ཕྱིང་པ་འཇོག་གླུ།
རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བསྡུས། 2013-01-28
ཐེ་གོ་གོ ནེ་ལིང་ལིང་།
ཁྱི་སྤུ་མིན་ལ་ལི་སྤུ་མིན།
གཡང་དཀར་ལུག་གི་སོག་བལ་ཡིན།
མ་མོ་བརྒྱ་ཡི་སོག་སྤུ་ཡིན།
ཤ་ཟན་བརྒྱ་ཡི་འཇུས་སྤུ་ཡིན།
ཨ་ཟི་འབྲི་ཡི་ཁུལ་ལུ་ཡིན།
སྲབ་ཚད་ཅི་འགི་ཟུར་ལ་སོང་།
འཐུག་ཚད་ཅི་འགི་གཞུང་ལ་ཤོག
ཕྱི་ཀོ་བ་མིན་ཏེ་ཀོ་འདྲ་ཤོག
ནང་དར་ཁ་མིན་ཏེ་དར་འདྲ་ཤོག
དར་ཀོ་གཉིས་པོ་ཁ་སྤྲོད་ཤོག
ལ་ལ་སོང་ན་དགོ་ཕོ་གར་གར་གྱིས།
སྐེད་ལ་སོང་ན་གླག་མོ་འགྱུར་འགྱུར་གྱིས།
ཐུར་ལ་སོང་ན་གྲུ་གུ་འགྲིལ་འགྲིལ་གྱིས།
གངས་སེང་དཀར་མོའི་འགྲམ་ཀོ་འདྲ་ཞིག་སླིང་།
འགྲམ་ཀོ་དེ་ལས་འཐུག་ཚད་ཡོང་བར་ཤོག
དམར་གཡག་སྟག་གི་ཟེ་ཀོ་འདྲ་ཞིག་སླིང་།
ཟེ་ཀོ་དེ་ལས་འཐུག་ཚད་ཡོང་བར་ཤོག
ཐིག་ལེ་གཟིག་གི་མགོ་ཀོ་འདྲ་ཞིག་སླིང་།
མགོ་ཀོ་དེ་ལས་འཐུག་ཚད་ཡོང་བར་ཤོག
བྲེ་སེ་འབྲོང་གི་ཐོད་ཀོ་འདྲ་ཞིག་སླིང་།
ཐོད་ཀོ་དེ་ལས་འཐུག་ཚད་ཡོང་བར་ཤོག