རང་ཁུལ་གྱི་མཚོ་འཕགས་ཆེས་མཐོ་བའི་ཁ་ལོ་བའི་སློབ་གྲྭས་ཞིང་འབྲོག་མང་ཚོགས་ཀྱི་རླངས་འཁོར་བསྐོར་བའི་ཕུགས་འདུན་མངོན་འགྱུར་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-08-16

རང་ཁུལ་གྱི་མཚོ་འཕགས་ཆེས་མཐོ་བའི་ཁ་ལོ་བའི་སློབ་གྲྭས་ཞིང་འབྲོག་མང་ཚོགས་ཀྱི་རླངས་འཁོར་བསྐོར་བའི་ཕུགས་འདུན་མངོན་འགྱུར་བྱས།
ཁ་ལོ་བའི་ལག་ཁྱེར་ལེན་སྐབས་དམ་བཅའ་བཞག་པའི་མཛད་སྒོ་སྤེལ་བཞིན་པའི་ཚུལ།

ཉེ་ཆར། སེར་ཤུལ་རྫོང་ཕྱག་ཚ་གྲོང་རྡལ་གྱི་ཕོ་གསར་ཐུབ་ཆོས་ཐེངས་དང་པོར་བོད་སྐད་ཀྱི་གསལ་བརྡ་མ་ལག་ཡིན་པའི་ཁ་ལོ་བའི་ལག་ཁྱེརC1ཡི་རྒྱུགས་ཚན་དང་པོ་རུ་ཞུགས་པ་དང་། རྒྱུགས་རའི་ནང་དུ་ཁོས་རྣ་ཉན་ལ་ཉན་བཞིན་བོད་སྐད་ཀྱི་གསལ་བརྡའི་འོག་ནས་རྒྱུགས་སྤྲོད་ལེགས་འགྲུབ་བྱུང་བར་མ་ཟད་རྒྱུགས་འབྲས་ཡང་གཡུར་དུ་ཟ་བ་ཐོབ་པ་རེད། ཁོས“དེ་སྔོན་ཁ་ལོའི་སློབ་གྲྭར་རིན་པ་མི་དགོས་པའི་གསོ་སྦྱོང་འཛིན་གྲྭ་རུ་ཞུགས་ཤིང་། རྒྱུགས་བྱང་ཕལ་ཆེར་ཤེས་རྟོགས་བྱུང་ཡང་། རྒྱུགས་མ་སྤྲད་པའི་སྔོན་དུ་སེམས་ཁམས་འཚབ་འཚུབ་སྐྱེས་པར་མ་ཟད་རྒྱུགས་མི་འཕྲད་པར་དོགས་ཀྱང་། དེ་རིང་གི་རྒྱུགས་འབྲས་འདི་ངའི་བསམ་ཡུལ་ལས་འདས་སོང”ཞེས་བཤད་པ་རེད།

སེར་ཤུལ་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས། འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་བ་དང་བསྟུན་ནས། རླངས་འཁོར་ཉོ་མཁན་གྱི་ཞིང་འབྲོག་མང་ཚོགས་ཉིན་རེ་བཞིན་ཇེ་མང་དུ་གྱུར། དཀར་མཛེས་ཁུལ་གྱིས2019ལོའི་སྤྱི་ཟླ9པའི་ཚེས1ཉིན་ནས་བཟུང། བོད་ཡིག་གི་འཕྲུལ་འཁོར་ཁ་ལོ་བའི་རིགས་གཞུང་རྒྱུགས་སྤྲོད་དངོས་སུ་བེད་སྤྱོད་བྱས་ཀྱང་། སློབ་གསོའི་ཆུ་ཚད་ཀྱི་བཀག་རྒྱ་ནི་རླངས་འཁོར་བསྐོར་བའི་ཕུགས་འདུན་གྱི་འགལ་རྐྱེན་དུ་གྱུར། དཀའ་གནད་འདི་སེལ་ཆེད། སེར་ཤུལ་རྫོང་གིས་འབྲོག་པའི་ཁ་ལོའི་སློབ་གྲྭར་མིང་ཐོ་བཀོད་པའི་སློབ་མ་རྣམས་ལ་རིན་པ་མི་དགོས་པའི་བོད་ཡིག་གི་འཕྲུལ་འཁོར་ཁ་ལོ་བའི་རིགས་གཞུང་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་པ་རེད།

