བྱུར་ཆུང་། 2013-06-19
གཉིས་པ། སེམས་ཁམས་བདེ་ཐང་གི་སྣང་ཚུལ་རྒྱུན་འཁྱོངས་བྱེད་པ། (བཏང་སྙོམས)
སེམས་ཁམས་དོ་མཉམ་ཡོང་བ་བྱ་རྒྱུ་དེ་མི་རང་ཉིད་ཀྱི་སེམས་ཁམས་སྲུང་སྐྱོབ་བྱེད་པའི་དགོས་མཁོ་དང་། མི་དེའི་རྒྱུན་ལྡན་འཚོ་བ་དང་ལུས་སེམས་གཉིས་ཀའི་བདེ་ཐང་སྲུང་འཛིན་བྱེད་པའི་ཆ་རྐྱེན་གཙོ་ཤོས་ཤིག་ཡིན། གཤམ་དུ་སེམས་ཁམས་དོ་མཉམ་ཐད་ཀྱི་རྩ་དོན་འགའ་བཟོས་ཡོད།
རང་ཉིད་ཀྱི་འདུ་ཤེས་བཟང་བོ་ཡིན་དགོས།
རང་ཉིད་ཀྱི་འདུ་ཤེས་བཟང་བོ་ཞིག་ཡིན་དགོས་པའི་གནད་འགག་ནི་རང་གིས་རང་ཉིད་ལ་རྒྱུས་ལོན་དང་རང་གཅེས་བྱེད་པ་དེ་ཡིན། རང་གིས་རང་ཉིད་ལ་རྒྱུས་ལོན་བྱེད་པ་ནི་རང་གི་ནུས་པ་དང་མངོན་འགྱུར་ཆ་རྐྱེན། དགའ་སྣང་དང་སྤྲོ་ཕྱོགས། དགེ་སྐྱོན་སོགས་སེམས་ཁོང་ནས་གསལ་བོར་རྟོགས་དགོས་ཤིང་། རང་གི་ནུས་པ་དང་འཚམ་པའི་འཚོ་བའི་དམིགས་འབེན་གདམ་གསེས་བྱེད་པ་ལས། རང་ཚོད་ལས་བརྒལ་བའི་རེ་བ་མཐོན་པོ་ཞིག་ལ་བསྙེག་ཚེ་ཡུན་རིང་བོར་ལུས་སེམས་གཉིས་ཀ་བདེ་ལ་འབབ་པའི་གོ་སྐབས་ཀྱིས་དབེན་པ་རེད།
རང་གིས་རང་ཉིད་རྒྱུས་ལོན་བྱེད་རྒྱུ་དེ་ལས་སླ་མོ་ཞིག་མིན་ནའང་། རང་གིས་རང་ཉིད་ལ་ལྟ་ཞིབ་བྱས་ཏེ་རྒྱུས་ལོན་དངོས་བྱས་ཐོག ཁྱིམ་ཚང་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གོ་གནས་རྟོགས་པར་བྱས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བའི་ཁྲོད་ཀྱི་ཕྱོགས་སོ་སོའི་དཀའ་གནད་ཐག་གཅོད་བྱ་དགོས།
རང་གཅེས་ནི་རང་གིས་རང་ལ་གཅེས་སྐྱོང་བྱེད་པ་དེ་ཡིན། རང་ཆུང་རང་དམན་གྱི་འདུ་ཤེས་དེ་གཏན་ནས་འདོར་དགོས་ལ། ལུས་ཕུང་བདེ་ཐང་ལ་གཙིགས་ཆེན་བྱེད་པ་དང་། རང་གི་གཤིས་བཟང་དང་མཚན་སྙན་གཅེས་སུ་འཛིན་པ། དངོས་ཡོད་ཀྱི་འཚོ་བ་དང་ཁོར་ཡུག་ལ་བསྟུན་ཐབས་བྱེད་པ། རང་ཉིད་ཀྱི་རིན་ཐང་ཕྱིར་འདོན་བྱེད་པ། མི་གཞན་གྱི་བརྩི་བཀུར་དང་དགའ་བསུ་འཐོབ་པ་བཅས་ལ་བརྩོན་དགོས།
