སྔོ་གཟན་ལས་སྣོན་དང་གསོག་ཉར་གྱི་ལག་རྩལ།
ཤ་བོ་རིན་མཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-08-10
གཅིག སྔོ་གཟན་བསྙལ་བའི་ལག་རྩལ་གྱི་གནད་འགག
1.གཏུབ་པ་དང་བཅགས་བྱས་ནས་དབྱང་རླུང་རྒྱུ་མི་ཐུབ་པ་བྱེད་དགོས།
སྔོ་གཟན་བསྙལ་བའི་རྒྱུད་རིམ་ཁྲོད་རྒྱུ་ཆ་གཏུབ་པ་ཅི་ལྟར་ཐུང་བ་དང་ཅི་ལྟར་བཅགས་སོང་བ། ཅི་ལྟར་ཁ་དམ་པ་བཅས་ཡིན་ན་དེ་ལྟར་བཟང་།
བཅགས་ནན་མོ་སོང་ན་ད་གཟོད་དབྱང་རླུང་རྒྱུ་མི་ཐུབ་པའི་ཆ་རྐྱེན་སྐྲུན་ཐུབ་པ་དང་། འོ་སྐྱུར་འབུ་ཕྲ་དང་ཆི་མའེ་འབུ་ཕྲ་ད་གཟོད་མྱུར་དུ་སྐྱེད་ཐུབ་པ་མ་ཟད། ཆི་མའེ་འབུ་ཕྲ་དང་གནོད་འབུ་གཞན་དག་འགོག་ཐུབ། དེ་བས་སྔོ་གཟན་རྒྱུ་ཆ་ངེས་པར་དུ་ཐུང་ངུར་གཏུབ་དགོས་པ་དང་། དེའི་རིང་ཚད་ལིས་མིས་གཉིས་ནས་ལྔ་ཡིན་ན་བཟང་། གཏུབ་རྗེས་རིམ་པ་བཞིན་བསྙལ་དོང་དུ་འཇོག་པ་དང་འཇོག་ཞོར་དུ་བཅགས་བྱེད་དགོས།
2.ཆུའི་འདུས་ཚད་འོས་འཚམ་ཡིན་དགོས།
སྔོ་གཟན་རྒྱུ་ཆུའི་ནང་དུ་ཆུའི་འདུས་ཚད་བརྒྱ་ཆའི་རེ་ལྔ་ནས་བརྒྱ་ཆའི་དོན་ལྔ་ཡི་བར་ཡིན་ན་འོས་འཚམ་ཡིན་པ་དང་། ཐོན་སྐྱེད་ཁྲོད་རྒྱུན་དུ་གཤམ་གྱི་བྱེད་ཐབས་སྤྱད་ནས་ཚད་འཇལ་བཞིན་ཡོད་པ་སྟེ། རྒྱུ་ཆ་གཏུབ་མ་སྤར་གང་བླངས་ནས་ཅུང་ཟད་ཕུར་བ་དང་། ཕྱིས་སུ་ཤེད་ཀྱིས་བཙུར་ན་མཛུབ་བར་ནས་ཆུ་འཛུམ་ཚེ་ཆུའི་འདུས་ཚད་འོས་འཚམ་ཡིན། གལ་ཏེ་ཆུ་མ་འཛུམ་ཚེ་ཆུ་མ་འདང་བ་ཡིན་པས་ཆུ་ཅུང་ཟད་སྣོན་པའམ་ཆུ་འདུས་ཚད་མང་བའི་གཟན་ཆས་ངེས་ཅན་ཞིག་སྣོན་དགོས། གལ་ཏེ་མཛུབ་བར་ནས་ཆུ་ཐིགས་མང་པོ་ཐོན་ཚེ་ཆུ་མང་སོང་བ་ཡིན་པས་རྩྭ་སྐམ་མམ་གཟན་ཆས་སྐམ་པོ་འོས་འཚམ་ཁ་སྣོན་བྱ་དགོས།
3.རྒྱུ་ཆའི་ནང་ངེས་པར་དུ་མངར་ཆ་འོས་འཚམ་ཞིག་འདུས་དགོས།
