རིག་འཛིན་རྡོ་རྗེ། 2011-08-10
༡ ཤ་རྒྱགས་ཆེ་བ།
ཁྱིམ་བདག་མང་ཆེ་བས་བྱིས་པ་ཅི་ལྟར་ཤ་རྒྱགས་ན་དེ་ལྟར་བདེ་ཐང་ཡིན་པར་འདོད་མོད། དོན་དངོས་སུ་བྱིས་པའི་དུས་སུ་ཤ་རྒྱགས་ཆེ་ན་གཟུགས་སྐྱེས་ལུས་མི་ཡག་པར་མ་ཟད། ཁྲག་སྤྲི་མཐོ་བར་འགྱུར་བ་དང་མཆིན་པ་ཚིལ་འགྱུར། ཁྲག་ཤེད་མཐོ་བ་དང་ཟས་མི་འཇུ་བ་སོགས་ཀྱི་ནད་འབྱུང་སླ་བ་དང་། རྐང་བའི་དབྱིབས་ཚུགས་ཀྱང་འགྱུར་སྲིད།
༢ ཤ་འབྱར་ལུས་འབྱར་གྱི་ལྭ་བ་གོན་པ།
བྱིས་པའི་དུས་སུ་ཤ་འབྱར་ལུས་འབྱར་གྱི་ལྭ་བ་གོན་ན་ལུས་པོ་ལག་ཆགས་པར་གནོད་པ་ཡོད་ལ་བུ་ཚ་རྣམས་ཀྱིས་རྐང་ཐུང་གོན་ན་རླིག་འབྲས་དང་སྐྱེ་འཕེལ་དབང་བོ་འཚར་ལོངས་ལ་གནོད་པ་ཐེབས་སྲིད་པ་དང་། བུ་མོ་ཚོར་གཅིན་ལམ་དང་མཚང་ཁོག མངལ་ལམ་སོགས་ཀྱི་གཉན་ཚད་འབྱུང་ངེས།
༣ མལ་ས་ཤིན་ཏུ་སྙི་སར་ཉལ་བ་དང་བསྔས་མགོ་མཐོན་པོ་འཇོག་པ།
བྱིས་པའི་དུས་ཀྱི་རུས་པ་ནི་ཧ་ཅང་མཉེན་མོ་ཡིན་པས་ཆུང་དུས་ནས་མཐུག་ཅིང་སྙི་བའི་མལ་སར་ཉལ་ན་རུས་པ་སྲ་ཆགས་མི་ཐུབ་ལ་དངོས་པོ་སྲ་མོ་ལ་འཕྲད་ན་ན་ཟུག་ཀྱང་བསྲན་མི་ནུས། དེ་མིན་སོག་པ་སྒུར་བ་དང་སྒལ་བའི་གཞུང་རྩ་ལའང་གནོད་སྐྱོན་ཐེབས་སྲིད། གཞན་བསྔས་མགོ་མཐོན་པོ་བཞག་ན་སྐེ་ཚིགས་འགྱུར་འགྲོ་བ་དང་ཚབས་ཆེ་ན་རུས་འཛེར་སྐྱེ་བ། དབང་རྩའམ་རྩ་དཀར་ན་བ་སོགས་འབྱུང་ངེས།
༤ ངོ་འཕུར་དྲི་ཅན་བྱུག་པ་དང་སྐྲ་སི་ལི་བྱེད་པ།
བྱིས་པའི་སྐྱི་པགས་ནི་སྲབ་ཅིང་མཉེན་པས་ངོ་འཕུར་ཤིན་ཏུ་དྲི་ཆེ་བ་བྱུག་ན་དེའི་ནང་གི་རྫས་འགྱུར་དངོས་པོས་སྐྱི་པགས་ལ་ནད་སྣ་ཚོགས་འབྱུང་བར་མ་ཟད་དགུན་ཁར་སྐྱི་པགས་ལ་སེར་ཁ་བཀས་སླ། རྒྱུན་ཏུ་སྐྲ་ལོ་སི་ལི་བཟོས་པ་སྟེ་སྐྲ་བསྡམས་པ་སོགས་བྱས་ན་སྐྲའི་རྒྱུ་བར་གནོད་པ་དང་སྲབ་ཅིང་སྙི་བའི་མགོ་པགས་ལ་ཕོག་ཐུག་འབྱུང་སྲིད།
༥ རྒྱུན་ཏུ་འགྲམ་པ་ལག་པས་སྐྱོར་བ།
བྱིས་པ་ཚོས་རྒྱུན་དུ་ལག་པ་གཉིས་ཀྱིས་འགྲམ་པ་སྐྱོར་ན་སོ་ཕྲེང་རྒྱུན་ལྡན་ལྟར་སྐྱེ་བར་གནོད་ཅིང་། གལ་སྲིད་འགྲམ་པ་ལག་པས་སྐྱོར་རྒྱུ་ལོབས་སོང་ན་གཟུགས་གཞི་དྲང་མོར་བྱེད་མི་ཐུབ་པར་མ་ཟད། སྒལ་ཚིགས་འཚར་ལོངས་འབྱུང་རྒྱུར་ཡང་གནོད་པ་ཆེ།
