རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།

བསེ་རུ།        2019-01-16

   ༼  གསལ་བཤད། རྩོམ་པ་པོ་དོན་གྲུབ་རྒྱལ་གང་དེས་བརྩམས་པར་མཛད་པའི་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་གྱི་ལེའུ་སོ་སོའི་ནང་དོན་ཅུང་ཟད་གོ་བདེ་རྟོགས་སླ་ཡོང་ཕྱིར་དམིགས་ཏེ་རགས་ཟིན་འདི་བཀོད་པའོ།། ༽


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།

སྔོན་འགྲོ

   བོད་སྤྱི་ཡོངས་ཀྱི་ཁོར་ཡུག་ངོ་སྤྲོད་དང་གནམ་གཤིས་འགྱུར་ལྡོག  དུས་རབས་གསར་པའི་སྤྱི་ཚོགས་ཡར་རྒྱས་ཀྱི་རྣམ་པ་དེང་རབས་ཅན་དུ་འཕོ་འགྱུར་ཤུགས་ཆེ་བྱུང་ཡོད་ཀྱང་། བོད་རིགས་གཞོན་སྐྱེས་གང་མང་ཞིག་རང་མགོ་རང་གིས་གཡོག་བཞིན་དུས་རབས་གསར་པའི་གོ་སྐབས་བཟང་པོ་རྣམས་བེད་སྤྱོད་མ་བཏང་བར་ཉིན་མཚན་དབྱེར་མེད་ཚུལ་མིན་གྱི་བྱ་བས་དུས་འདའ་བཞིན་ཡོད་པ་བསྟན་ཏེ། རྩོམ་པ་པོ་རང་ཉིད་ཀྱིས་དེའི་ཐོག་ཅུང་ཟད་ཕན་དུ་རེ་ནས་བོད་གངས་ཅན་གྱི་གཞོན་ནུ་རྣམས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་ལ་ཐོས་བསམ་སློབ་གཉེར་བྱ་དགོས་པའི་ལམ་སྟོན་བསླབ་བྱ་རྒྱལ་སྲིད་སྣ་བདུན་དང་སྦྱར་ཏེ་རྒྱག་པའི་སྤྲོ་བ་བརྟས་པའི་ཚུལ་སྨྲས་ཡོད།


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   དང་པོ། འཁོར་ལོ་རིན་པོ་ཆེ།

   སྤྱིར་འཇིག་རྟེན་གྱི་སྣང་ཚུལ་ལྟར་འཁོར་ལོ་རིན་པོ་ཆེ་ཕྱོགས་གཞན་ནས་གཞོན་ནུའི་ཉེ་འགྲམ་དུ་སླེབས་ཏེ། གཞོན་ནུ་ལེ་ལོ་ཅན་ལ་གཏམ་གླེང་བྱེད་ཚུལ་བསྟན་ཡོད་ཅིང་། གཏམ་གླེང་ནང་། འཁོར་ལོ་རིན་པོ་ཆེས་རང་ཉིད་རིན་ཆེན་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་ཡོད་པ་དང་། དུས་ཀྱི་རྒྱལ་པོས་མངགས་པའི་ཕོ་ཉ་ཡིན་པ།རང་ཉིད་ཀྱི་བྱེད་ལས་དང་ནུས་པ། རིན་ཐང་སུས་ཀྱང་འཇལ་དུ་མེད་པ། སྔར་ནས་ད་བར་མཁས་པ་དང་མཁས་པའི་གསུང་རྩོམ་སྣ་ཚོགས་དང་མཇལ་ཚུལ། ད་ལྟ་གཞོན་ནུ་ལེ་ལོ་ཅན་ཡིད་སེམས་སྐྱོ་གདུང་གིས་མནར་ཚུལ། མ་འོངས་པར་མཁས་བླུན་གཉིས་ཀར་སྐུལ་ལྕག་བྱེད་དོན། དུས་ཚོད་ཀྱི་རིན་ཐང་དང་། དུས་ཚོད་དགེ་སྐྱོན་གླེང་སྟེ། རང་ཉིད་ཀྱིས་རང་ཉིད་ངོ་སྤྲོད་བྱས་པ་དང་ལྷན་དུ་གཞོན་ནུ་ལེ་ལོ་ཅན་ལ་དུས་ཚོད་དམ་འཛིན་གྱིས་སྣ་ཚོགས་ཤེས་བྱ་རིག་པའི་གནད་ལ་འབད་དགོས་པའི་སྐུལ་མ་བྱས་ཡོད།

