས་ཁུལ་གཙོ་བོ་བཅས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་པའི་འཕྲོད་བསྟེན་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

ཡུལ་སྐོར་ལྗོངས་ཁུལ(ལྗོངས་གནས)་དུ་དམིགས་སུ་བཀར་ནས་གློག་ནུས་དང་ཉི་ནུས། རླུང་ནུས། གཤེར་རླངས་སོགས་ནུས་ཁུངས་གཙང་མ་སྤྱད་རྒྱུ་བདམ་དགོས། ཡུལ་སྐོར་ལྟ་སྐོར་རླངས་འཁོར་དང་ཞབས་ཞུ་སྒྲིག་ཆས་གཞན་དག་ཀྱང་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དང་མཐུན་དགོས།

ཡུལ་སྐོར་ལྗོངས་ཁུལ་དང་(ལྗོངས་གནས)གྲོང་ཡུལ་གྱི་ཡུལ་སྐོར་ཚོང་གཉེར་གཅིག་བསྡུས་ཁུལ་དུ་འཚོ་བའི་ཆུ་སྙིགས་དང་དུ་རྡུལ།  འཚོ་བའི་གད་སྙིགས་བཅས་གཙང་སེལ་བྱ་དགོས་པ་ལས་ཆུ་སྙིགས་གང་མོས་གཏོང་བ་དང་། འཚོ་བའི་གད་སྙིགས་སྐྱུར་འཇོག་དང་གསོག་འཇོག་བྱེད་མི་ཆོག

དོན་ཚན་ང་བཞི་པ། ཡུལ་སྐོར་ལྗོངས་ཁུལ་དང་ལྗོངས་གནས་ཀྱི་བཀོད་པ་ཚན་རིག་དང་མཐུན་དགོས་ཤིང་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་དངང་མཐུན་ཐབས་བྱ་དགོས།

ལས་ཁུངས་གང་ཡང་རུང་བ་དང་མི་སུ་ཡང་རུང་བས་འཆར་འགོད་དང་འགལ་ནས་ཡུལ་སྐོར་འཛུགས་སྐྲུན་དང་སྒྲིག་ཆས་གང་མོས་བསྐྲུན་མི་ཆོག་ཅིང་། ནགས་རི་གཏོར་བརླག་གཏོང་བ་དང་ནགས་ས་གང་མོས་བཟུང་བ། སྦགས་བཙོག་དངོས་རྫས་གཏོང་འབུད་བྱེད་པ་སོགས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་ཐེབས་པའི་བྱ་སྤྱོད་སྤེལ་མི་ཆོག མགྲོན་ཁང་དང་ཟ་ཁང་། གསོ་སྦྱོང་ལྟེ་གནས། གྲོང་སྡེའི་ཡུལ་སྐོར་སོགས་ཚོང་གཉེར་བྱེད་ཡུལ་གྱིས་ཁྲིམས་འགལ་གྱིས་ནགས་ཤིང་གཅོད་མི་ཆོག

དོན་ཚན་ང་ལྔ་པ། ཡུལ་སྐོར་ལྗོངས་ཁུལ་གྱིས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་འབེབས་བྱས་པའི་ཡུལ་སྐོར་མི་གྲངས་ཀྱི་ཆེས་ཆེ་བའི་ཐེག་ཚད་ཁྱབ་བསྒྲགས་བྱ་དགོས་ཤིང་། ཡུལ་སྐོར་བའི་ཡོང་ཚད་ཚོད་འཛིན་འཆར་གཞི་བཟོས་ནས་ལག་ལེན་བྱེད་པ་དང་སྣེ་ལེན་བྱས་པའི་འགྲུལ་པ་གཙོ་གཉེར་སྡེ་ཚན་གྱིས་ཞིབ་འབེབས་བྱས་པའི་ཆེས་ཆེ་བའི་ཐེག་ཚད་ལས་བརྒལ་མི་ཆོག

