མིའི་ཐབས་ཀྱིས་ཆར་བ་ཕབ་པ།

    མཚོ་སྔོན་པོ་དྲ་བ།    2015-03-31

 མིའི་ཐབས་ཀྱིས་ཆར་བ་ཕབ་པ།

མིའི་ཐབས་ཀྱིས་ཆར་བ་ཕབ་པ།
     ཚན་རིག་ལག་རྩལ་དར་རྒྱས་མེད་སྐབས་སུ། འགྲོ་བ་མི་དང་མར་བྱུང་གནོད་འཚེ་བར་གྱི་འཐབ་རྩོད་དེ་རྩ་བའི་ཆ་ནས་དཀོན་མཆོག་ལ་སྐྱབས་འཇུག་ཞུ་ནས་རེ་སྒུག་བྱ་བ་ཙམ་དང་། མིའི་ནུས་ཤུགས་དང་རྒྱུ་ནོར་འབོར་ཆེན་ཞིག་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་སྒོ་ལ་བཏང་བ་ཙམ་ལས་གཞན་གྱི་བྱ་ཐབས་བྲལ།
     ཚན་རིག་ལག་རྩལ་དར་རྒྱས་ཆེ་བའི་དེང་དུས་སུ། མི་རྣམས་ནམ་མཁའི་ཆར་ཆུ་ཕབ་འདོད་པའི་རེ་བ་དངོས་སུ་གྲུབ་པ་ཡིན།
     གནམ་གཤིས་མངོན་ཚུལ་ནང་ནས་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་བྱ་སྐྱོད་སྐབས་དང་འབྲེལ་བ་ཆེ་ཤོས་དེ་ནི་ཆར་བ་ཡིན། དེར་བརྟེན་མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་ཚུལ་དེའང་མིའི་ཐབས་ཀྱིས་ཆར་བ་ཕབ་པ་ནས་འགོ་ཚུགས་པ་ཡིན། ཐོག་མར་གནམ་གཤིས་རིག་པ་མཁས་ཅན་ཚོས་འབར་གས་བྱ་ཐབས་ལས་ཆར་ཆུ་ཕབ་ཐབས་ཚོད་ལྟ་བྱས། ཁོ་ཚོས་མེ་སྒྱོགས་དང་། འཕུར་མདེལ། དབུགས་ལྒང་སོགས་ལ་རྫས་འཐུམ་བསྒྲོགས་ཏེ་ནམ་མཁའི་སྤྲིན་པ་ཁྲོད་དུ་བཏང་ཞིང་། རྫས་འཐུམ་སྤྲིན་པའི་ཁྲོད་དུ་འབར་ན་བསམ། བློ་ཕམ་དགོས་པ་ཞིག་ལ་བྱ་ཐབས་འདི་ནུས་པ་ཕྲན་བུ་ལས་མ་ཐོན།
     མིག་སྔར། རང་རྒྱལ་གྱིས་མིའི་ཐབས་ཀྱིས་ཆར་བ་ཕབ་པའི་བྱ་ཐབས་དེ་ནི་སྤྲིན་པར་ཆར་བ་ཕབ་བྱེད་འགྱུར་སྐུལ་རྫས་ཆ---ཏེན་འགྱུར་དངུལ་རྫས་སྤྲིན་པའི་ཁྲོད་དུ་སྐྱེལ་རྒྱུ་དེ་ཡིན། ཏེན་འགྱུར་དངུལ་རྫས་ཤེལ་གཟུགས་ཀྱི་གྲུབ་སྟངས་ནི་ཆུའི་འཁྱགས་ཟིལ་དང་འདྲ་བར། དེས་གྲང་བཟོའི་ནུས་པ་ལྡན་པའི་ཧྲེངས་འགྲིལ་གོང་བུ་རེ་རེ་བཞིན་གྲུབ་རྗེས། སྤྲིན་པའི་ནང་གི་ཆུ་རླངས་ཐད་ཀར་ཏེན་འགྱུར་དངུལ་རྫས་ཤེལ་གཟུགས་ཐོག་འགྲིལ་ཆགས་ཏེ་ཏེན་འགྱུར་དངུལ་རྫས་ཤེད་ཆེ་བའི་འཁྱགས་ཟིལ་གྲུབ་པར་བྱས། སྤྲིན་པའི་ཁྲོད