   དེ་ནས་གཞོན་ནུ་ལེ་ལོ་ཅན་གྱིས་རང་ཉིད་གྲུབ་ཐོབ་ཞིག་ཡིན་པའི་ཟོལ་གྱིས། བཅུ་ཕྲག་རིག་པའི་གནས་ཀྱི་དགྲ་བོ་ངོ་མ་སྟེ། ལེ་ལོ་དང་རྣམ་གཡེང་། སྒྱིད་ལུགཉོན་མོངས།གཡོ་སྒྱུ།ཕྲག་དོག སྐུར་འདེབས། འདུ་འཛི། བག་ཡེངས། རྫུན་དང་ཕྲ་མ་སོགས་ནི་གཞོན་ནུའི་ལང་ཚོའི་མཛེས་སྡུག་ངོ་མ་དེ་ཡིན་པར་གླེང་ཞིང་། འཁོར་ལོ་རིན་པོ་ཆེས་དུས་ཀྱི་འཁོར་ལོ་རང་ཉིད་ཀྱི་རིན་ཐང་དང་། འདས་དང་ད་ལྟ། མ་འོངས་པའི་ལོ་རྒྱུས་གང་བཤད་པ་རྣམས་ལ་མི་འདོད་པའི་ཚིག་ཟུར་སྐད་སྐད་སྐད་ཅེས་ཡིད་མ་རངས་པའི་ཚིག་སྨྲས་ཏེ། དེར་ལྡོག་ཕྱོགས་ཀྱི་ལན་འདེབས་བྱས་ཡོད་དེ།དུས་ཀྱི་འཁོར་ལོ་རིན་པོ་ཆེ་དང་། དེ་ལ་བརྟེན་ནས་བྱུང་བའི་ཡོན་ཏན་ཡོད་དོ་ཅོག  གོང་འཁོད་དགྲ་བོ་རྣམས་ལ་སྐྱབས་བཅོལ་དྲགས་པས་བརྗེད་དེ་ཐལ་ཐལ་ཐལ་ཞེས་རང་ཉིད་ཀྱི་ཡོན་ཏན་ལྟ་བུར་ངོས་བཟུང་སྟེ་རང་གི་སྐྱོན་མཚང་རྗེན་པར་ངོམ་ཚུལ་བསྟན།

   དེ་ནས་འཁོར་ལོ་རིན་པོ་ཆེའི་ལམ་སྟོན་བསླབ་བྱར་ད་དུང་ལོག་འགྲེལ་བྱས་ཏེ། ཚེ་ཐུང་འདིར་སྐྱིད་རྒྱགས་དང་།རྒྱུ་ནོར་ལོངས་སྤྱོད་དོན་དུ་གཉེར་བ། གང་འདོད་འདོད་ཀྱི་བྱ་བས་དུས་འདའ་བ་སོགས་མ་བྱས་ན། མི་ཚེ་དོན་མེད་ཆུད་ཟོས་དང་། མི་ལུས་རིན་ཆེན་སྟོང་ཟད་ཡིན་པའི་སྐོར་གླེང་སྟབས། འཁོར་ལོ་རིན་ཆེན་ལེ་ལོ་ཅན་ལ་ཡིད་སུན་ཏེ། མི་ཉན་པ་ཁ་ཏ་བྱེད་པ་དེ།། ཀོ་བ་སྐམ་པོ་ལག་པས་མཉེད་པ་འདྲ།། ཞེས་པའི་དཔེ་ལྟར་བཤད་ནས་མ་ཉན་ན་ཐབས་ཤེས་མི་འདུག་སྙམ་སྟེ་རྒྱང་རིང་དུ་སོང་། འདིའི་སྐབས་ལེ་ལོ་ཅན་གྱི་རང་གཤིས་ངོ་མ་དེ་གང་འདྲ་ཞིག་ཡོད་མེད་གསལ་པོར་བསྟན་ཡོད། འཁོར་ལོ་རིན་པོ་ཆེ་ནི། དུས་ཚོད་རིན་པོ་ཆེར་གོ་དགོས་ཤིང་། དུས་ཚོད་ནི་འཇིག་རྟེན་གྱི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ནོ།།

