སིལ་སྙན།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-23

སིལ་སྙན།
འདར་ཆིལ་དང་སྦུབ་ཆལ།

སིལ་སྙན་ནི་སྦུག་དང་འདྲ་བ་དཀྲོལ་བྱའི་རོལ་ཆ་ཞིག་ཡིན།དེ་ཡང་གོང་དུ་སྦུག་ཆལ་གྱི་སྐབས་སུ་བསྟན་པ་ལྟར་སྲོང་བཙན་སྒམ་པོའི་དུས་སུ་ཟ་ཧོར་ནས་དར་བ་ཞིག་ཡིན་པ་དང་།ཕྱིས་དུས་རབས་རིམ་བྱུང་གི་སྐབས་སུའང་ཧོར་རྒྱ་བལ་བཅས་ནས་ཀྱང་དར་ཡོང་བས།སིལ་སྙན་ལ་ཡང་ཧོར་སིལ་དང་།རྒྱ་སིལ།བལ་སིལ།བོད་སིལ་བཅས་རིགས་བཞི་ཙམ་བྱུང་ལ།དེ་དག་སོ་སོའི་ནང་གསེས་དབྱེ་བ་དང་ཁྱད་ཆོས་སྐོར་ནི།༼འཇིགས་མེད་གླིང་པའི་གཏམ་ཚོགས༽ལས།སིལ་སྙན་ལའང་ཧོར་རྒྱ་བལ་བོད་བཞི།ཧོར་ལ་རིགས་གསུམ་ཛ་ལནྡྷར་དང་།ཤིང་ཀུན་མ་དང་སྤྱི་བོར་མཁར་པ་ལས།ཛ་ལནྡྷར་ཐོད་ཆེ་འཁོར་རྒྱ་ཆུང་།རྒྱུ་ཚོགས་ཆེ་ལ་སྐད་སྙན་རྒྱང་གྲགས་ཆེ།སྤྲེལ་ཐོད་སྦལ་ཐོད་ཇི་ལྟའང་གཞན་བས་ཆུང་།ཤང་ཤང་ཏེའུ་རེག་པའི་དུས་ཅན་ཕྱིར།།ཡི་གེའི་བརྡ་ལས་རིན་ཐང་གཞན་ཞེས་ཟེར།དཀོན་པའི་ཕྱིར་ན་ནོར་སྣར་གྲགས་པ་ཡིན།ཤིང་ཀུན་འཁོར་རྒྱར་དཔག་པའི་ཐོད་པ་ཆུང་།ཐོད་དབྱིབས་གོང་འདྲ་སྐད་འབོལ་སེར་མདངས་ཆེ།སྤྱི་བོ་མཁར་ལ་ཐོད་དབྱིབས་གསུམ་དུ་ཡོད།ར་ཐོད་ཙོང་ལ་སྦལ་ཐོད་ཐོད་ཟུར་ཆག །སྤྲེལ་ཐོད་ཟླུམ་ལ་རྩ་བ་ཉག་པ་སྟེ།འཁོར་རྒྱ་ཆེ་ཆུང་རན་ལ་འཁྲོལ་ཆ་ཆུང་།གསེར་ངམ་ཟིལ་པ་ཆགས་པ་ཚེ་འབྲུམ་ཅན།ནང་ལ་ཐོ་རིས་གསལ་ཞིང་སྲུབས་རིས་མེད།ཐོད་པ་རྩ་ནས་ལོ་མཐུར་སེ་གས་བསུ།སཱོ་ལ་སོང་མཚམས་ཤང་ཁ་གྱེན་ལངས་ཀྱི།ཁ་སྦྱར་བར་མཐའ་མ་རེག་ཙམ་དུ་ཡོད།རྒྱ་ནག་ཆེ་ཆུང་འཚམ་ལ་ཆུ་ཞེང་གབ།ཤང་ཁ་བཙན་ཚུགས་ཡོད་པས་འཁྲོལ་བ་དཀའ།མཐའ་མ་ཆ་ག་ནང་ལ་ཐོ་རྗེས་གསལ།སེར་གན་སྐད་སིལ་ཧོར་ལས་སྙན་ཆ་ཆུང་།སྦལ་ཐོད་མ་ཎི་ལནྫར་ཡོང་བ་ཡིན།བལ་སིལ་སྲབ་དང་བོད་སིལ་རྒྱུ་ཚོགས་ཅན།རྒྱ་ཧོར་གཉིས་དང་འགལ་བས་རྟོགས་པར་སླ།དེ་ལས་བོད་སིལ་སྙན་ཆ་ཆེ་བ་ཡིན།ཞེས་བཟོ་ཁྱད་སྐད་དང་བཅས་པའི་ཁྱད་པར་གསལ་པོར་བསྟན་ཏོ།།