་དུ་དྲོད་ཚད0℃ལས་དམའ་ལ་གྲང་ཤས་ཆེ་བའི་ཆུ་ཐིགས་འབོར་ཆེན་ཞིག་གནས་ཡོད། ཆུ་ཐིགས་དེ་དག་དྲོད་ཚད0℃ལས་དམའ་བའི་ཁོར་ཡུག་ཏུ་གནས་ཡོད་ཀྱང་། འཁྱགས་པ་ཐེབས་མེད་ཅིང་གཤེར་གཟུགས་ཀྱི་རྣམ་པ་མངོན། གྲང་ཤས་ཆེ་བའི་ཆུ་ཐིགས་དེ་དག་ཏེན་འགྱུར་དངུལ་རྫས་ཀྱི་འཁྱགས་ཟིལ་དང་རྡུང་ཁ་རྒྱག་རྗེས། མྱུར་དུ་འཁྱགས་ཟིལ་དེ་བས་ཆེ་བ་ཞིག་གྲུབ་པ་དང་། སྤྲིན་པའི་ཁྲོད་ཀྱི་ཡར་འཕར་བའམ་མང་བབས་པའི་རླུང་རྒྱུན་དང་ལྷན་དུ་འཁྱགས་ཟིལ་དང་འཁྱགས་ཐིགས་སྟེང་འོག་སློག་རེས་ཀྱིས་འགུལ་སྐྱོད་བྱས་མཐར། རིམ་གྱིས་དེ་བས་ཆེ་བའི་འཁྱགས་ཟིལ་ཆེན་པོ་ཞིག་ཏུ་འགྲིལ། ཡར་འཕར་བའི་རླངས་རྒྱུན་གྱིས་འདེགས་མི་ཐུབ་པ་གྱུར་ཚེ་དེ་དག་མར་ཟགས། ཟགས་རིམ་དུ་གཡས་རིམ་དུ་གཡས་གཡོན་ཁོར་ཡུག་གི་དྲོད་ཚད0℃ཡན་དུ་འཕེལ་བའི་རྐྱེན་གྱིས་འཁྱགས་ཟིལ་དེ་ཞུ་ནས་ཆར་པར་གྱུར་ཏེ་ས་སྟེང་དུ་བབས།
ཏེན་འགྱུར་དངུལ་རྫས་གཏོར་ཐབས་མང་པོ་ཡོད།
     དཔེར་ན་གནམ་གྲུས་རླངས་པར་སྒྱུར་བའི་ཏེན་འགྱུར་དངུལ་རྫས་ཀྱི་རླངས་པ་སྤྲིན་པའི་ཁྲོན་དུ་གཏོར་བ་དང་། ད་དུང་ས་ངོས་ནས་མེ་སྒྱོགས་དང་། འཕུལ་མདེལ། དབུགས་ལྒང་སོགས་ཀྱིས་ཏེན་འགྱུར་དངུལ་རྫས་སྤྲིན་པའི་ཁྲོད་དུ་སྐྱེལ་ན་འགྲིག  འོན་ཀྱང་གནམ་གཤིས་ཀྱི་ཆ་རྐྱེན་གང་རུང་དུ་མིའི་ཐབས་ཀྱིས་ཆར་པ་ཕབ་ཏུ་རུང་བ་མ་ཡིན། དེ་ཡང་ནམ་མཁར་ཆ་རྐྱེན་འོས་འཚམ་གྱི་སྤྲིན་པ་ཡོད་དགོས།
ནམ་མཁར་ཡ་མཚན་ཅན་གྱི་ཆར་པ་འབབ་པ།
     ནམ་མཁའ་ནས་ཆར་ཆུ་བབས་པ་དེར་ཀུན་གྱིས་མཐོང་བས་ཁྱད་མི་མཚར། གལ་ཏེ་ནམ་མཁའ་ནས་ཉ་དང་སྦལ་བ་གསོན་པོ་དང་། མེ་ཏོག་ཞིབ་ཕྱེ་སོགས་བབས་ན་ཁྱེད་རང་ཏན་ཏན་ཡ་མཚན་པོ་ཞིག་བྱུང་སྲིད།
ཆར་སེར་བྱུང་བ།