 

རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   གཉིས་པ། ནོར་བུ་རིན་པོ་ཆེ།

   འཁོར་ལོ་རིན་པོ་ཆེས་གཞོན་ནུ་ལེ་ལོ་ཅན་ལ་བསླབ་བྱ་ཇི་ཙམ་བརྒྱབས་ཀྱང་མ་ཕན་སྟབས། འཁོར་ལོ་རིན་པོ་ཆེས་ཁོ་དང་ཁ་བྲལ། དེ་ནས་སླར་ཡང་རིན་ཆེན་འབྱུང་གནས་རྒྱ་མཚོའི་ཉེ་འགྲམ་ནས་ནོར་བུ་རིན་པོ་ཆེ་དང་འཕྲད་སྐབས། ཁོང་གིས་མཁས་པའི་བྱ་བ་འཆད་རྩོམ་རྩོམ་གསུམ་མཐར་ཕྱིན་ཞིང་། ཡོན་ཏན་དོན་གཉེར་ཅན་གྱི་གང་ཟག་ལ་ཤེས་རིག་གི་ནོར་བུ་སྩོལ་བཞིན་ཡོད་པ་བསྟན།

   དེ་ནས་ལེ་ལོ་ཅན་ལ་དུས་གསུམ་གྱི་ལོ་རྒྱུས་རྣམས་དྲིས་ཤིང་། གཟིག་པགས་བཀབ་པའི་བོང་བུ་ལྟར་གཡོ་སྒྱུ་ཁྲམ་པའི་བསམ་སྤྱོད་ཀྱིས་འུད་བརྗོད་དང་། མ་ཡིན་ཡིན་མདོག  ཡོན་ཏན་གྱི་རྒྱལ་པོ་ཡིན་ཚུལ་གྱིས་ནོར་བུ་རིན་པོ་ཆེ་བསླུ་སེམས་བཅངས། འོན་ཀྱང་། ནོར་བུ་རིན་པོ་ཆེའི་བསམ་པར། ཁོའི་སྐྱོན་མཚང་ལ་སུན་འབྱིན་མ་བྱས་ན། ཝ་སྐྱེས་རྒྱལ་པོར་བསྐོས་ཏེ་རང་གཞན་གཉིས་ཕུང་གི་མཐའ་འབྲས་ངན་པ་ཡོང་ཉེན་ལ་བསམ་གཞིགས་ཀྱིས། ལེ་ལོ་ཅན་གྱི་རྫུན་ཚིག་སྟག་གཟིག་ནོར་གྱི་རྒྱལ་པོ་ཡིན་ལུགས་ཟེར་བ་སོགས་ཡག་རབས་ལེགས་རབས་འཇོན་རབས་སོགས་རེ་རེ་ནས་སུན་ཕྱུངས་ཏེ། ཁྱོད་འདྲ་མེད། ཐར་སྲོལ་མེད། གསོན་ཐབས་མེད་ཅེས་སོགས་ངན་མཚང་དམར་རྗེན་དུ་བཏོན་ནས་དོན་དམ་གྱི་ནོར་བུ་རིན་པོ་ཆེ་ཁོ་རང་གཡོ་དང་རྫུན་དང་ཁྲམ་པ་སོགས་སུས་ཀྱང་བརྐུ་ཐབས་བྲལ་ཞིང་། དེའི་ལེགས་པའི་ཁྱད་ཆོས་དང་། ནུས་པ། རིན་ཐང་། བེད་སྤྱོད་སོགས་གལ་ཆེའི་རང་བཞིན་གསལ་པོར་བསྟན་ཏེ།ལེ་ལོ་ཅན་ཁྱོད་ཀྱང་ད་ལྟའི་གཞོན་དུས་བརྩོན་འགྲུས་ཤུགས་དྲག་བསྟེན་ཏེ་ཤེས་བྱའི་ནོར་བུ་ལག་ཏུ་མ་བླངས་ན། ན་རྒས་རྫི་རྡིབ་ཀྱི་དུས་ཀྱི་ལོ་ཟླའི་ནང་ནོར་བུའི་གླིང་ནས་ལག་སྟོང་དུ་འགྲོ་དགོས་ཤིང་། དེའི་དུས་དེའི་ཚེ་འགྱོད་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པའི་ལམ་སྟོན་བསླབ་བྱ་བརྒྱབས་ན་ཡང་། ལེ་ལོ་ཅན་ནི་སྔོན་གོམས་བག་ཆགས་མཐུག་པོས་བསྒྲིབས་ཏེ་ད་དུང་གོ་རྟོགས་མ་སད་པར་ལེ་ལོའི་ངང་དུ་གནས།ནོར་བུ་རིན་པོ་ཆེ་ནི། ཡོན་ཏན་གྱི་ནོར་བུ་རིན་ཆེན་ཞིག་ཡིན་ཏེ། འཇིག་རྟེན་གྱི་ཆེ་རྒུ་ཡོད་ཚད་ཀྱི་ཡོད་ཚད་ཡོན་ཏན་ལ་བརྟེན་དགོས་པའོ།།