རང་གཅེས་དེ་རང་གིས་རང་ཉིད་རྒྱུས་ལོན་པ་ལས་ཀྱང་དཀའ་སྟེ། དེར་རང་གིས་རང་ལ་བརྩི་འཇོག་བྱེད་པ་དང་རང་གིས་རང་ལ་ཡིད་ཆེས་ཡོད་པ། རང་ཚོད་རང་གིས་ཟིན་པ་བཅས་ཕྱོགས་གསུམ་འདུས། རང་གིས་རང་ལ་བརྩི་འཇོག་བྱེད་པ་ནི་མིའི་རིགས་ཀྱི་མ་མཐའི་དགོས་མཁོ་ཞིག་ཡིན། མིའི་ནུས་པ་ལ་ཆེ་ཆུང་ཡོད་པ་དང་། གོ་གནས་ལ་མཐོ་དམན་ཡོད་ལ། ཡོང་སྒོ་ལ་ཡང་མང་ཉུང་ཡོད་མོད། འོན་ཀྱང་མི་ཞིག་ལ་ཆ་མཚོན་ན། རང་ཉིད་ལ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་མི་གཞན་དང་འདྲ་མཉམ་གྱི་དབང་ཆ་ཡོད། བག་འཁུམ་དང་སྐྲག་སྣང་ཡོད་མི་རུང་ལ། རང་ཉིད་ཉམས་ཆུང་གི་སྣང་ཚུལ་དེ་ལས་ཀྱང་ཡོད་མི་རུང་། ཁེངས་སྐྱུང་ནི་སྤྱོད་བཟང་གི་སྣང་ཚུལ་ལེགས་པོ་ཞིག་ཡིན་མོད། ཡིན་ན་ཡང་ཁེངས་སྐྱུང་བྱེད་པ་ཚད་ལས་བརྒལ་ན་མཇུག་འབྲས་དེ་ལས་ལྡོག་པ་ཞིག་འབྱུང་ངེས་རེད། མི་ལ་ལའི་རང་དམན་འདུ་ཤེས་མཐུག་པ་དང་། ཐ་ན་ཞེ་སྣང་བར་འགྱུར་བ་དང་། རང་གིས་རང་ལ་ལེ་བདའ་བྱེད་པ། རང་གིས་རང་ལ་ཉེས་པ་འགེལ་བ་སོགས་ཀྱི་གནས་ཚུལ་བྱུང་ཞིང་། དེ་ལྟར་མུ་མཐུད་དུ་རྒྱུན་བསྐྱངས་ཚེ་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ད་དུང་འཚོ་བར་ཡང་ཡིད་ཆེས་མེད་པར་འགྱུར་ངེས་རེད། ཡིད་ཆེས་ནི་རང་གིས་རང་ཉིད་ལ་ཡིད་ཆེས་བྱེད་པ་དེ་ཡིན་ཞིང་། རང་རྟོགས་ཀྱི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན་པས་རང་རྟོགས་མེད་ན་རྨོངས་ཚོད་ཀྱིས་ཡིད་ཆེས་བྱེད་ངེས་ཡིན། དེ་ལྟར་བྱས་ཚེ་མཇུག་འབྲས་དེ་ལས་ལྡོག་པ་འབྱུང་ངེས་རེད། རང་ཚོད་རང་གིས་ཟིན་པ་ནི་རང་གི་བློ་ཁ་ཚོད་འཛིན་བྱེད་པ་དང་མཉམ་དུ། རང་གི་ནུས་པ་ལྟར་སྒྲུབ་ཐུབ་པའི་ལས་ཀ་ལེགས་པོར་བསྒྲུབ་པ་དང་། དཀའ་གནད་ལ་འཕྲད་དུས་རང་གཅིག་པུས་ཐག་གཅོད་བྱེད་ཐུབ་པ། རང་གི་འགྲོ་ལུགས་འདུག་སྟངས་ཚོད་འཛིན་དང་ཁ་ལོ་བསྒྱུར་ནས་དཀའ་སྡུག་ལས་རྣམ་པར་རྒྱལ་ཐུབ་པའོ། །
རང་མོས་ཀྱིས་སྤྱི་ཚོགས་ཁོར་ཡུག་ལ་གོམས་འདྲིས་བྱེད་པ།
གོམས་འདྲིས་ནི་ཁེར་རྐྱང་གིས་འཚོ་གནས་ཀྱི་དགོས་མཁོ་སྐོང་ཆེད་ཁོར་ཡུག་སྙོམས་སྒྲིག་བྱེད་པའི་ནུས་པ་འདོན་པ་ཞིག་ལ་གོ་བ་ཡིན། དངོས་ཡོད་འཚོ་བ་གདོང་གིས་བསུ་བ་དང་ཁོར་ཡུག་འདྲ་མིན་ལ་གོམས་འདྲིས་བྱེད་ཐུབ་པ་བྱ་དགོས། འཚོ་བ་ནི་མ་གཞི་ནས་ཪྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། སྤྱི་ཚོགས་ཁྲོད་དུ་ཡང་དཀའ་གནད་དང་འགྲན་རྩོད་ཀྱིས་ཁེངས་ཡོད་པས་ན། ང་ཚོས་ངེས་པར་དུ་དངོས་ཡོད་ཀྱི་རྣམ་པ་གཞི་བྱས་ཏེ་རང་ཉིད་སྙོམས་སྒྲིག་བྱས་མཐར། སྤྱད་གོ་འཐུས་པའི་དམིགས་འབེན་ཞིག་གཏན་ལ་འབེབས་དགོས་ཤིང་། ཧོལ་རྒྱུག་གཏན་ནས་མི་བྱེད་པར་རྒྱུན་ལྡན་དང་ཕན་ནུས་ལྡན་པའི་ངང་ནས་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་ཐ་དག་ལ་གོམས་འདྲིས་བྱེད་དགོས།