འོ་སྐྱུར་དུ་འགྱུར་བའི་དགོས་མཁོ་སྐོང་བའི་ཆེད་དུ་སྔོ་གཟན་རྒྱུ་ཆུའི་ནང་དུ་མངར་ཆ་འདང་ངེས་ཤིག་འདུས་དགོས། དེའི་མངར་ཆའི་འདུས་ཚད་བརྒྱ་ཆའི་གཅིག་ལས་ཉུང་མི་རུང་། སྙེ་མ་ཅན་གྱི་སྐྱེ་དངོས་སམ་སོག་རྩྭའི་ནང་གི་མངར་ཆའི་འདུས་ཚད་སྔོ་གཟན་གྱི་བླང་བྱ་དང་མཐུན་པས་སྔོ་གཟན་རྐྱང་བསྙལ་བྱས་ཆོག སྲན་རིགས་ཀྱི་གཟན་རྩྭའི་ནང་དུ་མངར་ཆའི་འདུས་ཚད་ཉུང་བས་བརྒྱ་ཆའི་གསུམ་ནས་བརྒྱ་ཆའི་ལྔ་ཡི་ཕྱེ་དང་ཕུབ་མ་བསྣན་ནས་མངར་ཆ་ཇེ་མང་དུ་གཏོང་བའམ་ཡང་ན་སྙེ་མ་ཅན་གྱི་གཟན་ཆས་དང་མཉམ་དུ་སྔོ་བསྙལ་བྱས་ཆོག དེའི་བསྡུར་ཚད་ནི2:1ཡིན།
གཉིས། སྔོ་བསྙལ་གཟན་ཆས་ཀྱི་སྡེབ་སྦྱོར་བྱེད་ཐབས།
1. སྔོ་བསྙལ་གཟན་ཆས།
སྔོ་བསྙལ་གཟན་ཆས་ལ་རིགས་ཧ་ཅང་མང་། གཙོ་བོ་སྔོ་གཟན་ལོག་རིལ་མ་དང་དོང་བསྙལ་མ། འགྱིག་ཁུག་མ། ཐང་དུ་བརྩིགས་ནས་འཇོག་པ་སོགས་སོ། དེར་ས་དོང་དང་སོ་ཕག རྡོ། ཨར་འདམ། འགྱིག་ཤོག་སོགས་རྒྱུ་ཆས་སྤྱད་ནས་བཟོས་ཆོག དེའི་སྒྲིག་གཞི་དང་རྒྱུ་ཆ་གང་ཞིག་ཡིན་རུང་ཁ་དམ་པ་དང་ལྗིད་ཐེག་པ། གནོན་འདེགས་པ་ཞིག་ཡིན་ན་ཆོག ཅུང་སྟབས་བདེ་ཞིང་ལས་སླ་བ་ཞིག་ནི་སྔོ་གཟན་དོང་བསྙལ་མ་དང་འགྱིག་ཁུག་ཏུ་གཉེར་བ་དེ་ཡིན།
(1)སྔོ་གཟན་བསྙལ་དོང་། འདི་ལ་ས་འོག་དང་ས་འོག་ཕྱེད་མ་གཉིས་ཡོད། དང་པོ་ནི་ས་འོག་ན་ཆུ་མེད་པ་དང་ས་གཤིས་ཅུང་བཟང་བའི་ས་ཁུལ་དུ་འོས། གཉིས་པ་ནི་ས་འོག་གི་ཆུ་ཅུང་མཐོ་བའམ་ས་གཤིས་མི་བཟང་བའི་ས་ཁུལ་དུ་འོས། སྔོ་གཟན་བསྙལ་དོང་སྤྱིར་བཏང་དུ་ཟླུམ་པོ་དང་གྲུ་བཞི་ཡིན། བཟོ་སྐྲུན་བླང་བྱ་ནི་སྲ་ཞིང་འཐས་པ་དང་མཁའ་དབུགས་མི་རྒྱུ་བ། ཐིགས་ཆུ་མི་བཞུར་བ། ནང་ངོས་འཇམ་པ། ཁ་ཆེ་ཞིང་ཞབས་ཆུང་བ། བཅགས་བྱེད་སླ་བ་བཅས་ཡིན་མོད། དོང་གི་ཆེ་ཆུང་སྔོ་རྩྭའི་མང་ཉུང་དང་སྒོ་ཕྱུགས་ཀྱི་མང་ཉུང་། གཟན་ཆས་སྟེར་བའི་དུས་ཚོད་ཀྱི་རིང་ཐུང་ལྟར་ཐག་བཅད་པ་ཡིན། སྤྱིར་བཏང་གི་སྔོ་གཟན་བསྙལ་དོང་ལ་མིས་རྒྱ་དབང་གྲུ་བཞི་མ་རེར་གཟན་ཆས་སྤྱི་རྒྱ་ལྔ་བརྒྱ་ནས་དྲུག་བརྒྱ་ཤོང་བ་ཡིན།