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   ལེའུ་གསུམ་པ། བློན་པོ་རིན་པོ་ཆེ།

   ནོར་བུ་རིན་པོ་ཆེའི་བསླབ་བྱ་ལ་བརྟེན་ནས་བློ་སེམས་ཅུང་ལྷོད་དེ་གཞོན་ནུ་ལེ་ལོ་ཅན་རང་ཉིད་ཀྱིས་བྱ་སྤྱོད་ཀྱི་སྔ་ཕྱི་རྣམས་རྨི་ལམ་དུ་རྨིས་ཤིང་། བློན་པོ་རིན་པོ་ཆེ་ནི་ཤེས་རིག་གི་བློན་ཆེན་ཞིག་ཡིན་སྟབས། བཅུ་ཕྲག་རིག་པའི་གནས་ལ་བརྩོན་མཁན་རྣམས་ཀྱི་སྐྱབས་དང་མགོན་དང་གྲོགས་ཡིན་པར་གླེང་ཞིང་། ལེ་ལོ་དང་སྒྱིད་ལུག  ང་རྒྱལ་དང་རྣམ་གཡེང་། ཕྲག་དོག་དང་འགྲན་སེམས་སོགས་འཇོམ་བྱེད་ཀྱི་དཔའ་རྒོད་ཅིག་ཡིན་སྟབས། ལེ་ལོ་ཅན་གྱི་གཞོན་ནུ་ཁྱོད་ཀྱིས་ངའི་ཁ་ལ་ཉན་ཏེ། ཤེས་རིག་ནོར་བུའི་བང་མཛོད་ཀྱི་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག་འདི་ཐོགས་ནས་ཤེས་བྱའི་བང་མཛོད་ལས་ཤེས་རིག་གི་ནོར་བུ་ལེན་པར་མྱུར་བར་བརྩོན་ཅིག་ཅེས་བསྐུལ་བས། ལེ་ལོ་ཅན་དགའ་མགུ་ཡི་རངས་ངང་ནོར་བུ་བརྐུ་འདོད་ཀྱི་འདུན་ཤུགས་ཆེར་སླེབས། བློན་པོ་རིན་ཆེན་ནི། ཤེས་རིག་གི་བློན་ཆེན་ཏེ། ཤེས་རིག་སྦྱོང་བར་སྐུལ་བྱེད་ཀྱི་བྱེད་པ་པོ་ཞིག་སྟེ། ཕྱིའི་མཐུན་རྐྱེན་ལམ་སྟོན་གྱི་གནད་སྟོན་མཁན་ཞིག་གོ།


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   ལེའུ་བཞི་པ། གླང་པོ་རིན་པོ་ཆེ།