མི་དང་མིའི་བར་ལ་འབྲེལ་བ་ལེགས་པོ་ཞིག་ཡོད་དགོས།
སྤྱི་ཚོགས་འཚོ་བའི་ཁྲོད་མི་དང་མིའི་བར་ལ་འབྲེལ་བ་ལེགས་པོ་ཞིག་ཡོད་ཚེ། ཁེར་རྐྱང་དང་རང་དམན་གྱི་ཚོར་སྣང་སེལ་ཏེ་བདེ་འཇགས་དང་རང་རློམ་གྱི་དགེ་མཚན་འཐོབ་ངེས་ཡིན། གཞན་གྱིས་མཉམ་འཇོག་དང་ཐུགས་ཁུར་གནང་བར་རེ་བ་ནི་མིའི་རིགས་ལ་ལྷན་སྐྱེས་ནས་ཡོད་པའི་ཀུན་སློང་ཞིག་ཡིན་ལ། གཞན་གཅེས་ཀྱི་སེམས་དང་བཅས་མི་གཞན་ལ་ཐུགས་ཁུར་དང་རོགས་རམ་བྱས་ཚེ་ཁོ་ཚོའི་སེམས་གཏིང་གི་དགོས་མཁོ་སྐོང་བ་དང་མཉམ་དུ་ཁྱེད་ལའང་ཞར་དུ་མི་གཞན་པའི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཐོབ་ཡོད། ཕན་ཚུན་ལ་སེམས་ཁུར་དང་རོགས་རམ་བྱས་ན་སེམས་ཁམས་བདེ་ཐང་ལ་སྐུལ་འདེད་ཀྱི་ནུས་པ་འཐོན་ངེས་རེད། མི་གཞན་ལ་རོགས་རམ་བྱེད་པར་སྤྲོ་བ་ནི་སྤྱོད་བཟང་ཞིག་ཡིན་ལ། མི་གཞན་ལ་རོགས་རམ་བྱེད་འདོད་ཀྱི་འདུ་ཤེས་ཟབ་པའི་དུས་དེར། མི་དེའི་ཡིད་ཆེས་དང་རང་བཀུར་གྱི་ཚད་ཡང་ཇེ་མཐོར་འགྲོ་ངེས་ཡིན།
ཧུར་ཐག་གིས་ངལ་རྩོལ་དངོས་ལ་ཞུགས་པ།
ངལ་རྩོལ་གྱིས་གཟུགས་གཞི་ཁྱོན་ཡོངས་ནས་གོང་འཕེལ་དུ་གཏོང་བ་དང་། ལྷག་པར་དུ་བློ་རིག་བཀྲ་བར་སྐུལ་འདེད་གཏོང་ངེས་ཡིན་ལ། སེམས་མི་སྐྱིད་པ་དང་རང་གིས་རང་ལ་བརྩི་མཐོང་བྱེད་པ་ཐལ་དྲགས་པ་དང་སྐྱོ་སྣང་སེལ་ཐུབ་ཅིང་། བློ་སེམས་རྩེ་གཅིག་གིས་ངལ་རྩོལ་ལ་ཞུགས་ན་འཚོ་བ་ཕུན་སུམ་ཚོགས་པར་འགྱུར་བ་དང་རང་ཉིད་སྤྱི་ཚོགས་ཀྱི་ཁྲོད་གནས་པའི་རིན་ཐང་ལའང་ཤེས་རྟོགས་འབྱུང་བར་མ་ཟད། འཚོ་བ་ལ་དོན་སྙིང་ལྡན་ཞིང་བདེ་སྐྱིད་ལྡན་པའི་ཚོར་སྣང་སྐྱེ་ངེས་ཡིན།
དཀའ་གནས་ལས་མཐར་མཁས་པོ་བྱེད་དགོས།
ཧུར་ཐག་གིས་རང་གི་འཚོ་བ་རོལ་སྟངས་དང་འཚོ་བའི་དམིགས་འབེན་སྙོམས་སྒྲིག་བྱས་ཏེ། གོམས་གཤིས་ངན་པ་མཐའ་དག་ལེགས་བསྒྱུར་བྱ་དགོས་ཤིང་། ལྷག་པར་དུ་འཚོ་བ་དང་བྱ་བའི་ཁྲོད་དཀའ་སྡུག་ལ་འཕྲད་དུས། སྔ་མོ་ནས་དེ་དག་ལས་ཐར་ཐབས་མ་བྱས་ཚེ་སེམས་ཁམས་བདེ་ཐང་ལ་ངན་ཤན་ཟབ་མོ་ཐེབས་ངེས་ཡིན།
