གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག

ཡེ་མགོན་དང་ཡེ་ཤེས་གྱིས་བསྒྱུར།        2020-07-27

མཛེས་ལྗོངས་གཙོ་བོ།


sale

གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག


སྡེ་དགེ་པར་ཁང་།

      སྡེ་དགེ་པར་ཁང་ཆེན་མོ་ནི་སྡེ་དགེ་རྫོང་གི་རྫོང་མཁར་གནས་སའི་དགོན་ཆེན་གྲོང་རྡལ་དུ་ཆགས་ཤིང་། སྡེ་དགེ་པར་ཁང་ནི་སྤྱི་ལོ1729ལོར་སྡེ་དགེ་རྒྱལ་པོའི་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐབས་སུ་བཞེངས་མགོ་བརྩམས་ཤིང་། དེའི་རྗེས་ཀྱི་རྒྱལ་རབས་གསུམ་གྱི་རིང་དུ་བསྡོམས་པས་ལོ27ལ་རྒྱ་བསྐྱེད་མཛད་མཐར་ད་ལྟའི་སྡེ་དགེ་པར་ཁང་གི་གཞི་ཁྱོན་གཞི་ནས་གྲུབ། ད་ལྟའི་བར་དུ་ཧ་ལམ་མི་ལོ300ལ་ཉེ་བའི་ལོ་རྒྱུས་ལྡན། པར་ཁང་འདིར་ད་ལྟ་བསྡོམས་པས་པར་ཤིང་ཁྲི33ཉར་ཚགས་བྱས་ཡོད་པ་དང་། དེའི་ཁྲོད་དུ་པར་ཤིང་ཁྲི22ལྷག་ནི་པར་ཤིང་རྙིང་པ་རྐྱང་རྐྱང་ཡིན་པར་བཤད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུའང་སྡེ་དགེ་པར་ཁང་ལ་བལྟོས་བཅས་ཀྱིས་གཏོར་བརླག་ཆེན་པོ་ཐེབས་མེད་སྟབས། རིན་ཐང་བྲལ་བའི་པར་ཤིང་རྩ་ཆེན་གང་མང་ཞིག་སྔར་བཞིན་ཉར་ཚགས་བྱེད་ཐུབ་ཡོད་པ་རེད།

     སྡེ་དགེ་པར་ཤིང་དུ་བརྐོས་པའི་བརྗོད་བྱ་ལ་ནང་ཆོས་ཀྱི་གསུང་རབ་ལས་གཞན་གསོ་བ་རིག་པ་དང་སྐར་རྩིས་རིག་པ། ཐ་ན་ཆོས་ཉིད་མ་ཞེས་པའི་དབྱངས་རྟགས་ཐིག་ལྔའི་རོལ་དབྱངས་སྐོར་གྱི་པར་ཤིང་ཡང་ཡོད་པས། བོད་ཀྱི་རིག་གནས་ཆེ་ཆུང་བཅུའི་བརྗོད་བྱ་ཆ་ཚང་འདུས་ཡོད་ཅེས་བཤད་ཆོག དེར་མ་ཟད། སྡེ་དགེ་པར་ཁང་ལ་ཆོས་ལུགས་གྲུབ་མཐའི་དབྱེ་བ་དང་ཕྱོགས་ཞེན་ཅི་ཡང་མེད་པར། འདིར་བོད་ཀྱི་གྲུབ་མཐའ་ལྔའི་བཀའ་འབུམ་གྱི་པར་ཤིང་ཚང་མ་ཉར་ཚགས་བྱས་ཡོད། པར་ཤིང་གི་མང་ཉུང་དང་རིགས་མང་པོའི་ཆ་ནས་བོད་ཀྱི་པར་ཁང་གཞན་ལས་ཡང་རྩེར་བགྲང་ཆོག

     1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གཙོ་གནད་སྡེ་ཚན་དུ་ཆོག་མཆན་གནང་བ་རེད།


གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག



ཡིད་ལྷུང་ལྷ་མཚོ།

  ཁྲོ་ལའི་ལ་རྩར་གནས་པའི་ཡིད་ལྷུང་ལྷ་མཚོ་ནི་འཁྱགས་མཚོའི་མཚེའུ་ཞིག་ཡིན། རྒྱ་ཁྱོན་ལ་མུའུ4100ཡོད། ཡུལ་ལྗོངས་ཀྱི་རིགས་མང་ལ། དེའི་ཁོངས་སུ་གངས་རིའི་རི་རྩེ་དང་། རི་རྩེ། འཁྱགས་ཀླུང་། རྦབ་ཆུ། མཚེའུ། ནགས་ཚལ། མེ་ཏོག་སྣ་ལྔ་རྣམ་པར་བཀྲ་བའི་སྤང་ལྗོངས་སོགས་ཡོད་པ་རེད། ས་གནས་དེ་གའི་མི་ཚོས་བཤད་སྲོལ་ལྟར་ན། གླིང་གེ་སར་རྒྱལ་པོའི་བཙུན་མོ་འབྲུག་མོ་དེར་ཕེབས་པའི་སྐབས་སུ་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུའི་གནས་མཆོག་འདི་ལ། གངས་རིའི་འཕྲེང་ཚོགས་ཚར་དུ་དངར་ཞིང་། ནགས་ཚལ་དང་སྤ་ལྗོངས་སྡུག་གུར་བཀྲ་བ། ཁམས་དྭངས་ཤིང་ཐན་ཤོད་སོགས་ཀྱིས་གནོད་པ་ཆུང་བ། སའི་བཅུད་བཟང་ཞིང་སྨན་རིགས་སྣ་ཚོགས་སྨིན་པ། ཆུ་དྭངས་ཤིང་བསིལ་བ། རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ། དབེན་ཞིང་ཉམས་དགའ་བའི་གྲུབ་གནས་མང་དུ་མཆིས་པ་སོགས་སྐྱེ་ཁམས་ཀྱི་ཁྱད་ཆོས་དག་ལྷུན་འགྲུབ་ཏུ་མཆིས་པར་མ་འབྲུག་མོས་སེམས་ཤོར་བས་ན་ཡིད་ལྷུང་ལྷ་མཚོ་ཞེས་མིང་ཐོགས་པ་རེད།



གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག



རྡོ་མང་སྟེང་།

  རྡོ་མང་སྟེང་ནི་རྒྱུན་ཆུ་འབབ་རྒྱུད་ཀྱི་གྲོག་རོང་མཛེས་ལྗོངས་དང་རི་སྐེད་རྩྭ་ཐང་གི་མཛེས་ལྗོངས། གདོད་མའི་ནགས་ཚལ་གྱི་མཛེས་ལྗོངས། འབྲོག་སྡེའི་ཡུལ་སྲོལ་རིག་གནས་མྱོང་ཚོར་ཉམས་ལེན་གྱི་དམངས་སྲོལ་ཡུལ་སྐོར་གཅིག་འདུས་ཡིན་པ་སོགས་ཀྱི་མཐོ་སྒང་ཁྱད་ཆོས་ཀྱི་མཛེས་ལྗོངས་མང་པོ་ཡོད་པ་རེད། ས་གནས་དེའི་དམངས་སྲོལ་གནའ་ཉམས་སོར་གནས་དང་རི་ཆུ་ཐང་གསུམ་གྱི་མཛེས་ལྗོངས་ལྟ་ན་སྡུག་པར་བརྟེན། “ཁམས་བྱང་ཕུའུ་ལུའོ་ཝང་སི”ཞེས་མཚན་སྙན་ཡོད་པ་རེད།

གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག

རི་གསུམ་འབྲེལ་མཚོ།

   རི་གསུམ་འབྲེལ་མཚོ་ནི་སྡེ་དགེ་རྫོང་ཁྲོ་ཐུང་གྲོང་སྡེའི་མངའ་ཁོངས་སུ་གནས་ཤིང་། མཚལ་རྡོའི་ས་གཞི་སྟེང་ངོས་ཀྱིས་རི་གསུམ་བར་དུ་འཁྲིས་སུ་འབྱར་བ་ལྟར་ཡོད་པའི་ལྷ་མཚོ་ནི་ཁྲོ་ཐུང་དང་ཁོང་གི་བཙུན་མོ་འདན་བཟའ་གསེར་མཚོ། དེ་བཞིན་དུ་ཁོང་གི་བུ་དགུ་ནང་གི་ཆེས་དཔའ་སྙིང་སྤྱང་གསུམ་འཛོམས་པའི་ཕོ་རྒོད་ཉ་ཚ་ཨ་བརྟན་བཅས་གསུམ་གྱི་བླ་མཚོ་དང་མཆོད་འབུལ་བྱ་ཡུལ་གྱི་གཞི་བདག་གསུམ་ཡིན་པར་གྲགས།

གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག


རྡོ་ཕུ་ལུང་པ།

    རྡོ་ཕུ་ལུང་པ་ནི་སྤྱི་ལེ་གྲུ་བཞི་མ་བཅུ་གཅིག་དང་གྲངས་ཆུང་གཉིས་ཡོད་པའི་སྐྱེ་དངོས་གྱི་གྲོག་རོང་ས་ཁུལ་ཞིག་ཡིན་པ་དང་། དེ་ནི་སྨན་ཤོད་ཆུས་ཀྱི་ཧྱོ་པ་དང་ཕུ་མ།མདའ་མ་བཅས་སྲིད་འཛིན་ཡུལ་ཤོག་གསུམ་འདུས་ཡོད་པའི་ས་ཆ་ཞིག་ཡིན་ལ། ཁམས་པའི་ས་ཁུལ་དུ་རྙེད་དཀའ་བའི་རང་བྱུང་སྐྱེ་ཁམས་ཀྱི་གྲོག་རོང་ཆེན་པོ་ཞིག་ཡིན།  དེ་ནི་སྨན་ཤོད་ཆུས་ཀྱི་ཕུ་མ་ཡུལ་ཤོག་གི་གདོད་མའི་ལུང་སྟོང་དུ་ཆགས་ཡོད།རྡོ་ཕུ་ལུང་པ་ལ་སྐྱེ་ཁམས་ཡུལ་སྐོར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1112ལ་ཟིན་པ་རེད།

    དེའི་ལྷོ་ནུབ་ཀྱི་ས་མཚམས་དཔལ་ཡུལ་རྫོང་གི་གཏེར་ལྷུང་ཡུལ་ཤོག་དང་མཐའ་འབྲེལ་ནས་ཆགས་ཡོད་པའི་ས་ཆ་ཁྱད་འཕགས་ཅན་ཞིག་ཡིན་པ་རེད།  དེར་ཤྭ་སྐྱ་དང་ཤྭ་དམར། གླ་བ། གཉན། དྲེད་མོང་། རྣ་གཡག་ལ་སོགས་པའི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་གནས་ཡོད་པ་དང་མེ་ཏོག་གངས་ལྷ་སོགས་སྨན་རྩྭ་ཕུན་སུམ་ཚོགས་པོ་ཡོད་པ་རེད། སྔོ་ཐིང་ཐིང་གི་ནགས་ཚལ་གྱིས་མི་རྣམས་བཟི་བས་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་དང་འདྲ། བབ་ཆགས་ཡིན་ལ་ལྷད་མེད་སྒེག་ཉམས་ལྡན་པ་རེད།

གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག


མེ་ཏོག་གླིང་ག

 མེ་ཏོག་གླིང་ག་ནི་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་ཏུ་གནས་པ་དང་། རྫོང་གི་གྲོང་ཁུལ་དང་ཧ་ལམ་སྤྱི་ལེ30རྒྱང་བ་རེད། རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་དུ་གནས་པ་དང་ལུང་ཤུར་གྱི་རིང་ཚད་སྤྱི་ལེ6ཙམ་ཡོད། ཆུ་བོ་དང་གངས་རི། རྡོ་ངོ་མཚར་ཅན་དང་རི་སྐྱེས་མེ་ཏོག་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེའི་ནང་རི་སྐྱེས་མེ་ཏོག་སྣ་ཁ་བརྒྱ་ལྷག་ཙམ་ཡོད་པས་སྨན་སྤྱོད་ལ་གཅེས་སྤྲས་བྱེད་ཆོག་པའི་རི་སྐྱེས་མེ་ཏོག་རིགས30ལྷག་ཙམ་ལ་ཟིན་པ། དཔྱིད་དུས་སུ་རི་སྐྱེས་མེ་ཏོག་གང་སར་ཁྱབ་ནས་ལྟ་ན་སྡུག་པའོ།

གནས་མཆོག་སྡེ་དགེའི་མཛེས་ལྗོངས་ཁག་ཅིག

ཁྲོ་ཟིལ་ཁྲོམ།

 ཁྲོ་ཟིལ་ཁྲོམ.རྒྱ་བོ་རི་ཁྲོད་ནི་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་ཁོངས་སུ་གནས་པ་དང་རྫོང་གི་གྲོང་ཁུལ་དང་སྤྱི་ལེ35ཙམ་རྒྱང་བ་རེད། རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་དུ་གནས་པ་དང་ཁྲོ་ལའི་རི་བོའི་རི་རྒྱུད་ཡིན་པའི་གྲོག་རོང་གི་རིང་ཚད་སྤྱི་ལེ5ཙམ་ཡོད་པ་རེད། མཛེས་ལྗོངས་ཁུལ་ནང་ལྟེ་བའི་མཛེས་ལྗོངས་ཁུལ་ནི་རི་མཐོན་པོའི་རི་སྐེད་དུ་གནས་པ་དང་། ཁོར་ཡུག་ལྷིང་འཇགས།ས་ཆ་གཟར་པོ་དང་བཙན་འགག་ཡིན་ཞིང་མི་ལ་དབེན་གནས་ཡིན་པའི་ཚོར་སྣང་ཤར་ངེས་རེད།།


  • ལེ་ཚན་སྔོན་མ།:ཁྲོན་བོད་གཞུང་ལམ་ཐོག་གི་ལྗོངས་གཟིགས་སྟེགས་བུ།
  • ལེ་ཚན་རྗེས་མ།:རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།