ལེའུ་ལྔ་པ། སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་།

དོན་ཚན་ང་དྲུག་པ། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གིས་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་འཆར་འགོད་ལྟར་ས་ཞིང་བྱེར་འགྱུར་ཁུལ་དང་། འདམ་ར་ཉམས་ཞན་ཁུལ། ས་ཆུ་ཤོར་ཚད་ཚབས་ཆེན་ས་ཁུལ། ཐན་སྐྱོན་ཆེ་བའི་རོང་ཁུལ་གྱི་སྔོ་ཁེབས་ཞན་འགྱུར་ཁུལ་བཅས་ལ་ནགས་རི་སྲུང་སྐྱོང་དང་། རྨོས་འདོར་ནགས་སྤེལ་དང་རྩྭ་གསོ། འབྲོག་འདོར་རྩྭ་གསོ། ཐན་སྐྱོན་ཡོད་པའི་རོང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། འདམ་ར་ཉམས་གསོ། ས་ཆུ་སྲུང་འཛིན་སོགས་ཀྱི་ཨར་ལས་སྤེལ་དགོས།

དོན་ཚན་ང་བདུན་པ། སྐྱེ་ཁམས་ཉམས་གསོ་ཨར་ལས་སྤེལ་བའི་ཚེ་ནགས་ཚལ་གཉེར་སྐྱོང་དང་ནགས་བཟོ། རི་རྒྱ་བསྡོམས་ནས་ནགས་རི་གསོ་བ། རྨོས་འདོར་ནགས་གསོ་དང་རྩྭ་གསོ། ཕྱུགས་རྒྱ་སྡོམ་པ། དབྱར་མཚེར་དགུན་མཚེར་བགོ་བ། རྩྭ་སའི་བྱི་འབུ་བཅོས་སྐྱོང་། རྩྭ་ཐང་སོན་གསབ། མི་བཟོས་སྤང་ཐང་བཟོ་བ་སོགས་སྐྱེ་ཁམས་ཉམས་གསོ་ཨར་ལས་ཀྱི་ལག་རྩལ་སྒྲིག་སྲོལ་ལག་ལེན་ནན་པོར་བྱ་དགོས་ཤིང་། སྐྱེ་ཁམས་ཉམས་གསོ་དག་བཅོས་དང་སྐྱེ་ཁམས་བཅོས་སྐྱོང་ཉམས་གསོའི་ལག་རྩལ་ཚད་གཞི་བཟོ་དགོས།

དོན་ཚན་ང་བརྒྱད་པ། ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་ཐེབས་པ་ཡིན་ན། གསར་སྤེལ་བྱེད་མཁན་གྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་དཔྱད་དཔོག་གི་བླང་བྱ་ལྟར་རང་གིས་ཉམས་གསོ་དང་བཅོས་སྐྱོང་བྱ་དགོས།

རྩྭ་ཐང་གི་སྔོ་ཁེབས་ཉམས་གསོའི་མ་དངུལ་ལམ་ལུགས་དོན་འཁྱོལ་ནན་པོར་བྱ་དགོས། རྩྭ་ཐང་གཞུང་སྤྱོད་དང་བཟུང་སྤྱོད་བྱེད་མཁན་གྱི་གསར་སྤེལ་འཛུགས་སྐྲུན་ལས་གཞིའི་དོ་བདག་གིས་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཁྲིམས་ལྟར་རྩྭ་ཐང་གི་སྔོ་ཁེབས་ཉམས་གསོའི་འགྲོ་གྲོན་སྤྲད་དགོས།

གཏེར་རིའི་ཁོར་ཡུག་བཅོས་སྐྱོང་ཉམས་གསོའི་འབའ་དངུལ་ལམ་ལུགས་དོན་འཁྱོལ་ནན་པོར་བྱ་དགོས། གཏེར་རྫས་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་ལས་གཞིའི་དོ་བདག་གིས་གཏེར་རྫས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཁྲིམས་ལྟར་གཏེར་རིའི་ཁོར་ཡུག་ཉམས་གསོ་བཅོས་སྐྱོང་གི་འབའ་དངུལ་སྤྲད་དགོས།


             ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་ང་དགུ་པ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་དུ་ཆད་གཅོད་ཀྱི་གཏན་འབེབས་ཡོད་པ་ཡིན་ན། དེའི་གཏན་འབེབས་ལྟར་བྱ་རྒྱུ།

དོན་ཚན་དྲུག་ཅུ་པ། སྲོལ་ཡིག་འདི་དང་འགལ་ཞིང་འོག་གི་བྱ་སྤྱོད་ནང་གི་གཅིག་ཡོད་པ་ཡིན་ན། རང་སྐྱོང་ཁུལ་དང་། རྫོང་དང﹙གྲོང་ཁྱེར་﹚མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྲིད་འཛིན་ཁྲིམས་འཛིན་སྡེ་ཁག་གིས་ཁྲིམས་ལྟར་ཆད་གཅོད་བྱ་དགོས་པ་སྟེ།

(གཅིག) གཙང་པོའི་ཆུ་ཕུགས་གསོ་འཁྱོངས་ཁུལ་དང་། ས་ཆུ་སྲུང་འཛིན་ཁུལ། སྐྱེ་ཁམས་ཉམས་ཞན་ཁུལ། མི་བཟོས་སྤང་ལྗོངས་སྲུང་སྐྱོང་ཁུལ་བཅས་སུ་ཤིང་གང་མོས་བཅད་པ་དང་། རྐོ་སྔོག་གང་མོས་བྱས་པའམ། རང་མོས་ཀྱིས་བདག་འཛིན་བྱས་པ། སྤང་ལྗོངས་ལ་གཏོར་བཤིག་བཏང་བ་དང་དེ་མིན་བྱེད་ཐབས་གཞན་ལ་བརྟེན་ནས་སྔོ་ཁེབས་གཏོར་བཤིག་བཏང་བའི་བྱ་སྤྱོད་ཡོད་པར།

(གཉིས།)ནགས་རི་རྩྭ་ཐང་དུ་ཁྲིམས་དང་འགལ་བའི་འཛུགས་སྐྲུན་བྱས་པའམ་བྱེ་རྡོ་དང་གཏེར་ཁ། ས། སྤང་ཐང་སོགས་གང་མོས་བརྐོས་ནས་གཏོར་བཤིག་བཏང་ཡོད་པར།

(གསུམ།)རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཁུལ་གཙོ་བོ་དང་བར་བཅད་ས་ཁུལ་དུ་ཐོན་སྐྱེད་སྒྲིག་ཆས་བསྐྲུན་པ་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་ཐོན་སྐྱེད་བདག་གཉེར་བྱེད་སྒོ་སྤེལ་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚོད་ལྟ་ས་ཁུལ་དུ་ཁོར་ཡུག་ལ་སྦགས་བཙོག་ཐེབས་པ་དང་ཐོན་ཁུངས་དང་མཛེས་ལྗོངས་ལ་གཏོར་བཤིག་བཏང་བ། དེ་མིན་ཆུ་བྱའི་རིགས་རྩ་ཆེན་སོགས་སྲོག་ཆགས་ཀྱི་རིགས་འཚོ་གནས་རྒྱུད་སྤེལ་བྱེད་ཡུལ་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ཡོད་པ་ལ།

(བཞི།)ཉ་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་ཆོག་མཆན་ཐོབ་མེད་པའི་ཆུ་གནས་སྲོག་ཆགས་ཀྱི་རིགས་བཏང་བ་དང་། ཉ་ལས་ཐོན་ཁུངས་ལ་གཏོར་བཤིག་ཐེབས་པའི་ཐབས་བཀོལ་ནས་ཆུ་གནས་སྲོག་ཆགས་འཛིན་བཟུང་བྱས་པའི་བྱ་སྤྱོད་ཡོད་པ་ལ།