ས་བཅད་གསུམ་པ། སེམས་ཁམས་མི་ལེགས་པ་སྙོམས་སྒྲིག་བྱེད་སྟངས།
རྒྱུན་ལྡན་འཚོ་བའི་ཁྲོད་མི་རྣམས་སུན་སྣང་དང་འུ་ཐུག་ཐབས་ཟད་ཀྱི་དོན་དག་དང་། གློ་བུར་དུ་བྱུང་བའི་གནོད་འཚེ་དང་དགའ་འོས་པའི་དོན་དག་སོགས་ལ་འཕྲད་ཚེ། དེ་དང་བསྟུན་ནས་བདེ་ཐང་གི་སེམས་ཁམས་ལ་འཇིགས་སྐུལ་ཐེབས་སྲིད། དཔེར་ན་དགའ་སྤྲོ་ཚད་མེད་སྐྱེས་པ་དང་སེམས་འཚབ་པ། སེམས་ཁུར་ཆེ་དྲགས་པ། འཇིགས་སྐྲག་ཆེ་བ། ཡིད་སྐྱོ་བ། ཁོང་ཁྲོ་ལངས་པ། ཕྲག་དོག་ཆེ་བ་སོགས་ཀྱི་གནས་ཚུལ་འབྱུང་ངོ་། །
སེམས་འཚབ་པ་དང་སེམས་ཁུར་ཆེ་དྲགས་པ།
ཐོག་མར་སེམས་འཚབ་པ་དང་སེམས་ཁུར་ཆེ་དྲགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ནན་མོ་ཞིག་བྱས་ཏེ། རང་ཉིད་ལ་“ལུགས་དང་མཐུན་པའི”དག་སེལ་ཞིག་བྱེད་ཅིང་་། ཁ་གཡར་ས་ཞིག་བཙལ་ཏེ་རང་ཉིད་ལ་སེམས་གསོ་བྱས་ནས་སེམས་ཁམས་ལ་མནར་གཅོད་གཏོང་བ་སེལ་ཐབས་བྱེད་དགོས། དཀའ་སྤྱད་འབད་བརྩོན་གྱིས་མ་དངུལ་བཏང་སྟེ་སྔོ་ཚལ་འདེབས་སའི་སྤྱིལ་བུ་ཆེན་པོ་ཞིག་བསྐྲུན་པ་བཞིན་སྔོ་ཚལ་གྱི་གསོན་ཚད་ཆུང་བ་དེ། མ་གཞི་ནས་ས་བོན་སྐྱོན་ཅན་ཡིན་པ་དང་། ཡང་ན་ཞིང་སའི་སྐྱུར་བའི་རང་བཞིན་དང་བ་ཚྭའི་རང་བཞིན་དོ་མཉམ་མིན་པ་སོགས་ཀྱི་རྒྱུ་རྐྱེན་བཙལ་དགོས་པ་ལས། རང་གི་ལག་རྩལ་ཐད་ཀྱི་ནོར་འཛོལ་ཁོ་ན་ལ་ཕུ་འདེད་བྱེད་མི་འོས། བཟའ་བཅའ་སྤྱོད་པར་ཁ་དོག་དམར་པོའི་རིགས་ཏེ་ཀྲོ་མ་ཀྲུ་དང་སེ་པན་དམར་པོ། ཀུ་ཤུ་སོགས་མང་པོ་ཟ་དགོས་ཤིང་། ཟས་རིགས་དེ་དག་ནི་སེམས་ཁུར་ཆེ་དྲགས་པའི་སེམས་ནད་སེལ་བའི་རང་བྱུང་སྨན་རྫས་སུ་གྱུར་ཡོད། དེ་མིན་ངང་ལག་གིས་ཀྱང་ཡིད་སྐྱོ་བ་དང་བློ་མི་བདེ་བའི་སྣང་ཚུལ་གསོ་བཅོས་བྱེད་ཐུབ།
འཇིགས་སྐྲག་དང་སྐྱོ་སྣང་།
རང་གི་འབད་བརྩོན་དམིགས་འབེན་དང་ཕུགས་བསམ་སོགས་ལ་བར་ཆད་བྱུང་བ་དང་། ལུས་ཕུང་སྐྱོན་ཅན་ཡིན་པ། སྤྱོད་ཚུལ་ལ་ནོར་འཛོལ་བྱུང་བ། གཉེན་ཉེ་དང་ཁ་བྲལ་བ་སོགས་ཀྱི་དབང་གིས་ཡིད་སྐྱོ་བ་དང་འཇིགས་སྐྲག་སྐྱེ་བའི་དུས་སུ། རྒྱལ་ཁ་ལེན་ཐུབ་པའི་བྱ་འགུལ་གདམ་གསེས་ཀྱིས་གོང་གི་སྣང་ཚུལ་དེ་དག་གི་ཚབ་བྱས་མཐར། ཕམ་ཁའི་ཁྲོད་རང་བཀུར་དང་ཡིད་ཆེས་ཤོར་སོང་བར་ཁ་གསབ་བྱས་ཏེ་བློ་རྩེ་གཞན་དུ་