(2)འགྱིག་ཁུག་གི་སྔོ་གཟན་གསོག་ཉར། འགྱིག་ཁུག་ནང་དུ་ཤོང་ཚད་ཉུང་རུང་བསྟུད་མར་མཁོ་འདོན་བྱེད་པའི་གནས་ཚུལ་འོག་བཀོལ་སྤྱོད་བྱས་ཆོག འགྱིག་ཁུག་གིས་ཞིང་བའི་ཁྱིམ་ལ་སྟབས་བདེ་སྐྱེལ་ཡོང་། ཅུའུ་དབྱི་ཞི་འགྱིག་ཤོག་ངར་བཙིར་བྱས་ནས་ཁུག་མ་བཟོས་ཆོག འགྱིག་ཤོག་གི་མཐུག་ཚད་ཧའོ་མིས་ཐིག་དང་གྲངས་ཆུང་གཅིག་ལས་སྲབ་མི་རུང་། སྤྱི་རྒྱ་ཐིག་དང་གྲངས་ཆུང་ལྔ་དང་ཧའོ་མིས་ཐིག་དང་གྲངས་ཆུང་གཅིག་མཐུག་པའི་འགྱིག་ཤོག་གིས་རིང་ཚད་ལ་ཕལ་ཆེར་མིས་གཉིས་དང་གྲངས་ཆུང་ལྔ་ཡོད་པའི་སྔོ་གཟན་ཁུག་མ་ཞིག་བཟོས་ཆོག ཁུག་མ་རེའི་ནང་དུ་རྒྱུ་ཆ་གཏུབ་མ་སྤྱི་རྒྱ་ཧ་ལམ་ཉིས་བརྒྱ་ནས་ཉིས་བརྒྱ་དང་ལྔ་བཅུ་ཤོང་བ་ཡིན།
2.སྔོ་གཟན་རྒྱུ་ཆ།
མཚོ་སྔོན་ཞིང་ཆེན་གྱི་སྔོ་གཟན་རྒྱུ་ཆ་ཅུང་ཕུན་སུམ་ཚོགས། དེ་དག་ཧ་ལམ་ཞིང་ལས་ལོ་ཏོག་གི་ཞོར་རྫས་དང་གཟན་རྩྭ་རིགས་གཉིས་སུ་བཀར་ཆོག ཞིང་ལས་ལོ་ཏོག་གི་ཞོར་རྫས་ལ་མ་རྨོས་ལོ་ཏོག་དང་སྲན་མའི་རིགས་ཀྱི་གཞུང་རྟ་དང་ལོ་མ། ཀུན་ཐ་དང་ཞོག་ཁོག ལ་ཕུག་སོགས་སྔོ་ཚོད་ཀྱི་གཞོང་རྟ་དང་ལོ་མ་སོགས་ཡོད། སྙེ་མ་བཏོག་རྗེས་ཀྱི་མ་རྨོས་ལོ་ཏོག་གི་གཞུང་རྟ་ནི་སྔོ་གཟན་རྒྱུ་ཆ་ཅུང་བཟང་བོ་ཞིག་ཡིན་ལ། སྔོ་གཟན་སྙལ་བའི་སྐབས་སུ་རྒྱུ་ཆ་སྤྱི་རྒྱ་བརྒྱ་རེར་ཆུ་སྤྱི་རྒྱ་ལྔ་ནས་བཅོ་ལྔ་སྣོན་དགོས། སྲན་མའི་རིགས་ཀྱི་ལོ་ཏོག་གི་གཞུང་རྟ་དང་ལོ་མའི་ནང་དུ་མངར་ཆ་འདུས་ཚད་ཅུང་ཉུང་བའི་དབང་གིས་རྐྱང་བསྙལ་བྱས་ན་མི་བཟང་། དེ་ནི་སྙེ་མ་ཅན་གྱི་གཟན་རྩྭའམ་མངར་ཆ་འདུས་ཚད་ཅུང་མཐོ་བའི་སྐྱེ་དངོས་དང་མཉམ་དུ་སྙལ་བའམ། ཡང་ན་སིང་ཕྱེ་དང་མངར་ཁུ་བསྣན་ནས་སྙལ་ནའང་ཆོག