སློབ་མ་འཇམ་དབྱངས་བློ་དགས་བཤད་དོན། ང་ཚོའི་སེར་ཤུལ་གྱི་ས་ཆ་རུ་ཁ་ལོ་བའི་སློབ་གྲྭ་ཡོད་པར་སྙིང་ཐག་པ་ནས་དགའ་སོང་། ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་པར་ས་ཐག་རིང་པོའི་དུས་ཚོད་དང་འགྲོ་གྲོན་གཏོང་མི་དགོས་པར་མ་ཟད། རྒྱུགས་ཚན་བཞི་པོ་རྒྱུགས་ལེན་པ་ཧ་ཅང་སྟབས་བདེ་རེད།

2018ལོའི་སྤྱི་ཟླ5པར་སློབ་གྲྭ་འཛུགས་གཉེར་བྱས་པ་ནས་ད་བར་དུ་སློབ་མ2000ལ་ཉེ་བ་གསོ་སྦྱོང་བྱས་པས། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱིས་གདེང་འཇོག་ཡག་པོ་ཐོབ་པ་རེད།

འབྲོག་པའི་ཁ་ལོའི་སློབ་གྲྭའི་སློབ་གཙོ་མ་དགས་བཤད་དོན། ང་ཚོས་སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་འགྲིམ་འགྲུལ་ཅུས་ཀྱི་སྣེ་ཁྲིད་འོག་ཁ་ལོ་བའི་སློབ་གྲྭ་འདི་འཛུགས་གཉེར་བྱས་པ་དང་། ད་ལྟ་དགེ་རྒན་བཅུ་གསུམ་དང་། རྒྱབ་ཕྱོགས་ཀྱི་ཞབས་འདེགས་པ་བདུན་ཡོད། རྒྱུགས་ཚན་དང་པོ་ནས་བཞི་པའི་བར་རྒྱུགས་སྤྲོད་ཆོག་པས། ཧ་ཅང་སྟབས་བདེ་མོ་ཡིན་པ་རེད།

བོད་ཡིག་གི་འཕྲུལ་འཁོར་ཁ་ལོ་བའི་རིགས་གཞུང་རྒྱུགས་ལེན་བཅོས་བསྒྱུར་བྱེད་པ་བརྒྱུད་ནས། འབྲོག་ཁུལ་མང་ཚོགས་ཀྱི“ཁ་ལོ་བའི་ལག་ཁྱེར་རྒྱུགས་སྤྲོད་དཀའ་བའི”གནད་དོན་ཐག་གཅོད་ཐུབ་པ་བྱུང་། གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་པ་ནས་ད་ལྟའི་བར་དུ། སེར་ཤུལ་རྫོང་འབྲོག་པའི་ཁ་ལོའི་སློབ་གྲྭའི་ནང་དུ་ཞིང་འབྲོག་མང་ཚོགས600ལྷག་ཞུགས་ཤིང་། མི400ལྷག་གིས་རིགས་གཞུང་རྒྱུགས་ཚན་དང་པོ་དང་བཞི་པ་རྒྱུགས་འཕྲོད་པར་མ་ཟད། ད་སྔར་མི360ལྷག་གིས་ཁ་ལོ་བའི་ལག་ཁྱེར་ལོན་པས། ཞིང་འབྲོག་མང་ཚོགས་ཀྱི་རླངས་འཁོར་བསྐོར་བའི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད།།


  • ལེ་ཚན་སྔོན་མ།:འགྲིམ་འགྲུལ་འཕེལ་རྒྱས་བཏང་ནས་འབྱོར་འབྲིང་དུ་བསྐྱོད་པའི་སེར་ཤུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།