བསྒྱུར་ནས་ཕངས་པ་སེལ་དགོས། གྲོ་ཡི་ཐོན་སྐྱེད་བྱེད་ཚད་དམའ་ཚེ་ཆུ་འབྲས་འདེབས་འཛུགས་བྱེད་པར་ཐབས་བཀོད་བཙལ་བ་ལྟར། ལུས་ཕུང་སྐྱོན་ཅན་ཡིན་ཚེ་ཆེད་དུ་ལག་རྩལ་ཞིག་སློབ་པར་འབད་དགོས་པ་དང་། ཡང་ན་རང་ཉིད་སྤྲོ་སེམས་ཆེ་བའི་དོན་དག་ཅིག་བསྒྲུབ་པར་བརྩོན་དགོས། དར་མའི་དུས་སུ་བཟའ་ཟླ་རྐྱེན་ལམ་དུ་ཤོར་ཚེ་གཞན་དེ་སྤྱི་ཕན་གྱི་ལས་ལ་ཞུགས་པ་དང་། བྱིས་པའི་སློབ་སྦྱོང་གི་འབྲས་བུ་ཡིད་ཚིམ་པ་ཞིག་མིན་ཚེ་བྱིས་པ་དེའི་དགའ་ཕྱོགས་གསོ་སྐྱོང་བྱེད་དགོས། དེ་ལྟར་བྱས་ན་གཅིག་ནས་རང་ཉིད་ཕམ་ཉེས་ལས་ཐར་ཐུབ་པ་དང་མི་གཞན་གྱི་བརྩི་བཀུར་འཐོབ་ཐུབ་ལ། སེམས་གཏིང་གི་རྨ་ཁ་དེ་ཡང་གསོ་བཅོས་བྱེད་ཐུབ། གཉིས་ནས་ཧུར་ཐག་གིས་ངལ་རྩོལ་དང་སློབ་སྦྱོང་ལ་གཞོལ་ཚེ་རང་ཉིད་ཕུན་སུམ་ཚོགས་པར་གཏོང་བ་དང་། སེམས་པར་མནར་གཅོད་གཏོང་བའི་སྡུག་བསྔལ་ཡང་སེལ་ཐུབ། བཟའ་བཏུང་སྤྱོད་སྐབས་བྱ་ཤའི་ཁུ་བ་མང་པོ་མཐུང་ནས་འཚོ་བཅུད་ཀྱིས་གསོ་བཅོས་བྱས་ཏེ་མི་སྐྱིད་པའི་སེམས་ཁམས་ཡོངས་སུ་སེལ་དགོས། འཚོ་བཅུད་Cའདུས་པའི་བཟའ་ཆས་མང་པོ་སྤྱོད་དགོས་ཏེ། དཔེར་ན་སིལ་ཏོག་ཚ་ལི་མའི་རིགས་དང་། ཀོའོ་པིག་མེ་ཏོག འབྲི་ཏ་ས་འཛིན། རྒུན་འབྲུམ་སོགས་ལྟ་བུ། བཟའ་བཅའ་འདི་དག་གིས་སེམས་ཁམས་ཀྱི་གནོན་ཤུགས་སྙོམས་སྒྲིག་བྱེད་ཐུབ་ལ། འཇིགས་སྐྲག་གི་སེམས་ཁམས་ཡང་ཞི་འཇགས་སུ་གཏོང་ཐུབ།
ཕྲག་དོག་དང་ཞེ་སྡང་ཆེ་བ།
སྤྱི་ཚོགས་དང་རང་སྟེང་གི་ཀུན་སྤྱོད་འདུ་ཤེས་ཀྱིས་དང་ལེན་བྱེད་མི་ཐུབ་པའི་ངར་ལངས་པའི་སྣང་ཚུལ་དེ་སྤྱི་ཚོགས་སྤྱི་བའི་སྤྱོད་བཟང་དང་ལེན་བྱེད་པའི་སྤྱོད་ཚུལ་ཞིག་ཏུ་བསྒྱུར་ནས། འདུ་ཤེས་ངན་པ་ལེགས་བསྒྱུར་དང་བཙོ་སྦྱངས་བྱ་དགོས། དཔེར་ན། ཕྲག་དོག་གི་དབང་གིས་ཁྱིམ་མཚེས་ཚང་གི་བྱིས་པའི་སྦྱངས་འབྲས་ལེགས་པར་གནོད་པ་སྐྱེལ་འདོད་པའི་བསམ་ངན་དེ་ནུས་ཤུགས་ཡོད་དགུ་བཏོན་ནས་རང་གི་བྱིས་པའི་སློབ་སྦྱོང་ལ་ཤུགས་སྣོན་བྱེད་པར་བསྒྱུར་བ་དང་། མི་གཞན་ལ་ཚོད་འཛིན་བྱེད་པའི་བསམ་འདུན་དེ་སྤྱི་ཕན་བྱ་འགུལ་སོགས་རྩ་འཛུགས་བྱེད་པའི་ཕྱོགས་ལ་བསྒྱུར་དགོས། འདི་ནི་ཆེས་ཕན་ནུས་ལྡན་པའི་སེམས་ཁམས་སྙོམས་སྒྲིག་གི་བྱེད་ཐབས་བཟང་བོ་ཞིག་ཡིན་ཞིང་། སྤྱི་ཚོགས་དང་མི་གཞན། རང་ཉིད་གང་ཡིན་ཡང་དགེ་མཚན་ལྡན་པའི་སེམས་ཁམས་སེལ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། གཤིས་རྒྱུད་ལེགས་པོ་གསོ་སྐྱོང་བྱེད་པར་གཙིགས་ཆེན་བྱས་ཏེ། རྒྱུན་ལྡན་འཚོ་བའི་ཁྲོད་མཚོ་ཐོན་བཟའ་བཅའ་མང་པོ་སྤྱོད་དགོས། དཔེར་ན། ཉ་དང་ཧའེ་ཏའེ། ད་དུང་སྒོག་པ་དང་ཡིའུ་ཚལ་ཚོད་མ། ཞོག་ཁོག ནན་ཀྭ མ་རྨོས་ལོ་ཏོག སྲན་མྱུག ཀུ་ཤུ ངང་ལག་སོགས་མང་པོ་ཟ་དགོས།
དགའ་སྤྲོ་ཚད་མེད་སྐྱེས་པ།
དུས་ཡུན་རིང་བོ་ཞིག་གི་ནང་དུ་བརྩོན་ལེན་བྱས་པའི་བྱ་དངོས་ཤིག་གློ་བུར་དུ་རང་ལ་དབང་བར་དགའ་སྤྲོ་དཔག་མེད་སྐྱེ་བར། མྱུར་དུ་རྒྱུན་ལྡན་གྱི་སེམས་ཁམས་ཤིག་གི་ལྟ་སྟངས་བཟུང་ནས། རང་གིས་རང་ཉིད་ལ་ཁ་ཏ་སློབ་གསོ་བཏང་སྟེ། འདི་ནི་རང་གིས་དཀའ་སྤྱད་སྡུག་རུས་སྐྱེད་པའི་གྲུབ་འབྲས་ཡིན་པས་དགའ་སྤྲོ་ཚད་མེད་སྐྱེ་དོན་མེད་ཅེས་སེམས་རྣལ་ལ་ཕབ་དགོས་པ་དང་། དུས་མཚུངས་སུ་ལག་ཕྱིས་རློན་པ་བྱས་ཏེ་འཁྱག་སྒམ་ནང་དུ་ཅུང་ཙམ་བཞག་མཐར་ཕྱིར་བླངས་ནས་ངོ་གདོང་བཏུམ་ཚེ་ཆུ་ཚོད་སྐར་མ1མི་འགོར་བར་སེམས་ཁམས་བདེ་ལ་འབབ་ངེས་ཡིན།
ལང་ཚོ་རྒུད་པའི་དུས་ཀྱི་སེམས་འཚབ་པ་དང་། སུན་སྣང་སྐྱེས་པ། དོགས་པ་ལངས་པ། ཡིད་སྐྱོ་བ་བཅས།
ཚན་རིག་དང་མཐུན་པའི་སྒོ་ནས་ལང་ཚོ་རྒུད་པའི་དུས་ནི་ཚེ་སྲོག་ཁྲོད་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཞིག་ཡིན་པ་དང་། མིའི་འདོད་བློ་ལྟར་ཁ་ལོ་བསྒྱུར་མི་ཐུབ་པའི་རང་བྱུང་ཆོས་ཉིད་ཅིག་ཡིན་པ་གསལ་བོར་ཤེས་དགོས་ལ། བསམ་བཞིན་དུ་རང་ཉིད་ཚོད་འཛིན་གྱི་ནུས་པ་མཐོར་འདེགས་བྱས་ཏེ་ལང་ཚོ་རྒུད་དུས་ཀྱི་ནད་རྟགས་སྣ་ཚོགས་ལ་ཚོད་འཛིན་བྱེད་དགོས། དཔེར་ན་སེམས་འཚབ་པ་དང་བརྗེད་སླ་བ། ཁོང་ཁྲོ་ལངས་སླ་བ། ཉལ་ན་ལངས་ན་སྡོད་མི་ཚུགས་པ། ཐ་ན་གློ་བུར་དུ་དངན་པ་འཐེན་པ་དང་སེམས་འཚབ་ནས་ཉི་མ་འཁྱོལ་ཐབས་མེད་པ། ཉིན་མཚན་མེད་པར་ཆག་སྒོ་ཆེན་པོ་འབྱུང་བར་དོགས་སྣང་སྐྱེ་བ་བཅས་སོ། །
