རྔའི་རིགས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-22

རྔའི་རིགས།
 

རྔ་ནི་བོད་ལ་ཆེས་སྔ་མོ་ཞིག་ནས་དར་བའི་རོལ་ཆའི་རིགས་ཤིག་སྟེ།བོན་གྱི་ལོ་རྒྱུས་སུ་སྔ་རབས་བོན་གཤེན་དུ་མ་རྔ་ལ་ཞོན་ནས་ནམ་མཁའ་ལ་འགྲོ་བའི་ལོ་རྒྱུས་ཡོད་ཅིང་།རྔའི་རིགས་ཀྱང་རྔ་བོ་ཆེ་དང་།སྒྲིག་རྔ་དང་།རྔེའུ་ཆུང་དང་།སྔ་རབས་བོན་གྱི་རོལ་ཆ་ཕྱེད་རྔ་ཞེས་རྔ་ངོས་ཡ་མ་དང་།རལ་པ་འཆམ་སྐབས་རྐེད་པར་འདོགས་བྱའི་རྐེད་རྔ་དང་།རྒྱུའི་ཁྱད་པར་སྒོ་ནས་བཏགས་ཤིང་གོང་གི་རྔའི་རིགས་ལས་ཁྱད་པར་ཅན་གྱི་འཁར་རྔ་དང་།རྫ་རྔ་དང་།རྡོ་རྔ་སོགས་རིགས་དུ་མ་ཡོད་པ་དང་།དེ་ལའང་རྒྱུ་ཤུག་པ་ལས་བཟོས་པ་དང་།སེང་ལྡེང་ལས་བཟོས་པ་དང་།རྫབ་ལས་བཟོས་པ་དང་།ཙན་དན་ལས་བཟོས་པ་དང་།གཞན་ཡང་སྲ་ཤིང་དཀྱུས་མ་ལས་བཟོས་ཤིང་སྐྱོ་འབུར་གྱི་འབྲུག་རིས་སོགས་རྒྱས་སྤྲོས་མཛེས་པའི་འབྲུག་རྔ་དང་།རྔ་ཤིང་ལ་སྐྱོ་འབུར་གསེར་ཤོག་སྦྱར་ཞིང་།སྒྲིག་རྔའི་ཡུ་བ་ལ་རྐོས་དཀྲོལ།རྔ་ལྤགས་ལ་ནོར་བུ་དགའ་འཁྱིལ་སོགས་བྲིས་པའི་གསེར་རྔ་དང་།ཤིང་དང་ཀོ་བའི་རང་མདོག་ལས་ཚོན་གཞན་མེད་པའི་སྐྱ་རྔ་སོགས་རྣམ་གྲངས་མང་ཞིང་།རྔའི་སྐད་ཁྱད་པར་ཅན་འབྱུང་ཞིང་དེ་ལ་རླན་དང་དྲོ་གྲང་གིས་མི་གནོད་པའི་ཐབས་ཀྱི་ལག་ཤེས་ཀྱང་མི་ཉུང་བ་ཞིག་ཡོད་པ་ལས།
རྔའི་སྐད་ཀྱི་འགྱུར་བ་ནི།གཙོ་བོར་རྔ་གཡོག་བྱེད་ཀྱི་ཀོ་བ་ལ་རག་ལས་པས།དེའི་རྫས་ལ་ཕ་གསུམ་དང་།མ་གསུམ།ནམ་མཁའ་དང་།བར་སྣང་།རྒྱ་མཚོ་བཅས་རྫས་དགུ་འཛོམ་དགོས་པར་བཤད་དེ།དེ་དག་ནི།ཀླད་པ།སུག་པ།མཁན་པ་གསུམ།གཡེར་མ།སྦང་མ།སྤུ་མ་གསུམ།རྒོད་ཤ།འབྲུག་རུས།སྲམ་ཚིལ་བཅས་དགུ་སྟེ།རྫས་དགུ་པོ་སྦྱར་བའི་ཆུ་ལ་རྔ་གཡོག་བྱེད་ཀྱི་ཀོ་བ་དེ་ཞག་གཉིས་སྦང་མཐར་བཀྲུས་ནས་སྐམ་རློན་རན་པར་གྱུར་པ་དང་།རྔ་ཤིང་ལ་བཀབ་སྟེ་འཐེན་ཞིང་ཕྱོགས་ཀུན་ཏུ་ཤིང་གི་གཟེར་མ་བཏབ་ནས་ཐང་ལྷོད་མེད་པར་གཡོགས་པའི་སྟེང་།ཚོན་དང་བཀྲ་རྩི།རྔ་ཤིང་ལ་སྐྱོ་འབུར་འབྲུག་རིས་སོགས་གང་འདོད་བྲིས་པས་གྲུབ་ལ།དེ་ལྟར་རྫས་ཐམས་ཅད་ཚང་ཞིང་ལག་ལེན་ཕུན་སུམ་ཚོགས་པར་བྱས་ཏེ་གྲུབ་པའི་རྔའི་སྒྲ་ནི།དུས་དང་རྣམ་པ་ཀུན་ཏུ་གཡུ་འབྲུག་གི་སྐད་དང་མཚུངས་ཞེས་སོ།།  