   གླང་པོ་རིན་པོ་ཆེས་ལེ་ལོ་ཅན་གྱི་རང་གཤིས་ངན་པ་ལ་ཐད་ཀར་སུན་འབྱིན་བྱས་ཏེ། ཤེས་རིག་ནོར་བུ་རང་འདོད་ལྟར་ཅ་དངོས་ལྟར་ལག་ཏུ་ལེན་ཆོག་ཆོག་དང་། བརྐུ་བ། འཕྲོག་པ། བཅོམ་པ། ཉོ་བ་སོགས་བྱ་ཐབས་མེད་པ་བསྟན་ཅིང་། ཡིན་ལུགས་ཚུལ་ལྡན་ངང་རང་འབད་རང་སྒྲུབ་དང་། དཀའ་སྤྱད་ལྷུར་ལེན་ངང་ཤེས་རིག་གི་ནོར་བུ་ལེན་དགོས་པའི་ལམ་སྟོན་བྱས་ནས། ངོ་ཚ་དང་ཁྲེལ་ཡོད་པའི་ཐོག་ནས་རྒྱུ་བཟང་ངན་ལ་འབྲས་བུ་བཟང་ངན་སྨིན་པའི་གནད་ལུགས་ཞིབ་པར་བཤད། གླང་པོ་རིན་པོ་ཆེས་ལེ་ལོ་ཅན་ལ་འདས་དོན་རྣམས་ལ་ཕྱིར་དྲན་དང་། འགལ་ཟླའི་བྱ་སྤྱོད་རྣམས་ཞིབ་བརྩད་ཀྱིས་བདེན་རྫུན་ཤན་འབྱེད་དགོས་ཞེས་དྲག་རྩུབ་ངང་བརྗོད་པས་ལེ་ལོ་ཅན་ཀྱི་སེམས་ཁམས་གནམ་ས་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གླང་པོ་རིན་པོ་ཆེ།ཁྲེལ་ཡོད་ཡ་རབས་ཀྱི་རིན་ཆེན་ཞིག་སྟེ། རྒྱུ་འབྲས་བློ་མིག་ཐོགས་ཏེ་འཇིག་རྟེན་དཀར་ནག་གི་བྱ་སྤྱོད་ཁག་བླང་དོར་བྱེད་དགོས་པར་སྟོན་མཁན་ཞིག་གོ།


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   ལེའུ་ལྔ་པ། དམག་དཔོན་རིན་པོ་ཆེ།

   ལེ་ལོ་ཅན་གྱི་རིན་པོ་ཆེ་སྔ་མ་རྣམས་ལམ་སྟོན་བསླབ་རིམ་པར་ཉན་ཉན་པའི་མཐར་བློ་མིག་ཅུང་ཇེ་གསལ་དུ་ཕྱིན་ཏེ། ད་ལྟ་བླ་འཁྱམས། ཧོན་ཐོར། ལུས་པོ་འདར། ལུས་པོས་མགོ་བོ་མ་ཐེག་པའི་གནས་སྟངས་སུ་འགྱུར་བཞིན་པའི་ཐོག་དམག་དཔོན་རིན་པོ་ཆེས་དྲག་གཅུན་གྱིས་གཉའ་བཙིར། མཇིང་པ་བཀུག  པུས་མོས་བྲང་ཁར་བརྡུངས་ཏེ། ཁོང་གིས་ཉོན་མོངས་དང། ཁེངས་དྲེགས། ཕྲག་དོག  ལེ་ལོ་སོགས་འཇོམས་པར་བྱེད་ཀྱིན། བརྩོན་འགྲུས་དང་བཟོད་པ་སོགས་ལེགས་པའི་ཡོན་ཏན་རྣམས་སྐྱོབ་པར་བྱེད་པའི་ནུས་པ་ཤུགས་ཆེན་ལྡན་ལུགས་བརྗོད་དེ། དུས་ད་ལྟ་གཞོན་ནུ་ལེ་ལོ་ཅན་ཁྱོད་ཉིད་འབུ་ནག་ཚེ་ཟད་དང་། ལུ་གུ་སྤྱང་ཚང་འགྲིམས་པ་ལྟར་གྱི་དུས་ལ་བབས་ཡོད་སྟབས། ཁྱེད་རང་གི་སྲོག་རྩ་ཡང་མ་བཅད་ཐབས་མེད་ལགས་ཞེས་གསུངས་ཤིང་། རལ་གྲི་སྙིང་གར་བཙུགས་པས། ལེ་ལོ་ཅན་ནམ་ཡང་འདི་ལྟར་བསྡད་ན་འགྲིག་ཐབས་མེད་པའི་སེམས་ཚོར་ཤུགས་དྲག་སྐྱེས། དམག་དཔོན་རིན་པོ་ཆེ་ནི། ལེ་ལོའི་ཚེ་སྲོག་འཕྲོག་བྱེད་ཀྱི་རལ་གྲི་རིན་ཆེན་ཞིག་སྟེ། འཇིག་རྟེན་རྗེས་ལུས་ཐེབས་པར་བྱེད་པའི་ལེ་ལོ་རྣམས་རྨང་ནས་ཤུལ་མེད་བཟོ་མཁན་ཞིག་གོ།