སྔོ་ཚོད་ཀྱི་ལོ་མའམ་རྩ་བའི་ནང་དུ་ཆུ་ཅུང་མང་བས་རྩྭ་སྐམ་ཅུང་སྣོན་པའམ་ཡང་ན་སྐམ་རྗེས་སྔོ་སྙལ་བྱེད་དགོས། གཟན་རྩྭ་ལ་གཙོ་བོ་སྔོ་གཟན་མ་རྨོས་ལོ་ཏོག་དང་ཡུག་པོ། སྙེ་མ་ཅན་གྱི་ཕྱུགས་རྩྭ་ལ་རྩྭ་ཡུག་དང་རན་པ། གཞན་ཡང་སྲན་མའི་རིགས་ཀྱི་ཕྱུགས་རྩྭ་ལ་སྲན་དམར་དང་སྲན་རིལ་སོགས་སྔོ་གཟན་མ་རྨོས་ལོ་ཏོག་ནི་སྔོ་གཟན་རྒྱུ་ཆ་ཆེས་བཟང་བོ་ཡིན་པ་དང་། སྙེ་མ་གཏོང་བའི་སྐབས་སུ་བྲེགས་ནས་སྔོ་སྙལ་བྱེད་དགོས། སྙེ་མ་ཉན་གྱི་ཕྱུགས་རྩྭ་སྤྱིར་བཏང་དུ་སྙེ་མ་ཐོན་པའི་དུས་སྐབས་སུ་བྲེགས་ནས་སྔོ་སྙལ་བྱེད་དགོས། སྲན་མའི་རིགས་ཀྱི་ཕྱུགས་རྩྭ་ནི་མེ་ཏོག་གད་པའི་སྐབས་སུ་འབྲེག་དགོས་མོད། འོན་ཀྱང་མངར་ཆ་འདུས་ཚད་ཉུང་བས་རབ་ཡིན་ན་སྙེ་མ་ཅན་གྱི་ཕྱུགས་རྩྭ་དང་བསྡེབས་ནས་བསྙལ་ན་བཟང་།
3.སྔོ་གཟན་གྱི་སྡེབ་བཟོ།
(1)སྔོ་གཟན་དོང་བསྙལ་བྱེད་ཐབས། སྔོ་གཟན་དོང་དུ་བསྙལ་ནས་གསོག་ཉར་བྱེད་ཐབས་ལ་ཕལ་ཆེར་བསྙལ་དོང་ལེགས་བཅོས་བྱེད་པ་དང་རྒྱུ་ཆ་བསྡུ་སྐྱེལ་བྱེད་པ། གཏུབ་ནས་དོང་ལ་བསྡུ་བ། ཁ་གཅོད་པ་བཅས་རིམ་པ་བཞི་ཡོད།
བསྙལ་དོང་ལེགས་བཅོས་བྱེད་པ། ཐོག་མར་བསྙལ་དོང་ནང་གི་སྙིགས་རྫས་དང་གཟན་ལྷག་སོགས་ཕྱིར་ཕྱུང་ནས་གཙང་ཕྱག་བྱེད་དགོས། བསྙལ་དོང་རྙིང་བ་ཡིན་ན་བྱུགས་བདར་བྱེད་དགོས།
རྒྱུ་ཆ་བསྡུ་སྐྱེལ་དང་གཏུབ་པ། ངེས་པར་དུ་སྟོབས་ཤུགས་གཅིག་ལ་སྒྲིལ་ནས་དུས་ཚོད་ཐུང་ངུའི་ནང་དུ་སྔོ་གཟན་རྒྱུ་ཆ་དོང་ཁར་བསྡུ་སྐྱེལ་བྱེད་པ་ལས་དུས་ཚོད་རིང་བོར་ཉི་མར་གཡེངས་མི་རུང་བ་མ་ཟད། དུས་ཐོག་ཏུ་གཏུབ་ནས་མྱུར་དུ་བསྙལ་དོང་དུ་བསྡུ་དགོས།