ལང་ཚོ་རྒུད་དུས་ཀྱི་ནད་རྟགས་སྣ་ཚོགས་ཀྱིས་སྡུག་བསྔལ་བསྐྱེད་པར། རང་གིས་རང་ཉིད་ཀྱི་སེམས་ཁམས་གསོ་བ་དང་འོས་འཚམས་སྒོས་སེམས་ཁམས་སྙོམས་སྒྲིག་བྱས་ནས་ལུས་ཕུང་བདེ་ཐང་ཡོང་བ་བྱེད་དགོས། རྨོངས་ཚོད་ཀྱིས་དོགས་པ་ལངས་པ་དང་འབྱུང་གཞི་ཅུང་ཙམ་མ་བདེ་ན་ཚར་རྒྱུ་མེད་པར་དེའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་པ་གཏན་འགོག་བྱས་ཏེ། ཟོས་ན་རོ་མི་ཚོར་བ་དང་ཉལ་ན་གཉིད་མི་ཁུག་པའི་གནད་དོན་འབྱུང་བར་གཡོལ་ཐབས་བྱ་དགོས། གལ་ཏེ་ངོ་མས་ཁམས་མི་དྭངས་ན་མྱུར་མོར་སྨན་ཁང་དུ་སོང་ནས་ཞིབ་བཤེར་བྱས་ཏེ། དབང་རྩའི་རང་བཞིན་ནད་རིགས་ཀྱི་སྙུན་གཞི་བརྟག་དཔྱད་དང་སྨན་བཅོས་ལ་འགོར་འགྱང་མེད་པ་བྱ་དགོས།
ལང་ཚོ་རྒུད་དུས་ཀྱི་མི་རྣམས་ཀྱིས་རང་ཉིད་དང་ཁྱིམ་ཚང་། སྤྱི་ཚོགས། འདས་མ་ད་གསུམ་སོགས་ལ་ངོས་འཛིན་ཡང་དག་བྱེད་པ་དང་གདེང་འཇོག་འོས་འཚམས་བྱ་དགོས། དུས་མཚུངས་སུ་བཟའ་མི་ཡོངས་ཀྱིས་ཀྱང་ལང་ཚོ་རྒུད་དུས་ཀྱི་མི་དེ་དང་ལྷག་པར་དུ་བུད་མེད་ཀྱི་སེམས་ཁམས་དང་ལུས་ཁམས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་བྱེད་དགོས་ཤིང་། གལ་ཏེ་ཁོ་ཚོའི་ནད་རྟགས་འགའ་རེ་ཕྱིར་མངོན་དུས། དེར་བཟོད་བསྲན་དང་བདག་སྐྱོང་བྱས་ནས་བདེ་བླག་ངང་ལང་ཚོ་རྒུད་པའི་དུས་ལས་བརྒལ་བར་བྱ་དགོས།
ཀྲུང་དབྱིའི་སྨན་རྫས་ད་ཏྲིག་འཐུང་སྟེ་སྨན་བཅོས་བྱེད་ཐབས། ད་ཏྲིག་ཁེ100ཆུ་ནང་དུ་གདུས་ནས་ཇའི་ཚབ་ཏུ་འཐུང་དགོས་ལ། ཉིན་གཅིག་ལ་བག་ཐུམ་གཅིག་གདུས་ནས། ཉིན15ཡས་མས་སུ་འཐུང་ན་ནུས་པ་འཐོན་ཐུབ་ཀྱང་མུ་མཐུད་དུ་ཉིན30ནས60ལ་འཐུང་ཆོག
བཞི་བ། ཁྱིམ་མིའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།
ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་ལ། དྲོད་སྐྱིད་ལྡན་པའི་གནས་མལ་ལམ་བདེ་སྐྱིད་དང་བདེ་ཐང་གི་འབྱུང་ཁུངས་ཀྱང་ཡིན་པས། ཁྱིམ་མིའི་བར་གྱི་འབྲེལ་བ་ཡང་དག་སྒོས་ཐག་གཅོད་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ།
རྒན་པར་བརྩི་བཀུར་བྱེད་པ།
རྒན་པའི་མི་གཤིས་དང་གོམས་གཤིས་ལ་བརྩི་བཀུར་བྱ་དགོས་ཏེ། ཁོ་ཚོ་ཁྱིམ་ལས་ཙག་ཙིག་དང་སྤྱི་ཚོགས་བྱ་འགུལ་ལ་ཞུགས་པར་སྐུལ་ནས། མིའི་བར་གྱི་འབྲེལ་བ་སྲུང་འཛིན་བྱས་ཏེ་བློ་སེམས་གཏོད་ས་དང་སྤྲོ་བ་སྐྱེད་པར་སྐུལ་ལྕག་གཏོང་དགོས་ཤིང་། བྱ་དངོས་ཤིག་ལ་ལྟ་ཚུལ་མི་གཅིག་པ་གཉིས་བྱུང་དུས་ཁོ་ཚོའི་བསམ་འཆར་མང་པོ་ཞིག་དང་ལེན་བྱ་དགོས།