སིལ་སྙན་དང་སྦུག་ཆལ་གྱི་འཛིན་སྟངས་མི་འདྲ་སྟེ།སིལ་སྙན་ཡིན་ན་ཐད་ཀར་དཀྲོལ་དགོས་ལ།སྦུག་ཆས་ཡིན་ན་སྟེང་འོག་བྱས་ཏེ་དཀྲོལ་དགོས་པ་ཡིན།དེ་ཡང་༼རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ༽ལས།སིལ་སྙན་འཁྲོལ་བ་ལྟ་བུ་ཞིག།ཡིན་ན་སིལ་སྙན་ཆེ་ཆུང་ལ།ལྟོས་པའི་དཀྲོལ་ལུགས་འབྱུང་གྱུར་ཏེ།ཆེ་ལ་མཐོ་དང་ཆུང་ལ་དམའ།ཡང་དོག་ཀྱང་ནི་གོ་རིམ་བཞིན།དེས་ན་ཆེ་ཆུང་གང་ཡིན་ཀྱང་།སིལ་སྙན་ཡིན་ན་ཐད་ཀ་དཀྲོལ།སྦུག་ཆལ་ཡིན་ན་སྟེང་འོག་བྱ།ཞེས་གསུང་པ་ལས་ཤེས་སླ། སིལ་སྙན་གྱི་དཀྲོལ་སྟངས་སྤྱིའི་ཤེས་བྱ་ལ།མཆོད་རོལ་ལྟ་བུའི་སྐབས་སུ་པད་ཀོར་ངང་ནས་བྱ་བ་ཡིན་ལ།དབྱངས་རོལ་ལྟ་བུའི་སྐབས་སུ་སུམ་བརྡེག་ལན་གསུམ་བཅས་བརྡེག་པ་ན།གཅིག་ལ་མནན་ཞིང་གཉིས་ལ་འདེག །གསུམ་པ་བཞི་པ་ལྔ་པ་རྣམས།།དེ་ཁའི་ངང་ཡིག་དྲུག་པ་ནི།ཅུང་ཟད་མནན་ཞིང་ཆུང་བར་བྱ།བཅུ་པ་མནན་ཞིང་ཆུང་བར་བྱ།བཅུ་གཅིག་ཆེ་ཞིང་རྡོག་རྗེས་འཇོག །འདིར་ནི་སྟར་གཅིག་བགྲངས་པ་ཡིན།སོ་སོར་འཕན་ན་འདི་ལར་བྱ།དང་པོ་ཆུང་ཡི་གཉིས་པ་ཆེ།འདི་གཉིས་རོལ་མོ་ཕལ་ཆེར་གྱི།།སྔོན་དུ་ངེས་པ་དགོས་པ་ཡིན།དེ་ཡི་རྒྱུ་མཚན་དང་པོས་ནི།།རོལ་མོ་བཅས་ཞིང་གཉིས་པས་ནི།།རོལ་མོ་ལེན་པ་ཡིན་པས་ན།།བཅས་ལ་ཆུང་དང་ལེན་པ་ཆེ།།ཞེས་དཀྲོལ་སྟངས་སྤྱི་ཙམ་མོ།། སིལ་སྙན་སྤྱོད་ཡུལ་སྤྱི་དང་བྱེ་བྲག་གི་སྐོར་ལ།སིལ་སྙན་ནི་མདོ་སྔགས་གཉིས་ལས་མདོའི་ཆོ་ག་དང་།སྔགས་ལས་ཞི་བའི་ཆོ་ག་གཏོང་སྐབས་མཆོད་རྔ་དང་ལྷན་དུ་དཀྲོལ་སྲོལ་མེད།ཡིན་ན་ཡང་གྲུབ་མཐའ་ཁག་དང་ཆོས་རྒྱུན་སོ་སོར་ཕྱག་བཞེས་སྣ་ཚོགས་ཡོད་པ་གཅིག་མ་ངེས་ཏེ།དཔེར་ན།རྗེ་ཙོང་ཁ་པ་ཆེན་མོའི་སློབ་མ་རྗེ་བཙུན་ཤེས་རབ་སེང་གེས་ཕྱག་བཏབ་པའི་ལྷ་སའི་རྒྱུད་སྨད་གྲྭ་ཚང་ལ་ཆ་བཞག་ན།འཇིགས་བྱེད་ཀྱི་བདག་བསྐྱེད་ཆོ་ག་གཏོང་སྐབས་དམིགས་བསལ་ནམ་མཁའ་བྱ་འཛིང་ཞེས་པ་ཞིག་དཀྲོལ་སྲོལ་ཡོད་པ་དང་།རྒྱུད་སྟོད་གྲྭ་ཚང་ལ་ནི་བྱང་ཆུབ་ཕྱག་བརྒྱ་མ་ཞེས་པའི་དཀྲོལ་ཚུལ་དང་།མཚུར་ཕུའི་དབྱར་འཆམ་ཆེན་མོའི་སྐབས་ཟླ་བ་ཡར་ཚེས་ཞེས་པའི་སིལ་སྙན་དཀྲོལ་ལུགས་ཡོད་པ་སོགས་ལས་མཚོན་ནུས་སོ།།


  • ལེ་ཚན་སྔོན་མ།:དྲིལ་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།