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   ལེའུ་དྲུག་པ། བཙུན་མོ་རིན་པོ་ཆེ།

   དེ་ནས་གཞོན་ནུ་ལེ་ལོ་ཅན་གྱིས་ཕྱིར་དྲན་བྱེད་སྐབས། ནོར་བུ་རིན་པོ་ཆེ་སོགས་རིན་ཆེན་ལྔ་པོའི་ལམ་སྟོན་བསླབ་བྱ་རྣམས་དྲན་བཞིན་པའི་སྐབས་སུ་བཙུན་མོ་རིན་པོ་ཆེ་དང་འཕྲད་ནས་གཞོན་ནུའི་སེམས་ཁམས་ཡིད་འོང་བཙུན་མོར་ཡོངས་སུ་ཆགས་ཏེ་གཡོ་སྒྱུའི་ཚིག་གིས་བསླུ་སེམས་བཅངས། དེའི་རྗེས་བཙུན་མོས་རང་ཉིད་ལ་ཡོད་པའི་ཡོན་ཏན་བཅུ་ཕྲག་རིག་པའི་གནས་རྣམས་རྒྱན་གོས་གཟུགས་སུ་བཀོད་ནས་ངོ་སྤྲོད་དང་འབྲེལ། དོན་དམ་པའི་གཏམ་དང་སྙན་གྲགས་སོགས་དགོས་ན་འདི་དག་རྩ་ཆེན་ཡིན་སྐོར་ནན་བརྗོད་བྱས།གཞོན་ནུ་ལེ་ལོ་ཅན་ཆགས་པའི་གཞན་དབང་དུ་གྱུར་ཏེ། བཙུན་མོ་རིན་ཆེན་གཡོ་སྒྱུའི་ཐབས་ཀྱིས་བསླུ་སེམས་ཀྱིས་བཙུན་མོ་ཁྱེད་ཉིད་བདག་གི་ཁྱིམ་ཐབ་ཏུ་གྱུར་ན་རང་གཞན་དོན་གཉིས་སྒྲུབ་ཆེད་ཤེས་བྱ་ཡོན་ཏན་ལ་བརྩོན་རྒྱུའི་ཁས་ལེན་དམ་བཅའ་བྱེད་ཁུལ་གྱིས་བརྩེ་བས་བཟུང་རོགས་ཞེས་རེ་འབོད་བྱས། དེ་ནས་བཙུན་མོ་རིན་ཆེན་གྱིས་གཡོ་སྒྱུའི་ཐབས་དང་རྫུན་པའི་ངག་གིས་རང་མགོ་རང་གཡོགས་དང་། གཞན་མགོ་སྐོར་ཐབས་ཀྱི་སྤྱོད་ཚུལ་ངན་པ་རྣམས་དོར་ན་བཙུན་མོ་རེག་པའི་སྐལ་བ་ལྡན་ལུགས་བརྗོད་དེ་བཙུན་མོ་ལམ་སེང་མ་རེག་སྟབས། གཞོན་ནུ་ལེ་ལོ་ཅན་སྔར་མུས་བཞིན་ལེ་ལོའི་གཞན་དབང་དུ་ཚུད་ནས་ཉིན་མཚན་དུས་དྲུག་རིམ་པར་འདས་ཏེ། ཤ་དར་ཁྲག་དར་གྱི་གཞོན་ནུའི་ལང་ཚོ་དེ་ལུས་པོ་སྒུར། སྐྲ་ལོ་དཀར། མིག་ཤེས་ཉམས། རྣ་དབང་འོན། སྨྲ་ལྕེ་ལྐུགས། ལང་ཚོའི་མཛེས་སྡུག་ཡོད་ཚད་ཉམས་ནས་མཐར་གཤིན་རྗེའི་ཕོ་ཉས་ཁྲིད་སྟོང་ཟད་དུ་ཕྱིན། བཙུན་མོ་རིན་པོ་ཆེ་ནི། བོད་ཀྱི་ཤེས་རིག་གི་རིན་པོ་ཆེ་སྟེ། བཅུ་ཕྲག་རིག་པའི་གནས་ནི་མི་རིགས་ཤིག་གི་ཚེ་སྲོག་གི་གཞི་རྟེན་ཉག་ཅིག་ཡིན་པར་སྟོན་མཁན་ཞིག་གོ།


རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ཟིན་བྲིས།


   ལེའུ་བདུན་པ། རྟ་མཆོག་རིན་པོ་ཆེ།

   ཤེས་རིག་གི་ཟས་ལ་ཡི་ག་ལོག་པའི་གཞོན་ནུ་ལེ་ལོ་ཅན་རྒས་ཤིང་འཁོགས་ཏེ་མི་ཚེ་སྟོང་ཟད་དུ་ཕྱིན་རྗེས། བོད་མི་རིགས་ཀྱི་ཤེས་རིག་ལ་དོན་གཉེར་ཅན་གྱི་གཞོན་ནུ་བརྩོན་འགྲུས་ཅན་འཇིག་རྟེན་འདིར་སླེབས་ཏེ། རྟ་མཆོག་རིན་པོ་ཆེས་ང་རྒྱལ་དང་། ཁེངས་སྐྱུངས། ཕྲག་དོག  ཞེ་སྡང་། ལེ་ལོ་སོགས་ཤེས་བྱའི་ཐང་ཆེན་འགྲིམས་པའི་འགལ་རྐྱེན་མཐའ་དག་འཇོམས་པར་བྱེད་པའི་ནུས་མཐུ་ཡོད་པར་བསྟན་ཅིང་། བོད་མི་རིགས་ཀྱི་གཞོན་ནུ་བརྩོན་འགྲུས་ཅན་གཙོ་བོར་གྱུར་པའི་གཞོན་ནུ་རྣམས་ཀྱིས་འཛམ་གླིང་ནང་ཆེས་རིན་ཐང་ལྡན་པའི་ནོར་བུ་རིན་པོ་ཆེ་བེད་སྤྱོད་ཀྱིས་ཤེས་བྱའི་ཐང་ཆེན་སྐད་ཅིག་སྐད་ཅིག་ལ་འགྲིམས་ཏེ། མི་རིགས་ཀྱི་ཤེས་རིག་དར་རྒྱས་དང་། འབྱོར་ཕྱུག་ལྡན་པ། མི་རྣམས་ནད་མེད་ཚེ་རིང་། རང་སྐྱིད་མི་སྨོན་གྱི་མི་ཚེ་དོན་ལྡན་ཡོང་བར་སྐུལ་ལྕག་བྱས་ཡོད། རྟ་མཆོག་རིན་པོ་ཆེ་ནི། ཤེས་རིག་གི་ནོར་བུར་ལེན་པར་སྐུལ་བའི་བརྩོན་འགྲུས་ཀྱི་རིན་པོ་ཆེ་ཞིག་སྟེ། འཛམ་གླིང་གི་ཤེས་རིག་གི་ནོར་བུ་ཡོད་དོ་ཅོག་ལེན་པར་བསྐུལ་ཏེ། འཛམ་གླིང་འདི་ཉིད་ཤེས་རིག་འབྱོར་ཕྱུག་ལྡན་པ་དང་། རང་སྐྱིད་མི་སྨོན་གྱི་མི་ཚེ་དོན་ལྡན་ཞིག་ཡོང་བར་སྐུལ་མཁན་ཞིག་གོ།


  • ལེ་ཚན་སྔོན་མ།:ཁྲི་རྒྱབ་དྲུག་འགྱོགས།
  • ལེ་ཚན་རྗེས་མ།:མཛེས་སྡུག་ཡིད་དབང་འཕྲོག་པའི་ཁྱིམ་གཞིས།