༦ ཀོ་ལྷམ་གོན་པ།
ཀོ་ལྷམ་ནི་ཅུང་སྲ་མོ་ཡིན་ལ་བསྐྱེད་བསྐུམ་གྱི་ཚད་ཆུང་བ་ཡིན། བྱིས་པའི་རྒྱུས་པ་མཉེན་ལ་རུས་རྐང་སྙི་བས་ཆུང་དུས་ནས་ཀོ་ལྷམ་གོན་ན་རྐང་བའི་དབང་རྩ་དང་ཁྲག་རྩར་བཙིར་གནོན་ཐེབས་ནས་རྐང་བའི་དབྱིབས་འགྱུར་བ་དང་། རྩ་མདུད་རྒྱག་པ་སོགས་ཀྱི་ནད་འབྱུང་ངེས།
༧ ཅོག་ཙེ་ལ་མགོ་བོ་བསྔས་ཏེ་གཉིད་པ།
བྱིས་པ་ཚོ་ཅོག་ཙེ་ལ་མགོ་བོ་བསྔས་ཏེ་གཉིད་ན་གཉིད་སྟངས་མི་འགྲིག་པས་རྨི་ལམ་འཁྲུགས་པ་དང་། བྲང་ཁོག་གི་འཚར་ལོངས་ལ་གནོད་ནས་གློ་དབུགས་ཤོང་ཚད་ཇེ་ཆུང་དུ་འགྱུར་བ་ཡིན་ལ་འགུལ་སྐྱོད་ཅུང་ཙམ་བྱས་ཀྱང་དབུགས་འཚངས་ངེས་ཡིན། གཟུགས་གཞི་དྲང་མོ་ཡོང་བར་ཡང་གནོད་པ་ཆེ།
༨ རྒྱང་རྒྱུག་རྩལ་སྦྱོང་བྱེད་པ།
བྱིས་པའི་དུས་ནས་རྒྱང་རྒྱུག་རྩལ་སྦྱོང་བྱས་ན་སྙིང་ཤག་ཤ་གནད་མཐུག་པོར་གྱུར་ཏེ་སྙིང་ཁམས་ཀྱི་ཤོང་ཚད་ཆེ་ཆུང་དུ་འགྱུར་བ་དང་གློ་སྙིང་གི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། དེ་མིན་འཚོ་བཅུད་སྙོམས་སྒྲིག་ལ་བར་ཆད་བཟོ་བ་དང་གཟུགས་སྐྱེ་བར་གནོད།
༩ ཟ་མ་ཟོས་རྗེས་འགུལ་སྐྱོད་བྱེད་པ།
ཟ་མ་ཟོས་མ་ཐག་འགུལ་སྐྱོད་བྱས་ན་ལུས་པོའི་འགུལ་ཕྱོགས་ལྟར་ཕོ་བ་སོགས་ནང་ཁྲོལ་ཡར་སྐྱོམ་མར་ལྟེམ་བྱེད་སྲིད་པས་ཕོ་བ་དང་རྒྱུ་མ་སོགས་ཀྱི་བྱེད་ནུས་ལ་གནོན་ཤུགས་སྟེར་བས་ཡི་ག་ལྡོག་པ་དང་ཟས་རོ་སྐྱུག་པ། རྒྱུ་ལྷག་གི་ནད་སོགས་འབྱུང་ངེས།
༡༠ ཆུང་དུས་ནས་ཤ་གནད་སྦྱངས་པ།
ཆུང་དུས་ནས་ཤ་གནད་སྦྱངས་ན་ལུས་སྟོབས་རྫོགས་མེད་པས་དར་གྱི་དཔྱངས་ཐག་བཅུ་གསུམ་གཙོ་བྱས་པའི་དབང་རྩའི་ཁག་ལ་གནོད་པ་ཐེབས་ངེས་པ་དང་རུ་ཐུང་སོགས་གློ་སྙིང་གི་ཁྲག་རྩར་གནོན་ཤུགས་ཐེབས་པས་གློ་སྙིང་གི་ནུས་པ་རྒྱུན་ཏུ་འཚར་ལོངས་འབྱུང་དཀའ།
༡༡ ཞོར་ཟས་ཟ་བ།
བྱིས་པའི་ཞོར་ཟས་སྣ་ཚོགས་ཟོས་ན་བྱིས་པ་ནི་བད་ཀན་གྱི་ན་སོའི་དུས་ཡིན་པས་འཇུ་སྟོབས་ལ་གནོད་པ་དང་ཞོར་ཟས་ལ་རྫས་འགྱུར་གྱི་རྫས་སྣ་ཚོགས་ཀྱིས་བསླད་ཡོད་པས་བྱིས་པར་ཕོ་རྒྱུ་མཆིན་གསུམ་གཙོ་བྱས་པའི་ནད་སྣ་ཚོགས་འབྱུང་བའི་རྐྱེན་དུ་འགྲོ་བ་ཡིན།
རྩོམ་གསར། 10