བོད་ལྗོངས་ཀྱི་ལུས་གསོ་ལུས་རྩལ་རིག་གནས།

ཏིང་ལིན་ཧུའེ། ཟླ་བ་ཚེ་རིང་གིས་བསྒྱུར།        2013-12-05

བོད་ལྗོངས་ཀྱི་ལུས་གསོ་ལུས་རྩལ་རིག་གནས།
 

བོད་ལྗོངས་ཀྱི་ས་བབ་མཐོ་ཞིང་ས་དབྱིབས་རྙོག་འཛིང་ཆེ་བ་དང་།གནམ་གཤིས་དང་ཉི་འོད་སོགས་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་འཁྱག་ལ་སྐམ་པ་དང་།རླུང་ཆེ་བ།དབྱང་དབུགས་ཉུང་བ་བཅས་ཀྱི་མཐོ་སྒང་གི་གནམ་ཟླ་ཞིག་ཆགས་ཡོད།ཁོར་ཡུག་འདི་ལྟ་བུའི་ནང་དུའང་བོད་རིགས་མི་དམངས་ཀྱི་ལུས་པོ་ཧ་ཅང་བདེ་ཐང་ཡིན་པ་དེ་ནི་ཁོང་ཚོའི་དུས་རྒྱུན་གྱི་ལུས་རྩལ་འགུལ་སྐྱོད་དང་འབྲེལ་བ་ཟབ་མོ་ཡོད།དུས་ཡུན་རིང་བོའི་ནང་དུ་བོད་རིགས་མི་དམངས་ཀྱིས་འཚོ་བའི་ཁྲོད་ཀྱི་ལུས་གསོའི་སྐོར་གྱི་ཤེས་བྱ་དག་ངག་རྒྱུན་ལ་བརྟེན་ནས་རྒྱུད་འཛིན་བྱས་ཏེ་མཐོ་སྒང་ལ་འཚམས་པའི་ལུས་གསོ་ལུས་སྦྱོང་གི་ཐབས་ཤེས་དེ་དག་བྱུང་།
  ཡི་གེ་མ་བྱུང་སྔོན་གྱི་ལུས་གསོ་ལུས་རྩལ་རིག་གནས།
བོད་ལྗོངས་ཀྱི་ལུས་གསོ་ལུས་རྩལ་རིག་གནས་ཀྱི་འགོ་ཁུངས་དེ་གདོད་མའི་སྤྱི་ཚོགས་སུ་འདེད་ཆོག བོད་ལྗོངས་མཐོ་སྒང་གི་ཆེས་སྔ་བའི་སྡོད་མི་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་འཚོ་ཞིང་།ཁོང་ཚོས་རི་དྭགས་རྔོན་པ་དང་ཉ་འཛིན་པར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད།རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་ཁྲོད་ཁོ་ཚོས་རྒྱུགས་པ་དང་།མཆོངས་པ།རིར་འཛེགས་པ།རྡོ་འཕེན་པ།ཆུར་རྐྱལ་པ་སོགས་ནུས་རྩལ་སྦྱངས།མདའ་འཕེན་པ་དང་།འཇུ་རེས་བྱེད་པ།རྟ་ཞོན་པ།རྡོ་འགྱོགས་པ།མདུང་འཕེན་པ་སོགས་ནི་ལུས་རྩལ་གྱི་ཆེས་ཐོག་མའི་རྣམ་པ་ཡིན། ཡི་གེ་མ་བྱུང་སྔོན་ནས་བཟུང་བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་སྐྱེ་རྒ་ན་འཆི་དང་ཚེ་སྲོག་གི་རིན་ཐང་དོན་དུ་གཉེར་པ་དང་།ཚེ་ཐག་རིང་བ་དང་ལུས་ཕུང་བདེ་ཐང་ལ་དོ་ཁུར་བྱེད་ཀྱིན་ཡོད།སྐབས་དེའི་ལུས་གསོ་ནི་རང་བྱུང་ཁོར་ཡུག་གི་དགོས་མཁོ་དང་བསྟུན་ནས་བྱུང་བའི་གདོད་མའི་ནད་བཅོས་བྱེད་ཐབས་ཤིག་ཡིན