བསྙལ་དོང་དུ་བསྡུ་བ། བསྙལ་དོང་དུ་སྡུད་པའི་སྐབས་སུ་འདམ་དང་སྙིགས་རྫས་སྔོ་གཟན་ནང་དུ་འདྲེས་སུ་འཇུག་མི་རུང་ལ། རྒྱུ་ཆ་གཏུབ་མ་རིམ་པ་བཞིན་བླུགས་ནས་བཅགས་ནན་མོ་བྱེད་དགོས། གནད་འགག་ནི་བཅགས་བཟང་བོ་བྱེད་པ་དེ་ཡིན་ལ། ལྷག་པར་དུ་དོང་གི་འགྲམ་བཞི་དང་ཟུར་བཞི་ལ་བཅགས་ནན་མོ་བྱེད་པར་ཡིད་འཇོག་བྱེད་དགོས།
ཁ་གཅོད་པ། བསྡུས་ནས་དོང་ཁར་ལིས་མིས་ལྔ་བཅུ་ནས་བདུན་ཅུ་འབུད་དུ་འཇུག་པ་དང་དོང་ཁར་བུད་པ་དེ་དོང་ཁ་དང་ཕལ་ཆེར་ཆེ་ཆུང་འདྲ་དགོས། ཕྱིས་སུ་འགྱིག་ཤོག་བཀབ་ནས་དེའི་སྟེང་ས་ཡིས་གནོན་དགོས་ལ་ས་འགེབ་ཞོར་དུ་བཅགས་བྱེད་དགོས། སའི་མཐུག་ཚད་ལ་ཉུང་མཐའ་ཡང་ལིས་མིས་བཅུ་ཡོད་དགོས། ཉིན་འགའ་འགོར་ན་ས་ཅུང་ཙམ་མར་བབས་པའི་སྐབས་སུ་ཡང་བསྐྱར་ས་འགེབས་དགོས། རྗེས་སུ་རྒྱུན་དུ་ལྟ་ཞིབ་ལེགས་བཅོས་བྱས་ནས་ཆུ་དང་དབུགས་མི་འགྲོ་བ་བྱེད་དགོས།
(2)འགྱིག་ཁུག་ནང་དུ་གཟན་བསྙལ་ཐབས། ཐོག་མར་ཅུའུ་དབྱི་ཞི་འགྱིག་ཤོག་ངར་བཙིར་བྱས་ནས་ཁུག་མ་བཟོས་རྗེས་རྒྱུ་ཆ་གཏུབ་མ་ནང་དུ་བཅུས་ནས་རྫངས་པ་དང་དབུགས་ཕྱིར་ཕུད་ནས་ཁ་དམ་པོར་བསྡམ་དགོས། ཙིག་གནོད་འབྱུང་བར་ལྷག་པར་གཟབ་དགོས་ཤིང་། རྒྱུན་དུ་འགྱིག་ཁུག་ནང་གི་དབུགས་ཕྱི་ལ་མི་འགྲོ་བ་བྱེད་དགོས།
གསུམ། སྔོ་གཟན་བསྙལ་བའི་ལག་རྩལ་གསར་བ།
1.སྔོ་གཟན་གྱི་ཕྱེད་སྐམ་བསྙལ་ཐབས།
སྔོ་གཟན་གྱི་ཕྱེད་སྐམ་བསྙལ་ཐབས་ནི་སྔོ་གཟན་གྱི་རྒྱུ་ཆའི་ཆུ་འདུས་ཚད་མི་འདྲ་བ་ལས་གཞན་དེའི་སྡེབ་བཟོའི་གོ་རིམ་ཕལ་ཆེར་འདྲ་བ་སྟེ། དུས་ལྟར་འབྲེག་པ་དང་ཅུང་ཟད་སྐམ་པ། གཏུབ་ནས་སྙལ་དོང་དུ་བསྡུ་བ། བཅགས་ནན་མོ་བྱས་ནས་ཁ་དམ་པོར་གཅོད་པ་ལྟ་བུའོ།
2.སྔོ་གཟན་ནང་དུ་སྦྱོར་རྟ་འཇོག་པ།