རྒན་པའི་ཁྱད་ཆོས་ལྟར་ཁོ་ཚོའི་འཚོ་བར་དོ་སྣང་བྱེད་པ་དང་དཔལ་འབྱོར་ཐད་རང་ཉིད་ལ་བཀོད་སྒྲིག་བྱེད་དུ་འཇུག་པ། ནད་ཕོག་དུས་མྱུར་ཏུ་སྨན་བཅོས་བྱེད་པ་བཅས་ཀྱིས་ཁོ་ཚོར་མི་རྒས་རུང་སེམས་སྐྱིད་པ་དང་། བག་ཕེབས་ངང་འཚོ་གནས་བྱེད་དུ་འཇུག་དགོས།
རྗེས་རབས་པ་གསོ་སྐྱོང་བྱེད་པ།
ཁྱིམ་བདག་གིས་རང་ཉིད་ཀྱི་བྱིས་པར་གྲོགས་པོ་ཞིག་གི་ཚུལ་དུ་བཟུང་ནས། རང་གི་བྱ་སྤྱོད་ལེགས་པོ་དེ་ཁོ་ཚོའི་སློབ་སྦྱོང་གི་མིག་དཔེར་བྱེད་པ་མ་ཟད། ད་དུང་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོ་དང་བསམ་བློ་བརྗེ་རེས་བྱེད་པ་དང་། ཁོ་ཚོའི་བདེན་ལུགས་ཡོད་པའི་བསམ་འཆར་ལ་བརྩི་འཇོག་བྱས་ཏེ། བྱིས་པ་ཚོར་དམངས་གཙོ་དང་འཆམ་མཐུན། དྲོད་སྐྱིད་བཅས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ནས་ཁོ་ཚོའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་པ་དང་མི་འདང་ས་དུས་ལྟར་ཁ་གསབ་བྱས་ནས་བདེ་བླག་ངང་འཚར་ལོངས་འབྱུང་དུ་འཇུག་དགོས།
འཆམ་མཐུན་གྱི་བཟའ་ཟླའི་འབྲེལ་བ།
ཁྱིམ་ཚང་ཞིག་བདེ་སྐྱིད་ཡིན་མིན་དེ། གཙོ་བོ་བཟའ་ཟླའི་འབྲེལ་བ་འཆམ་མཐུན་ཡིན་མིན་ལ་རག་ལས་ཡོད། བཟའ་ཟླ་ཕྱོགས་གཉིས་ཀར་རང་ཚུགས་ཀྱི་མི་གཤིས་ཤིག་གྲུབ་ཡོད་པ་ལས་ཁོངས་གཏོགས་ཀྱི་འབྲེལ་བ་ཞིག་གཏན་ནས་མིན། དེའི་སྟབས་ཀྱིས་ཆེས་མཁོ་བ་ནི་ལྷག་བསམ་ཟོལ་མེད་དང་ཤེས་རྟོགས། རྒྱབ་སྐྱོར། གུ་ཡངས་སོགས་ཡིན་ཞིང་། དཀའ་ལས་ལ་འཕྲད་དུས་ཐོག་མར་ཅིག་ཤོས་ཕྱོགས་ལ་བསམ་སྟེ་འགན་མཉམ་འཁུར་བྱ་དགོས། བསམ་འཆར་ལ་ལྟ་ཚུལ་མི་གཅིག་པ་བྱུང་དུས་ཡང་སྐོར་བསྐྱར་སྐོར་གྱིས་མཐུན་སྦྱོར་ངང་བསམ་འཆར་གཅིག་གྱུར་བྱས་ཚེ། ད་གཟོད་དངོས་གནས་སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང་སྡུག་གི་འཁུར་བོ་མཉམ་འཁུར་གྱིས་མི་ཚེ་ལ་རོལ་ཐུབ།
འཇིག་རྟེན་མཐུན་འཇུག་གི་སྣང་བ་དེ་བཟའ་ཟླ་གཉིས་འདྲེས་ཤིང་གཤིབ་ཏུ་འཇུག་པའི་བདུད་རྩི་སྨན་མཆོག་ལྟ་བུ་ཡིན་པས་ན། ཕྱོགས་གཉིས་ཀས་ཆབས་ཅིག་ཏུ་ལབ་གླེང་བྱས་ཏེ། འཚོ་བ་དོན་སྙིང་ཅན་ཞིག་ཏུ་གཏོང་དགོས་པ་དང་མཉམ་དུ་ཚད་ཡོད་མཐུན་སྦྱོར་སྒོས་འཁྲུག་པ་སྤྱད་ན་བཟའ་ཟླ་ཕན་ཚུན་གྱི་ལུས་ཕུང་བདེ་ཐང་ལ་ཕན་པ་ཡོད། །
རྩོམ་གསར། 10