བདེ་ཆེན་གྱིས་བསྒྱུར། 2019-07-03
ལི་ཐང་རྫོང་མཁར་གྱི་ལི་ཐང་གནའ་གྲོང་དུ་བརྒྱུད་པའི་རྡོ་ལེབ་རྐང་ལམ་དེད་ནས་འགྲོ་དུས་བོད་ཀྱི་གསོ་རིག་དང་དགེ་བསྙེན་རྡོ་རྐོ། ཞབས་པའི་རྫ་བཟོ། བོད་ཀྱི་ཡིག་གཟུགས། ལྷ་ཡུལ་གྲོང་སྡེའི་དངུལ་མགར་བཟོ་རྩལ། བོད་ལྷམ་དང་ཀོ་བཟོ་ལག་ཤེས་བཟོ་རྩལ་སོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་རྩལ། བོད་ཀྱི་གནའ་དེང་གི་རོལ་དབྱངས་ལ་ཉམས་སུ་མྱོང་བཞིན་ལི་ཐང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཆོག་ཆོག་རེད།
མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ལི་ཐང་གི་ཕ་ས་ཁྱིམ་གཞིས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། བེད་སྤྱོད། འཕེལ་རྒྱས་དེ་བས་ལེགས་པོ་ཡོང་ཆེད་དང་། རིག་གནས་ཀྱི་ནང་དོན་ཞིབ་ཆ་ལྡན་པའི་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་བྱ་ཆེད། ལི་ཐང་རྫོང་གིས་ཐེངས་འདིའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱས་པ་འདི་ནི་རྫོང་དེའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་པའི་གྲུབ་འབྲས་གཅིག་བསྡུས་ཀྱིས་འགྲེམ་སྟོན་བྱས་པ་ཡིན་ལ། ཁྱད་ཆོས་ལྡན་པའི་རིག་གནས་ལ་བརྟེན་ནས་ལི་ཐང་གི་གཏམ་རྒྱུད་ལྷུག་བརྗོད་བྱས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་བཟང་པོ་ཞིག་ཀྱང་ཕུལ་ཡོད་ཅེས་ལི་ཐང་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གིས་དེ་ལྟར་བཤད་པ་རེད།
ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག“ལི་ཐང་སྡེབ་བྲིས། འབྲི་ཚ་ཡིག་གཟུགས”འགྲེམ་སྟོན་ཁང་དུ་ཡིག་གཟུགས་རིགས9ལས་བྲིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་རྩོམ་རིང་པོ་དང་། མཚན་ཉིད་གསར་པའི་ཐང་ག་དང་བོད་ཀྱི་ཡིག་གཟུགས། སྐྱ་བྲིས་རི་མོ་དང་བོད་ཀྱི་ཡིག་གཟུགས་ཟུང་འབྲེལ་བྱས་པའི་གསར་རྩོམ་བརྩམས་ཆོས་ཀྱིས་གསར་རྩོམ་བྱེད་མཁན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱུད་སྤྲོད་བྱས་ནས་ལྟད་མོ་བའི་ཡིད་དབང་འགུགས་པ་རེད།
བོད་ལུགས་ཀྱི་འཚེམ་དྲུབ་འགྲེམ་སྟོན་བྱ་ཡུལ་དུ་ཞིང་འབྲོག་བུད་མེད5ཡིས་བོད་རིགས་ཀྱི་འཚེམ་དྲུབ་བརྩམས་ཆོས་ཤིག་མཉམ་དུ་འཚེམ་དྲུབ་རྒྱག་བཞིན་འདུག ངས་ལོ16ནས་ཨ་ཕ་དང་འགྲོགས་ནས་བོད་ལུགས་ཀྱི་འཚེམ་དྲུབ་ལག་རྩལ་འདི་སྦྱངས་པ་ཡིན། ལག་རྩལ་འདི་ཕ་མེས་བརྒྱུད་དེ་ངའི་བར་དུ་མི་རབས་བཞིར་སླེབས་ཡོད། ཚེ་རིང་རྣམ་དྲུག་དང་སྒྲོལ་མའི་སྐུ་པར་སོགས་སྲོལ་རྒྱུན་གྱི་རི་མོ་དག་ཕུད་རྗེས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་པས་ངས་ད་དུང་བོད་ལུགས་འཚེམ་དྲུབ་ཀྱི་ལག་རྩལ་ལ་བརྟེན་ནས་གནམ་བདེ་སྒོ་མོ་འཚེམ་དྲུབ་བྱས་པ་ཡིན་ཞེས་ལོ་ན47ལ་སོན་པའི་རྒྱུད་འཛིན་པ་ཟླ་དར་གྱིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།
བྱེད་སྒོའི་ཁྲོད་ད་དུང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས“ལི་ཐང་ལྷ་མོ་ཟློས་གར”དང“སྐོར་བྲོ”“ལ་གླུ”དང་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས“བཀྲ་ཤིས་པའི་བསྟོད་ཚིག”བཅས་འགྲེམ་སྟོན་དང་འཁྲབ་སྟོན་བྱས་པ་རེད།།
རྩོམ་གསར། 10