ཡང་ལུགས་གཅིག་ལ།རྔ་དང་ཅང་ཏེའུ་སོགས་གཡོགས་ན།ཀོ་བ་སྐྱོན་མེད་པར་ཤ་དང་སྐྱི་ནག་མེད་པར་བཞར།སྦང་མ་གསར་བ་བཙིར་བའི་ཁུ་བ་བྲེ་དོ་ལ།ཕབ་ཆང་ནོན་ཅིག །ཕུག་རོན་རིལ་མ་སྤར་གང་གི་ཕྱེ་མ་བཏབ་པ་དེ་མེ་ལ་བསྲོས་ནས་རླངས་པ་ཕལ་གྱིས་ཐོན་པ་དང་།རྔ་གཡོགས་དེ་གོང་གི་ཆུའི་ནང་དུ་ཞག་གསུམ་སྦངས་མཐར་བཏོན་ནས་ཆུ་བཙིར།དེ་ནས་ཞག་བདུན་བར་ཕུར་བརྒྱང་བྱ་ཞིང་སྐམ་ཐག་ཆོད་པ་དང་།མདོག་དཀར་ཞིང་སྐད་བཟང་པོ་འབྱིན་པའི་རྫས་ཏེ།སྦང་མ་གསར་པ་བཙིར་བའི་ཁུ་བའི་ནང་།ཀོ་བའི་ཆུ་སེར་འབྱིན་པའི་རྫས་མཚུར་དཀར་སྒོག་ལྐོག་གང་།སྒྲ་ལྡིར་བར་བྱེད་པའི་རྫས་ར་ལུག་གི་ཀླད་པ་ཐུར་འགོ་གང་།སྐད་ཆེ་ཞིང་བཟང་བར་བྱེད་པའི་རྫས་བྱང་བུལ་སྒོ་ང་གང་།མེ་དང་།ཉི་འོད།ལྷགས་པ་བཅས་ཀྱིས་མི་གནོད་པའི་རྫས་ཕྱུགས་ཆེན་གྱི་རྒྱུངས་པ་ཐུར་འགོ་གང་།གནམ་བད་དར་རླན་གྱིས་མི་ཚུགས་པའི་རྫས་སུག་ཕྱེ་ཁྱོར་གང་།མདོག་ལེགས་ཤིང་ཐན་པ་ཐུབ་བྱེད་ཞོ་སྐྱ་ཕུལ་གང་བཅས་བཏབ་ལ།རྔ་བོ་ཆེ་གཡོགས་པའི་ཀོ་བའམ།ཡང་ན་སྒྲིག་རྔ་སོགས་གཡོགས་པའི་ཀོ་བ་འབོར་ཆེན་བཟོ་ན་དེ་ལུགས་རྫས་ཀྱང་མང་དགོས་པའི་ཚད་མཐུན་ཤེས་བཞིན་དུ།རྫས་དེ་དག་སྦྱངས་པའི་ཆུ་ལེགས་པར་བསྲོས་པའི་ཁུ་བའི་ནང་སྦང་ཞིང་རློན་མཉེ་ཡུན་རིང་བྱས་མཐར་ཆུ་གཙང་ནང་བཀྲུས་ནས།ཡང་བསྐྱར་གོང་གི་རྫས་བདུན་པོའི་ནང་དུ་ལན་གཅིག་སྦང་མཐར་བཏོན་ཏེ།གཅུད་ཕུར་གྱིས་ཐེངས་གསུམ་ནས་བཞིའི་བར་ཆུ་མེད་པར་བཙིར།ཕྱི་ངོས་ཀྱི་ར་རི་ནག་ནོག་སོགས་ལེགས་པར་བཞར་ནས་འཇམ་པོ་བྱས་ནས་གཡོག་བརྒྱབ་རྗེས།ཞག་གསུམ་རིང་མེ་ཉི་དང་ལྷགས་པ་གང་ཡང་མི་ཕོག་སའི་མུན་པར།ཐུག་རེག་མེད་པར་དཔྱངས་ནས་བཞག །དེ་ནས་གཡོགས་སྟངས་སྔ་མ་ལྟར་ལ་རི་མོ་བཀྲག་མདངས་ཚར་དུ་དངར་བ་བྱས་ནས་འགྲུབ་ཚུལ་ནི་མི་ཕམ་པའི་ཞལ་རྒྱུན་ནོ།། དེ་ལྟར་རྫས་དང་ལག་ལེན་ཚད་དང་ལྡན་པ་བྱས་པའི་རྔ་ནི།འུར་ལྡིང་སྒྲ་སྙན་རྒྱང་སྐད་ཆེ།དུས་ཀྱི་ཐང་ལྷོད་འབྱུང་མི་འགྱུར།།སོགས་ཀྱི་ཡོན་ཏན་དུ་མ་ལྡན་པའང་བཤད་དོ། གོང་དུ་བཤད་པའི་རྔའི་བཟོ་ཐབས་ཀྱི་ལག་ཤེས་ནི་ཀོ་བ་གཡོགས་ཅན་གྱི་རྔའི་བཟོ་ཐབས་ཁོ་ན་ཙམ་སྟེ།འཁར་རྔ་ཆེ་ཆུང་བཟོ་བའི་རྒྱུ་ནི།རབ་ལི།འབྲིང་མཁར་བ།ཐ་མ་རག་སྟེ་བཟོ་ཐབས་སྐད་ལི་བཟོ་བའི་ཤེས་བྱ་ལྟར་ཏེ།སྤྱོད་སྒོ་ཕལ་ཆེར་དགེ་འདུན་པ་ཚོགས་བསྡུ་བ་སོགས་ཀྱི་བརྡ་གཏོང་བྱེད་དོ།། རྡོ་རྔ་ནི།རྡོ་རྒྱུ་སྲ་བས་ལྕགས་སྐད་འབྱུང་བའི་རྡོ་ལེབ་སྟེ།སྔར་རི་ཁྲོད་པ་དང་འཚམས་པ་བ་ལ་བརྡ་གཏོང་བྱེད་ཙམ་ཡིན་ཡང་།དེང་སང་རོལ་དབྱངས་ཆེ་གྲས་སུ་དཀྲོལ་བཞིན་པ་ཐོས་སོ།། རྔ་སོ་སོར་སྤྱོད་སྒོ་ཡང་མི་འདྲ་བ་རེ་ཡོད་པ་ནི།མཆོད་རྔ་ནི་མཆོད་པའི་སྐབས་བེད་སྤྱོད་པ་དང་།འཁར་རྔ་དང་རྫ་རྔ་ནི་དགོན་པ་ལ་ལར་གར་འཆམ་འཁྲབ་སྐབས་སེར་སྦྲེངས་ཀྱི་ནང་བསྒྲིགས་པ།རྔ་བོ་ཆེ་ནི་དགེ་འདུན་འདུས་ཚོགས་ཆེན་མོ་དང་ཁྲིམས་ལུགས་ཁྱབ་བསྒྲགས།ཕོ་བྲང་ཆེན་པོའི་སྒོ་འབྱེད།དབྱར་འཆམ་ཆེན་མོ་སོགས་ཀྱི་སྐབས་སུ་རོལ་མོ་ཁང་གི་གཡས་གཡོན་ནས་བརྡུང་བ།རྔ་ཕྲན་ནི་གིང་སོགས་འཁྲབ་སྐབས་ལག་ཏུ་འཁྱེར་བ།སྐེད་རྔ་ནི་ཀོང་བྲོ་སོགས་འཁྲབ་སྐབས་སྐེད་པར་བཏགས་ཏེ་བརྡུང་བ།མདོ་མདར་མ་ནི་མཆོད་སྤྲིན་གར་རོལ་སོགས་ཀྱི་སྐབས་སུ་བརྡུང་བ་སོགས་མང་།རྔ་པ་ཞིག་ཡིན་ཚེ་ཐོག་མར་རྔ་ཡི་སྐད་གནས་ལ་བྱང་བར་སློབ་དགོས་ལ།བརྡུང་པའི་ཚེ་ན་ཡང་།རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུག །རི་རབ་གླིང་བཞིའི་མཐའ་མི་བསྐོར།རི་ཐང་མཚམས་ཀྱི་བྲག་མི་བཤག །རི་དྭགས་རྒྱལ་པོའི་གདོང་མི་བསྣུན།ཞེས་གསུངས་པ་ལྟར།མཐའ་དང་དཀྱིལ་གཉིས་སུ་མ་ཡིན་པར་སུམ་གཉིས་ཡར་ཕུད་པའི་སར་བསྣུན་ཚེ་སྐད་ལེགས་པར་ཐོན་ལ།ལག་པའི་ཤུགས་གང་ཡོད་ཀྱིས་བརྡུངས་ན་སྒྲ་ཕྱིར་འགྱེད་ཀྱི་སྒྲ་རླངས་ལ་གནོད་སྐྱོན་ཡོད་པས་རྔ་གཡོག་ཀྱང་འཕྲུལ་ཡང་ལྷོད་གསུམ་གྱི་སྒོ་ནས་བསྣུན་ཚེ།སྐད་ཀྱང་གསང་ཞིང་ཁྱབ་འགྱེད་ཆེ་ལ་སྙན་པ་ཞིག་འབྱུང་བ་ཡིན།རྒྱུ་མཚན་དེའི་ཕྱིར་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ལས་ཀྱང་།དེ་ན་གང་དུ་བརྡུངས་པ་ནི།ཡུ་བའི་ཐད་ཀྱི་རྔ་རི་ནས།སོར་མོ་དྲུག་བདུན་གང་རུང་ཉིད།།གཞལ་བའི་མཚམས་སུ་བརྡུངས་པ་ན།།འདོད་དོན་ཐམས་ཆད་འགྲུབ་པ་ཡིན།ཞེས་གསུངས་པ་བཞིན་དང་།ཡང་རྔ་ལ་ཞི་རྒྱས་དབང་དྲག་གི་བརྡུང་སྟངས་མི་འདྲ་བ་རེ་དགོས་ཚུལ་ལ།སློབ་དཔོན་ཙནྡྲ་གོ་མིས།ཞི་བའི་རྔ་རྡུང་བྱེད་པ་ན།དེ་ཡི་ཉམས་དང་ལྡན་པར་བྱ།རྔ་ཐབས་དལ་ལ་ལྷོད་པར་བརྡུང་།རྒྱས་པའི་རྔ་རྡུང་བྱེད་པ་ན།སྒེག་ཅིང་དཔའ་བའི་ཉམས་ཀྱིས་བྱ།རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང་།དབང་གི་རྔ་རྡུང་བྱེད་པ་ན།ཆགས་ཤིང་མཛེས་པའི་ཉམས་ཀྱིས་བྱ།རྔ་ཐབས་སྙན་ལ་འཇེབས་པར་བརྡུང་།།དྲག་པོའི་རྔ་རྡུང་བྱེད་པ་ན།རྩུབ་ཅིང་ཁྲོ་བའི་ཉམས་ཀྱིས་བྱ།རྔ་ཐབས་དྲག་ལ་མྱུར་བར་བརྡུང་།དྲག་བརྡུང་རྒྱུན་ཆགས་བྱེད་པ་ན།གནམ་ལྕགས་ལྟར་ཡང་དབབ་པར་བྱ།ཞེས་གསུངས་པ་སོགས་རྔ་རྡུང་གི་བསྟན་བཅོས་དང་ལག་ལེན་དངོས་ལས་ཤེས་པར་བྱའོ།།
འཁར་རྔ་ནི།རྒྱུ་འཁར་བ་ལས་བླུགས་པས་མིང་དེ་ལྟར་ཐོགས་ཤིང་།ཕྱོགས་གཅིག་ལས་མེད་པས་དགོན་པའི་འཁར་རྔ་ཡ་མེད་གཅིག །དཔོན་གྱི་བཙན་གཏམ་ཡ་མེད་གཉིས།ཟེར་བ་ལྟར་ཏེ།བཟོ་ཐབས་ལུགས་བཟོ་སྐབས་སྐད་ལི་བཟོ་ཐབས་ལས་བཤད་ཟིན་པ་ལྟར་དང་།སྤྱོད་སྒོ་ནི་འཁར་རྔ་ཆེ་རིགས་ནི་དགེ་འདུན་པ་ལ་འཚོགས་བརྡ་གཏོང་ཡས་དང་།ཆུང་བ་ལ་ཇ་རྔ་ཞེས་ཀྱང་བརྗོད་དེ།ཇ་འདྲེན་རན་པའི་བརྡ་ཆུང་རིགས་གཏོང་ཡས་དང་།རོལ་མོ་རྒྱ་ཆེན་པོ་དཀྲོལ་སྐབས་རྔམ་པའི་སྒྲ་ཆེར་བསྐྱེད་པར་རེ་རེ་ཙམ་རྡུང་བའང་ཡོད་ཙམ་ལས་རྒྱུན་ལྡན་གྱི་རོལ་མོར་མི་སྤྱོད་དོ།།
  • ལེ་ཚན་སྔོན་མ།:ཌ་མ་རུ།
  • ལེ་ཚན་རྗེས་མ།:རགས་དུང་ངམ་དུང་ཆེན།