ཚན་རྩལ་ཚགས་པར། 2012-06-25
ཟས་དུག་ཕོག་པ་བཀག་འགོག་བྱེད་པར་གཙོ་བོ་སྔོན་འགོག་དང་ཟས་རིགས་ལ་གཙང་སྦྲ་བྱེད་པ་ཡིན་ལ། ནད་རིགས་ཀུན་གྱི་འཇུག་སྒོ་ཁ་ཡིན་ཞེས་པར་གཟབ་དགོས།གཅིག ཟས་རིགས་ཀྱི་གཙང་སྦྲར་ལྟ་རྟོག་དང་ཟ་ཁང་གི་གཙང་སྦྲ་བཟང་བོ་བྱས་ཏེ་ནད་ཀྱིས་ཤི་བའི་བྱ་དང་ཕྱུགས་རིགས་ཀྱི་ཤའམ་གཞན་ངོ་བོ་འགྱུར་བའི་ཤ་སོགས་མི་བཟའ་བར་སྤང་དགོས།
གཉིས། ཟས་རིགས་འཁྱགས་ཉར་བྱེད་སྐབས་ངེས་པར་དུ་སྤུས་གསར་གཉིས་ལྡན་བྱ་དགོས་ལ། སྲོག་ཆགས་ལས་བྱུང་བའི་ཟས་རིགས་མ་ཟོས་སྔོན་ངེས་པར་དུ་ཚོས་ཐག་ཆོད་པ་བྱེད་དགོས། གང་ཐུབ་ཀྱིས་དུས་ཡུན་རིང་བོ་འགོར་བའི་ཟས་ལྷག་དང་ཚལ་ལྷག་ཉུང་བཟའ་བྱེད་དགོས་ཏེ། གལ་ཏེ་དེ་རྣམས་མང་པོ་ཟ་སྐབས་ངེས་པར་དུ་ཚན་འདེ་བྱས་ནས་འབུ་ཕྲ་རང་བཞིན་གྱི་ཟས་དུག་ཕོག་པར་སྔོན་འགོག་བྱེད་དགོས། གསུམ། གཡོས་སྦྱོར་བྱེད་དུས་རྗེན་པ་དང་ཚོས་མ་སོ་སོར་བཀར་ནས་ཕན་ཚུན་ལ་སྦག་བཙོག་མི་ཐེབས་པ་བྱེད་དགོས།བཞི། རྒྱུན་པར་སེན་མོ་བཏོག་པ་དང་། ཟས་མ་ཟོས་པའི་སྔོན་དང་སྤྱོད་ཁང་དུ་བུད་རྗེས་ལག་པ་གཙང་མར་བཀྲུ་བའི་གོམས་སྲོལ་བཟང་བོ་ཆགས་པར་བྱས་ནས་རིམས་ནད་འགོ་བར་སྔོན་འགོག་བྱེད་དགོས། ལྔ། ཕྱི་ཐུམ་བརྒྱབ་ཡོད་པའི་ཟས་རིགས་ཉོ་སྐབས་དེའི་ཐོན་སྐྱེད་དུས་ཚོད་དང་འཇོག་ཡུན་བཅས་ལ་གསལ་བོར་ལྟ་དགོས།གོང་དུ་བཤད་པའི་འབུ་ཕྲ་རང་བཞིན་གྱི་ཟས་དུག་ཕོག་པ་ནི་མི་རྣམས་ཀྱིས་ནད་འབུ་ཕྲ་མོའམ་ནད་འབུ་ཕྲ་མོའི་དུག་རྒྱུས་སྦགས་བཙོག་བཟོས་པའི་ཟས་རིགས་ཟོས་པ་ལས་མྱུར་བའི་རང་བཞིན་གྱི་དུག་ཕོག་པ་དེ་ལ་ཟེར། ནད་དེའི་ནད་ཐོག་མངོན་ཚུལ་མི་འདྲ་བར་བལྟས་ནས་རིགས་གཉིས་སུ་བཀར་ཡོད་སྟེ། ཕོ་རྒྱུའི་རིགས་དང་དབང་རྩའི་རིགས་ཡིན། ཕོ་རྒྱུའི་རིགས་ཀྱི་ཟས་དུག་ཕོག་པའི་ཁྱད་ཆོས་ནི་མཉམ་དུ་ནད་ཕོག་པ་དང་ནད་དེའི་མི་མངོན་པའི་དུས་ཡུན་ཐུང་བ། མྱུར་དུ་སྐྱུགས་ལངས་བ་དང་སྐྱུགས་པ། གསུས་པ་ན་བ་དང་བཤལ་བ། དབྱར་ཁར་མང་དུ་འབྱུང་བ་ཡིན། ནད་དེ་སྔོན་འགོག་བྱེད་ཐབས་ནི་བཟའ་བཏུང་འཕྲོད་བསྟེན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། བཟའ་བཏུང་གི་འཕྲོད་བསྟེན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བྱེད་པ། གཙང་མ་མིན་པའམ་ངོ་བོ་འགྱུར་བ། མ་ཚོས་པའི་ཤ་རིགས་མི་ཟ་བ། དུག་སྦྲང་དང་བྱི་བ་སོགས་ནད་གཞི་འགོ་ཁྱབ་བྱེད་མཁན་རྩ་མེད་དུ་གཏོང་དགོས་པ། དོགས་ཡོད་ཀྱི་ནད་དཔེ་མཐོང་ཚེ་ངེས་པར་དུ་དོགས་ཡོད་ཀྱི་ཟས་རིགས་ཟ་མཚམས་འཇོག་དགོས་པ། ནད་གཞི་འགོག་བཅོས་ཀྱི་བྱེད་ཐབས་དག་གསལ་བོ་བཟོས་ནས་འགོ་ནད་སྔ་མོ་ནས་ཚོད་འཛིན་དང་སྔོན་འགོག་བྱེད་དགོས། དབང་རྩའི་རིགས་ཀྱི་ཟས་དུག དབང་རྩའི་རང་བཞིན་གྱི་ཟས་དུག་ཕོག་པ་ནི་ཤ་དུག་དབྱུག་སྲིན་ཕུད་པའི་དུག་རྒྱུ་འདུས་པའི་ཟས་རིགས་ཟོས་པ་ལས་ནད་གཞི་སློང་བ་ཞིག་ཡིན། ནད་ཐོག་མངོན་ཚུལ་ནི་མིག་ཤ་དང་ལྕེ་རྩེར་ཚོར་སྦྲིད་བྱེད་པ་དང་། སྔོན་འགོག་བྱེད་ཐབས་གཙོ་བོ་ནི་རུལ་བ་དང་སྐྱུར་ལངས་བའི་བཟའ་བཏུང་གི་རིགས་མི་ཟ་བ་དང་། ཟས་རིགས་སྙལ་མ་དང་ལྕགས་ཀྲིན་གྱི་ཟས་རིགས་མི་ཟ་བ་བྱེད་དགོས། སྨན་བཅོས་ཐད་ཐོག་མར་ཕོ་བ་འཁྲུད་དགོས་པ་དང་། ཟས་མིད་དཀའ་བ་དང་དབུགས་གཏོང་ལེན་དཀའ་བའི་ནད་པར་སྐབས་བསྟུན་སྨན་བཅོས་བྱེད་དགོས། ཆིང་མེ་སུའུ་ཡི་དུག་སྲིན་འགོག་སྨན་མང་ཙམ་འཐུང་ནས་རྒྱུ་ལམ་གྱི་ཤ་དུག་དབྱིག་སྲིན་གྱི་འདུས་ཚད་ཇེ་ཉུང་དུ་གཏོང་དགོས་པ་དང་། དེ་བཞིན་གང་མགྱོགས་སྒོས་དུག་འགོག་སྨན་རྫས་མང་པོ་འཐུང་ནས་ལུས་ནང་གི་དུག་རྒྱུའི་ནུས་པ་སྔོན་འགོག་བྱེད་དགོས།
རྩོམ་གསར། 10