(1)སྔོ་གཟན་ནང་དུ་སྦྱོར་རྟ་འཇོག་པ། ལག་ལེན་གྱི་ཁྲོད་དུ་རྟག་པར་གཅིན་རྒྱུ་བསྣན་ནས་སྔོ་གཟན་ནང་དུ་སྤྲི་དཀར་འཚོ་བཅུད་མི་འདང་བའི་གནད་དོན་ཐག་གཅོད་པ་རེད། ཚད་འཇལ་བྱས་པ་ལྟར་ན། སྔོ་གཟན་མ་རྨོས་ལོ་ཏོག་གི་ནང་དུ་གཅིན་རྒྱུ་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་བསྣན་ན་སྤྲི་དཀར་འདུས་ཚད་སྔོན་ཆད་ཀྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་དེ་བརྒྱ་ཆའི་གསུམ་དང་གྲངས་ཆུང་བདུན་ལ་ཇེ་མང་དུ་འགྲོ་བ་རེད། གཅིག་ནས་གཅིན་རྒྱུ་སྣོན་པའི་སྐབས་སུ་ཚད་དང་མཐུན་དགོས་པ་དང་། གཉིས་ནས་སྔོ་གཟན་རྒྱུ་ཆ་ཏུན་རེའི་ནང་དུ་གཅིན་རྒྱུ་སྤྱི་རྒྱ་ལྔ་རེ་སྣོན་དགོས་ཤིང་། བསྲེས་ནས་འདྲེས་སུ་འཇུག་དགོས། གསུམ་ནས་ནོར་ལུག་ཁོ་ན་ལ་སྟེར་དགོས།
(2)རུལ་འགོག་འབུ་གནོན་སྨན་རྫས་སྣོན་པ། སྔོ་གཟན་བསྙལ་ལངས་དཀའ་བའི་གཟན་ཆས་ལ་ཐུག་པའི་སྐབས་སུ་སྐྱེ་མེད་སྐྱུར་དང་རུལ་འགོག་སྨན་རྫས་ཁ་ཤས་འོས་འཚམ་བསྣན་ན་མྱུར་དུ་གནོད་ལྡན་འབུ་ཕྲ་འགོག་ཐུབ་པ་དང་། སྔོ་གཟན་གྱི་རྒྱུ་ཆ་རྒྱུན་ལྡན་ངང་ལངས་པར་སྐུལ་འདེད་གཏོང་ཐུབ་ལ། དུས་ཡུན་ཅུང་རིང་བོར་འཇོག་ཉར་བྱེད་པར་འགན་ལེན་ཡང་བྱེད་ཐུབ། རྒྱུན་སྤྱོད་ཀྱི་རུལ་འགོག་འབུ་གནོན་སྨན་རྫས་ལ་འདི་དག་ཡོད་པ་སྟེ། སྐྱུར་ཀ་པ། སྔོ་གཟན་རྒྱུ་ཆ་ཏུན་རེའི་ནང་དུ་བརྒྱ་ཆའི་གྱ་ལྔ་ནས་བརྒྱ་ཆའི་དགུ་བཅུ་ཡི་སྐྱུར་ཀ་པ་སྤྱི་རྒྱ་གཉིས་དང་གྲངས་ཆུང་བརྒྱད་ནས་གསུམ་དང་གྲངས་ཆུང་ལྔ་སྣོན་དགོས། ཆོན་ཀ་པ། སྤྱིར་བཏང་དུ་བརྒྱ་ཆའི་སོ་བདུན་ནས་བརྒྱ་ཆའི་བཞི་བཅུ་ཡི་ཆོན་ཀ་པའི་ཁུ་བ་སྣོན་པ་དང་། དེའི་སྣོན་ཚད་སྔོ་གཟན་ལྗིད་ཚད་ཀྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་གསུམ་ཡིན།
(3)འོ་སྐྱུར་འབུ་ཕྲ་སྐྱེད་པ། འོ་སྐྱུར་འབུ་ཕྲ་སྤྱད་ནས་དངོས་པོས་གྲུབ་པའི་སྐྱུར་རྟའམ་འོ་སྐྱུར་འབུ་ཕྲ། སྐྱུར་རྫས་འབུ་ཕྲ་ལས་གྲུབ་པའི་མཉམ་འདྲེས་སྨན་རྫས་སྐྱེད་སྲིང་བྱས་ཏེ་སྔོ་གཟན་རྒྱུ་ཆའི་ནང་དུ་བསྣན་ན་རྒྱུ་ཆའི་ཁྲོད་ཀྱི་འོ་སྐྱུར་འབུ་ཕྲའི་རྒྱུད་འཕེལ་སྐུལ་འདེད་གཏོང་ཐུབ་པ་དང་། གནོད་ལྡན་སྐྱེ་དངོས་ཕྲ་རབ་ལ་མྱུར་དུ་ཚོད་འཛིན་བྱེད་ཐུབ། སྤྱིར་བཏང་དུ་སྔོ་གཟན་རྒྱུ་ཆ་ཏུན་རེའི་ནང་དུ་འོ་སྐྱུར་འབུ་ཕྲ་སྐྱེད་དངོས་ཁེ་ཉིས་བརྒྱ་དང་ལྔ་བཅུ་དང་ཡང་ན་འོ་སྐྱུར་འབུ་ཕྲའི་སྨན་རྫས་ཁེ་བཞི་བརྒྱ་དང་ལྔ་བཅུ་སྣོན་དགོས།
3.འཕྲུལ་ཆས་ཀྱིས་ཤོག་རྒྱག་པ་དང་ཐུམ་རྒྱག་ཐབས།
འཕྲུལ་ཆས་སྤྱད་ནས་བྲེགས་པའི་གཟན་རྩྭར་ཤོག་བརྒྱབ་རྗེས་ཐུམ་རྒྱག་འཕྲུལ་ཆས་སྟེང་དུ་བཞག་སྟེ་འགྱིག་ཤོག་གིས་ཐུམ་བརྒྱབ་ནས་བཞག་ན་ཆོག
བཞི། སྔོ་བསྙལ་གཟན་ཆས་ཀྱི་བཀོལ་སྤྱོད།
1.བཀོལ་སྤྱོད།
སྔོ་བསྙལ་གཟན་ཆས་ཀྱི་ཁ་བཅད་ནས་ཉིན་བཞི་ཅུ་ནས་ལྔ་བཅུ་འགོར་རྗེས་བཀོལ་སྤྱོད་བྱས་ཆོག བཀོལ་སྤྱོད་བྱེད་པའི་སྐབས་སུ་སྔོན་ལ་དོང་ཁའི་ས་བཤུ་བ་དང་། ཁ་ཕྱེ་ཞིང་རིམ་པ་བཞིན་བླངས་ནས་སྤྱོད་པ་ལས་དོང་བརྐོ་བཞིན་ལེན་མི་རུང་། བླངས་རྗེས་དུས་ཐོག་ཏུ་ཁ་ལེགས་པོར་བཀབ་ནས་རླུང་རྒྱུ་བ་དང་ཉི་མར་བསྲོ་བ། ཆར་ཆུ་འགྲོ་བ་སོགས་བྱེད་མི་རུང་། རུལ་སུངས་སུ་གྱུར་བའི་སྔོ་བསྙལ་གཟན་ཆས་སྒོ་ཕྱུགས་ལ་གཏན་ནས་སྟེར་མི་རུང་བ་དང་། འཁྱག་ཤུད་ཐེབས་པའི་སྔོ་བསྙལ་གཟན་ཆས་དྲོས་རྗེས་ད་གཟོད་སྟེར་དགོས། དེ་མིན་ཚེ་མོ་ཕྱུགས་ཀྱི་ལུ་གུ་སྐྱེ་ཤོར་དུ་འགྲོ་ངེས་ཡིན།
2.གཟན་ཆས་སྟེར་བ།
སྔོ་བསྙལ་གཟན་ཆས་མགོ་མ་སྟེར་བའི་སྐབས་སུ་ཉུང་བ་ནས་མང་བར་རིམ་བཞིན་ཁ་སྣོན་བྱེད་དགོས། མི་འཕྲོད་པ་མེད་ཚེ་ཕྱུགས་ཟོག་གི་དགོས་མཁོ་ལྟར་སྟེར་དགོས། སྟེར་མཚམས་འཇོག་པའི་སྐབས་སུའང་མང་བ་ནས་ཉུང་བར་རིམ་བཞིན་སྟེར་མཚམས་འཇོག་དགོས།
སྔོ་བསྙལ་གཟན་ཆས་ཀྱི་སྟེར་ཚད་ཕྱུགས་ཟོག་མི་འདྲ་བ་དང་ཆེ་ཆུང་མི་འདྲ་བར་དམིགས་ནས་ཐག་གཅོད་དགོས།