(ལྔ།)ཞིང་དང་ཆུར་སྲ་གཟུགས་ཅན་གྱི་གད་སྙིགས་དངོས་པོ་ དང་། ཡང་ན་དུག་ཡོད་གནོད་ཡོད་ཀྱི་དངོས་རྫས་གཞན་དག་བླུགས་པ་དང་འཕངས་པ། སྤུངས་གསོག་བརྒྱབ་པ་དང་། རྒྱལ་ཁབ་ཀྱིས་བཀའ་རྒྱ་བསྒྲགས་ནས་ཐོན་སྐྱེད་བྱེད་མི་ཆོག་པའམ་ཐོ་ཁོངས་ནས་བསུབས་པའི་ཞིང་སྨན་དང་། བྱི་འབུ་གསོད་སྨན་ཚོང་གཉེར་དང་བེད་སྤྱོད་བྱས་ཏེ་ས་དང་ཞིང་ལས་ཐོན་རྫས་ལ་སྦགས་བཙོག་བཟོས་པའི་བྱ་སྤྱོད་ཡོད་པ་ལ།

(དྲུག)ཨར་ལས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་དུ་གས་རྫས་གང་མོས་སྤར་བ་དང་། གང་མོས་རྐོ་བ། གང་མོས་འཕེན་པ་དང་། ཆུ་དང་མཚེའུ། ཆུ་མཛོད། ནགས་ས་བཅས་སུ་བྱེ་རྡོ་དང་འཛུགས་སྐྲུན་དངོས་རྫས། བཟོ་ལས་སོགས་ཀྱི་བེད་མེད་དངོས་རྫས་བླུགས་ཏེ་ཆུ་རྩྭ་དང་ནགས་རྩྭའི་སྔོ་ཁེབས་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ཡོད་པ་ལ།

(བདུན།)རང་བྱུང་གི་གནས་ཤུལ་ས་ཁུལ་དང་། རང་བྱུང་སྲུང་སྐྱོང་ཁུལ། ནགས་རི་གླིང་ག  རྒྱལ་ཁབ་ཀྱི་མཛེས་ལྗོངས་གྲགས་ཅན་ཁུལ། ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ། ཡུལ་སྐོར་གྲོང་རྡལ་དང་གྲོང་སྡེ་གཙོ་བོ་བཅས་སུ་འབྲེལ་ཡོད་ཀྱི་འཆར་འགོད་དང་འགལ་ནས་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་བྱ་སྤྱོད་ཡོད་པ་ལ།

(བརྒྱད།)ཆུ་གློག་གི་ལས་གཞི་གསར་འཛུགས་དང་རྒྱས་སྐྲུན།  བསྒྱུར་སྐྲུན་བཅས་བྱེད་པའི་ཁྲོད་དུ་བྱུང་བའི་ས་རྡོ་བྱེ་གསུམ་དང་དེ་མིན་གྱི་བེད་མེད་དངོས་པོ་དམིགས་འཛུགས་འཕོ་ས་ལས་བརྒལ་ནས་ས་གནས་གཞན་དུ་བླུགས་པའི་བྱ་སྤྱོད་ཡོད་པ་ལ།

 དོན་ཚན་རེ་གཅིག་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་དེའི་ལས་སྒྲུབ་མི་སྣས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་ལས་ཀ་སྒྲུབ་པའི་ཚེ་དབང་ཆ་གང་མོས་སྤྱད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་ཡིན་ན། འགན་ཐད་ཀར་འཁུར་དགོས་པའི་གཙོ་གཉེར་མི་སྣ་དང་དེ་མིན་ཁག་འགན་དངོས་སུ་འཁུར་མཁན་ལ་སྲིད་འཛིན་གྱི་ཆད་གཅོད་བྱ་དགོས།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་རེ་གཉིས་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདིར་གཞིགས་ནས་ལག་ལེན་བྱེད་ཐབས་གཏན་འབེབས་བྱ་དགོས།

དོན་ཚན་རེ་གསུམ་པ། སྲོལ་ཡིག་འདི༢༠༡༨ལོའི་ཟླ་བ༢པའི་ཚེས༡ཉིན་ནས་ལག་བསྟར་བྱ་རྒྱུ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཁྲིམས་སྐྱོང་གི་བཀྲག་མདངས་འཚེར་ས་ཆེན་པོ་བཅུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།