     ཧོ་པེ་དང་པེ་ཅིང་སོགས་ས་ཁུལ་དུ། དཔྱིད་ཀར་ཆར་སེར་བབས་སྲོལ་ཡོད། ཆར་ཐིགས་གྱོན་ཆས་དང་ལམ་སྟེང་དུ་བབས་དུས་སེར་པོའི་ཤུལ་ཞིག་བྱུང་། དེ་ནི་ས་སེར་ཆར་པ་ཡིན། ཧོ་པེ་ཡི་ནུབ་ཕྱོགས་ནུབ་བྱང་ཕྱོགས་ནི་ས་སེར་མཐོ་སྒང་དང་ནང་སོག་མཐོ་སྒང་ཡིན། སྐམ་ཤས་ཆེ་བའི་དཔྱིད་ཀར་སེར་སོབ་པོ་ཡོད། ནུབ་བྱང་ལྷགས་པ་དྲག་པོ་ལྡང་སྐབས་སུ་ལྷགས་པས་ས་སེར་ནམ་འཕང་ལ་ཁྱེར་བ་དང་། ནམ་འཕང་གི་རླུང་རྒྱུན་དང་ལྷན་དུ་སླར་ཡང་ས་སྟེང་དུ་སྐྱེལ། ཆར་བ་མེད་སྐབས་ནམ་མཁར་རྡུལ་སེར་པོ་འཐིབས་པར་གྱུར། ཆར་བ་བབས་དུས་ས་སེར་དང་གནམ་ཆར་ལྷན་དུ་བབས་ཕྱིར། ཆར་སེར་དེ་ནས་བྱུང་།
     1974ལོའི་ཟླ2པར། ཡོ་རོབ་གླིང་གི་བྱང་རྒྱུད་ས་ཁུལ་ལ་གློ་བུར་དུ་ཉ་ཆར་ཞིག་བབས་ཤིང་། གཙང་པོའུ་ལུ་ཉ150ལྷག་ཙམ་དྲག་ཆར་དང་ལྷན་དུ་བབས།
     1940ལོར། ཨུ་རུ་སུའི་ཀོ་ཝེ་ཅི་ས་ཁུལ་གྱི་གྲོང་ཚོ་ཞིག་ལ་དྲག་ཆར་དང་ལྷན་དུ་དངུལ་ཆར་བབས། ཆར་བ་བབས་ཚར་རྗེས་མི་རྣམས་ཀྱིས་དུས་རབས་བར་མའི་སྐབས་ཀྱི་དངུལ་སྒོར་སྟོང་ཕྲག་ཁ་ཤས་རྙེད།
     གནས་ཚུལ་དེ་དག་དམངས་ཁྲོད་དུ་ཁྱབ་ཡུན་རིང་བོ་སོང་བའི་སྐབས་ཧང་སངས་དགོས་པའི་བྱ་བ་ཞིག་ཏུ་གྱུར། དེ་ཕྱིར་ཐན་སྐྱོན་གྱི་རྐྱེན་པས་བཀྲེས་ལྟོགས་ཀྱིས་མནར་སྐབས་མི་རྣམས་དཀོན་མཆོག་ལ་སྐྱབས་འཇུག་ཞུ་བ་དང་། དཀོན་མཆོག་གིས་ཡ་ང་སྙིང་རྗེ་སྐྱེ་ནས་ཐན་སེལ་ཆར་བ་ཕབ་པ་དང་། འབྲུ་དང་དངུལ་སྒོར་ལྷན་དུ་བབས་ན་སྙམ་པའི་རེ་འདོད་བྱས། དོན་དངོས་ཐོག་ཡ་མཚན་ཅན་གྱི་ཆར་པ་དེ་དག་མང་པོ་ཐོན་པ་དང་རླུང་དམར་འཚུབ་སྐབས་དྲག་འཕར་རླུང་རྒྱུན་དང་འབྲེལ་བ་ཡོད། ལྷག་པར་དུ་རླུང་འཁོར་དྲག་པོ་དང་ལྷན་དུ་ཆེས་དྲག་ཏུ་འཕར་བའི་རླུང་རྒྱུན་འགྲོགས་པ་དེ་ནི་ཡ་མཚན་ཅན་གྱི་ཆར་པ་དེ་དག་འབྱུང་རྐྱེན་གཙོ་བོ་ཡིན། རང་བྱུང་ཁམས་ཀྱི་གྱད་མི་ཞེས་གྲགས་པའི་རླུང་འཁོར་དྲག་པོ་དེར་ནུས་སྟོབས་ཆེས་ཆེར་ལྡན་ཞིང་། དེ་སླེབས་པའི་ས་ཆར། ཆེས་དྲག་ཏུ་འཕར་བའི་རླུང་རྒྱུན་གྱིས་ས་ངོས་ཀྱི་ཧ་ཅང་ལྕི་བའི་ཅ་ལག་དང་ཆུ་ལ་སོགས་པ་ནམ་མཁར་ཁྱེར་ཐུབ། གལ་སྲིད་རླུང་འཁོར་དེས་ས་ཆ་ག་གེ་མོའི་འབྲུ་དང་ཡང་ན་ཆུའི་ནང་གི་ཉ། ཡང་ན་སྦལ་བ་སོགས་ནམ་མཁར་ཁྱེར་ཞིང་། འགྱངས་ཐག་ངེས་ཅན་ཞིག་ཏུ་ལྡིང་བ་དང་།  ལྷན་ཤུགས་ཇེ་ཆུང་འགྲོ་རིམ་ལ་སྐྱར་དུ་ས་ཆ་གཞན་ཞིག་ལ་ཟགས་པའི་ཚེ། ཡ་མཚན་ཅན་གྱི་ཆར་བ་དེ་ལྟར་གྲུབ། དེར་བརྟེན་དེའི་གནས་ལུགས་གསལ་པོ་རྟོགས་པ་ན་ཡ་མཚན་ཅན་གྱི་ཆར་པ་ཡང་ཁྱད་མི་མཚར།
སྐྱུར་ཆར།
     འོན་ཀྱང་ཡ་མཚན་ཅན་གྱི་ཆར་བ་ཞིག་ལ་ང་ཚོས་དོ་སྣང་ཆེན་པོ་བྱེད་དགོས་པ་སྟེ། དེ་ནི་སྐྱུར་ཆར་ཡིན། སྐྱུར་ཆར་ནི་སྐྱུར་ཤས་ཅུང་ལྡན་པའི་ཆར་བ་ཡིན། དེ་སྔོན་འཛམ་གླིང་ཐོག་གི་ས་ཆ་ཉུང་ཤས་ལས་སྐྱུར་ཆར་ཐོན་མྱོང་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་མེ་རི་འབར་གས་བྱ་སྐབས་སུ་ལྷན་དུ་འཕྱུར་ཡོང་བའི་སྐྱུར་ལྡན་དངོས་པོས་ཤུགས་རྐྱེན་ལས་བྱུང་། འོན་ཀྱང་ཉེ་ཆར་ལོ་བརྒྱ་ལྷག་ཙམ་རིང་ལ་འཛམ་གླིང་ས་ཁུལ་ཁག་གི་བཟོ་ལས་མྱུར་དུ་འཕེལ་རྒྱས་བྱུང་བ་དང་། བཟོ་ལས་ཁུལ་ནས་འཕུད་པའི་རླངས་རོ་དང་། འཕྲུལ་སྒུལ་རླངས་འཁོར་དེ་རིགས་ཀྱི་མཇུག་རླངས་སོགས་ནས་སྐྱུར་ལྡན་རྫས་འགྱུར་དངོས་པོ་ནམ་མཁར་འབུད་སྟབས། ཆར་ཆུའི་ནང་གི་སྐྱུར་ཤས་ཇེ་མང་དུ་སོང་།
སྐྱུར་ཆར་གྱི་གནོད་པ།
     སྐྱུར་ཆར་གྱིས་ཐད་ཀར་མིའི་རིགས་དང་།  མིའི་རིགས་འཚོ་བ་རྟེན་སའི་རྟེན་འཚོའི་ཁོར་ཡུག་ལ་གནོད་འཚེ་བཟོ་བཞིན་ཡོད། ཡོ་རོབ་ནུབ་མ་དང་ཨ་མེ་རི་ཁའི་གླིང་བྱང་མའི་ཐིང་ལྟར་སྔོ་བའི་ནགས་ཀློང་ཆེན་མོ་དེ་དག  ད་ཆ་རིམ་གྱིས་སེར་པོར་གྱུར་ཞིང་། ཤིང་སྡོང་སྐམ་པ་མ་ཟད། དེ་སྔོན་ལྟ་ན་སྡུག་པའི་མཚོ་དང་མཚེའུ་ད་ཆ་བཙོག་སྐྱོན་ཕོག་སྟེ་མཚོའི་ནང་ཉ་མེད་པ་གྱུར་བ་དང་། མཚེའུ་སྟེང་དུ་ནམ་རྒྱུན་རྐྱལ་བཞིན་པའི་ངང་བའང་མཐོང་རྒྱུ་མེད། དེར་བརྟེན། རླུང་ཁམས་ཆེན་མོར་བཙོག་སྐྱོན་འགོག་པ་དང་རང་རེ་འཚོ་ས་རྟེན་སའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པ་སྨོས་མེད་ཡིན།
  • ལེ་ཚན་སྔོན་མ།:ལུས་སྟོབས་གསོ་བའི་ཐབས་ཤེས་བཟང་བོ་དྲུག
  • ལེ་ཚན་རྗེས་མ།:ཁྱེད་རང་གིས་ཐོབ་ཐང་ལག་ཁྱེར་གྱི་ཨང་ཀིའི་མཚོན་དོན་དག་ཤེས་སམ།
  • དོ་སྣང་ཆེ་བའི་རྩོམ།