་པས།ཡི་གེ་མ་བྱུང་སྔོན་གྱི་མིའི་རིགས་ལ་རང་བྱུང་ཁོར་ཡུག་རྩུབ་མོ་དང་མཐུན་ཐབས་བྱེད་པའི་ནུས་པ་ཆེན་པོ་ཡོད།རྡོ་ཆས་རྙིང་པའི་དུས་རབས་ནས་རྡོ་ཆས་གསར་པའི་དུས་རབས་བར།མེས་པོ་རྣམས་ཀྱིས་ཚེ་ཐག་རིང་ཆེད་ཚེ་སྲོག་དང་ལུས་སྦྱོང་ལ་དོ་སྣང་ཆེན་པོ་བྱས་ཡོད།1978ལོ་དང1985ལོར་ཆབ་མདོའི་ཁ་རུབ་དང་ལྷ་སའི་ཆོས་གོང་གནའ་ཤུལ་ལས་རྙེད་པའི་གནའ་རྫས་ཀྱིས་ལོ་ངོ5000པའི་སྔོན་དུ་བོད་ལྗོངས་མཐོ་སྒང་དུ་མིའི་རིགས་འཚོ་གནས་བྱས་པ་བདེན་དཔང་བྱས།ཡི་གེ་མ་བྱུང་སྔོན་གྱི་མིའི་རིགས་ཀྱི་འཚོ་བ་ཧ་ཅང་ཐབས་སྡུག་ཡིན་པ་དང་།ས་བབ་མཐོ་ཞིང་གནམ་གཤིས་མི་ལེགས་པའི་ཁོར་ཡུག་ནང་ལྟོགས་སྐོམ་པ་དང་།ནད་ཡམས།གྲང་འཁྱག་སོགས་ཀྱིས་དུས་རྒྱུན་པར་ཁོང་ཚོའི་ཚེ་སྲོག་ལ་གཙེས།གཏན་སྡོད་ཀྱི་འཚོ་བ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས་ཚེ་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་ཚད་ངེས་ཅན་ཞིག་དང་བདེ་ཐང་གི་ལུས་ཕུང་ཞིག་མེད་ན་ག་ལ་རུང་། ཁ་རུབ་རིག་གནས་གནའ་ཤུལ་ལས་ཐོན་པའི་རྫ་ཆས་དང་རི་དྭགས་སྣ་ཚོགས་ཀྱི་རུས་པ་སོགས་ལས་སྐབས་དེའི་མི་རྣམས་ཀྱིས་མེ་བཀོལ་སྤྱོད་བྱེད་ཤེས་ཡོད་པ་རྟོགས་ཐུབ།མེ་འཚོ་བར་སྤྱད་པས་བཟའ་བཏུང་གི་དུག་སོགས་མེད་པར་བཟོས་པར་མ་ཟད།ད་དུང་བཟའ་བཏུང་ཁོག་ནས་ཞུ་བའི་དུས་ཡུན་ཡང་ཇེ་ཐུང་དུ་བཏང་བ་དང་།མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་ཡོང་ཚད་དང་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་ནས་ཚེ་ཐག་རིང་བོ་ཡོང་བར་ནུས་པ་ཆེན་པོ་ཐོན།དེ་ལས་གཞན།མེ་ཡིས་མུན་ནག་སེལ་ནས་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བར་མ་ཟད།ད་དུང་འཚོ་བའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ཀྱང་རྒྱ་ཆེར་བཏང་བས།མིའི་རིགས་ཀྱིས་རང་བྱུང་ཁམས་དབང་དུ་བསྒྱུར་པའི་ནུས་པ་བསྐྱེད།གནའ་ཤུལ་ལས་ད་དུང་རྒྱུ་རུས་པ་ལས་གྲུབ་པའི་ཁབ་དང་རྫ་ཡིས་བཟོས་པའི་འཁལ་འཐག་འཁོར་ལོ་སོགས་རྙེད་པ་ལས་བོད་རིགས་ཀྱི་མེས་པོ་དག་གིས་གནམ་གཤིས་གྲང་མོ་འགོག་པའི་གྱོན་གོས་བཟོ་ ཤེས་ཡོད་པའང་རྟོགས་ཐུབ།འདི་ཡང་ཆེས་ཐོག་མའི་ལུས་ཁམས་བདེ་སྲུང་གི་ཐབས་ཤེས་ཤིག་རེད།  གནའ་ཤུལ་ལས་རིན་པོ་ཆེ་དང་རུས་པ་སོགས་ཀྱིས་བཟོས་པའི་རྒྱན་ཆས་བྱུང་བ་དེས་སྐབས་དེའི་བོད་རིགས་ཀྱི་མེས་པོར་དགའ་སྤྲོའི་སེམས་འགྱུ་མཚོན་པའི་གདོད་མའི་མཛེས་དཔྱད་ཡོད་པ་མཚོན།སེམས་ཁམས་སྐྱིད་པོ་དང་མཛེས་དཔྱད་ལེགས་ཤོས་ཡོད་ན་མིའི་ལུས་སེམས་བདེ་ཐང་དང་ཚེ་ཐག་རིང་བར་ཕན་པ་ཡོད་ཅེས་དེང་རབས་གསོ་རིག་གིས་བདེན་དཔང་བྱས་འདུག  བོད་རིགས་ཀྱི་མེས་པོ་རྣམས་ཀྱི་འཚོ་བའི་སྣ་མང་རང་བཞིན་རྒྱུས་ལོན་བྱ་ཆེད།ང་ཚོས་བོད་ཀྱི་བྱང་རྒྱུད་དང་།ནུབ་རྒྱུད།ཤར་རྒྱུད་བཅས་ཀྱི་བྲག་བརྐོས་རི་མོར་དབྱེ་ཞིབ་བྱས་པ་ཡིན།དེ་རུ་བྲོ་གར་མཚོན་པའི་རི་མོའི་གར་མཁན་ཕོ་མོ་གང་རུང་ཡོད་པ་སྟེ།རྐྱང་བྲོ་དང་།ཉིས་བྲོ།མི་མང་པོའི་བྲོ་བཅས་ཡོད།དུས་སྐབས་ཅུང་འཕྱི་བའི་བྲག་བརྐོས་རི་མོའི་ནང་དུས་རྒྱུན་མཐོང་ཐུབ་པ་ནི་མི་མང་པོའི་ཞབས་བྲོ་རེད།གདོད་མའི་བྲོ་གར་འདི་དག་ནི་མི་རྣམས་ཀྱི་སེམས་ཁམས་སྐྱིད་པོ་ཡོང་བར་ཕན་པར་མ་ཟད།ད་དུང་མིའི་ལུས་ཕུང་དང་སེམས་ཁམས་བདེ་ཐང་ཡོང་བའི་དགོས་མཁོ་ཡང་ཡིན།
བཙན་པོའི་རྒྱལ་རབས་སྐབས་ཀྱི་ལུས་གསོའི་ལུས་རྩལ་རིག་གནས།
 བཙན་པོའི་རྒྱལ་རབས་སྐབས་སུ་ལུས་གསོའི་ལུས་རྩལ་རིག་གནས་དེ་རིམ་གྱིས་འཕེལ་རྒྱས་སུ་སོང་།གལ་ཏེ་གདོད་མའི་དུས་སྐབས་ཀྱི་ལུས་རྩལ་འགུལ་སྐྱོད་ནི་འཚོ་གནས་བྱེད་པའི་ལྷན་སྐྱེས་ཀྱི་ནུས་པ་ཡིན་ཟེར་ན།སྐབས་འདིའི་ལུས་རྩལ་འགུལ་སྐྱོད་ནི་ལུས་ཕུང་བདེ་ཐང་ཡོང་ཆེད་ཡིན།གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱིས་བརྩམས་པའི་བོད་ཀྱི་གསོ་རིག༼རྒྱུད་བཞི༽ཡི་ནང་དུ་ལུས་གསོ་ལུས་རྩལ་གྱི་བསམ་བློ་དང་ཐབས་ཤེས་ཡོད་པར་མ་ཟད།ད་དུང་ལུས་རྩལ་འགུལ་སྐྱོད་དང་ལུས་གསོ་བདེ་ཐང་ཟུང་དུ་སྦྲེལ་ཏེ་ལུས་རྩལ་འགུལ་སྐྱོད་བརྒྱུད་ནས་ལུས་ཕུང་བདེ་ཐང་དང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་པར་སྙམ།ལུས་རྩལ་སྦྱོང་བརྡར་ཚད་དང་རན་པ་ལས་བརྒལ་མི་རུང་བ་དང་གཙོ་བོ་རྒྱུན་སྐྱོང་ན་ད་གཟོད་ལུས་ཕུང་བདེ་ཐང་ཡོང་བའི་ནུས་པ་ཡོད་པར་བསྟན།འདི་ལྟར་བོད་ལྗོངས་ཀྱི་སྲོལ་རྒྱུན་ལུས་གསོ་ལུས་རྩལ་གྱི་མ་ལག་ཅུང་ཆ་ཚར་ཞིང་ཁྱད་ཆོས་ལྡན་པ་ཞིག་ཆགས་ཡོད།སྐབས་འདིའི་བོད་སྨན་གྱི་ལུས་གསོ་མཁས་པ་དག་གིས་མཐོ་སྒང་ནས་འགུལ་སྡོད་ཟུང་འབྲེལ་དང་ཚད་དང་རན་པོའི་འགུལ་སྐྱོད་ཀྱིས་མིའི་ལུས་བསམ་གྱི་ནུས་པ་ཇེ་བཟང་དུ་གཏོང་ཐུབ་པ་རྟོགས་ཡོད།དབྱངས་དབུགས་ཉུང་བའི་མཐོ་སྒང་དུ་འགུལ་སྡོད་ཟུང་འབྲེལ་གྱི་ལུས་གསོ་ཡིས་ཁྲག་རྒྱུན་འཁོར་སྐྱོད་དང་།ཟས་ཀྱི་ཡི་ག་ཇེ་ཡོད།གཉིད་ཁུག་པ།ལུས་ཤུགས་སོས་པ།ཚེ་ཐག་ཇེ་རིང་དུ་གཏོང་བ་བཅས་ལ་ཕན། ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་ལུས་གསོའི་ལུས་རྩལ་རིག་གནས།
ཡོན་རྒྱལ་རབས་དང་།མིང་རྒྱལ་རབས།ཆིང་རྒྱལ་རབས་བཅས་ཀྱི་སྐབས་སུ་ལུས་གསོ་ལུས་རྩལ་རིག་གནས་སྔར་ལས་འཕེལ་རྒྱས་དང་འཐུས་ཚང་དུ་གྱུར་ཡོད།གསོ་རིག་པ་མང་པོ་ཞིག་དང་ལུས་གསོ་མཁས་པ་མང་པོ་ཞིག་གིས་བཙན་པོའི་རྒྱལ་རབས་སྐབས་ཀྱི་གསོ་རིག་སྤྱི་དང་ལྷག་པར་དུ༼རྒྱུད་བཞི་༽ཡི་ནང་གི་ལུས་གསོའི་སྐོར་གྱི་ནང་དོན་ལ་ཞིབ་འཇུག་བྱས།ཡོན་མིང་ཆིང་རྒྱལ་རབས་སུ་ལུས་ཕུང་བདེ་ཐང་ཡོང་བའི་ལུས་རྩལ་འགའ་ནི་བོད་རིགས་ཕོ་གསར་རྣམས་ལ་མཚོན་ན་ངེས་པར་འཛོམས་དགོས་པའི་རྩལ་ཞིག་ཏུ་གྱུར་ཡོད།ནང་སྒོས་སུ་དམར་འཛིང་བྱེད་པའི་ལུས་ཟུངས་དང་།ཆུར་རྐྱལ་བའི་ནུས་པ།བྱ་ལྟར་སྐྱེན་པའི་ནུས་རྩལ་གསུམ་ངེས་པར་འཛོམས་དགོས།དུས་རབས18པའི་སྐབས་ཀྱི་མི་རིགས་དཔའ་བོ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ནི་སྟོབས་རྩལ་རྫོགས་པ་ཞིག་ཡིན།ཁོང་ཆུང་དུས་ནས་ལུས་རྩལ་སྤྱི་སྦྱོང་བར་དགའ་བ་དང་ནང་སྒོས་སུ་མདའ་མདུང་གྲི་གསུམ་གྱི་རྩལ་སྦྱང་བར་ཤིན་ཏུ་དགའ། བོད་རིགས་ཀྱི་ལུས་གསོ་ལུས་སྦྱོང་གི་གོམས་སྲོལ་ལ་ལོ་རྒྱུས་ལ་རིང་པོ་ཡོད་པ་དང་།ད་ལྟའང་རྟ་རྒྱུགས་མདའ་འཕེན་དང་གླུ་ལེན་གར་རྩེད་ཀྱི་གོམས་སྲོལ་མ་ཉམས་སྔར་བཞིན་ཡོད།བོད་ལྗོངས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ནི་དུས་རྒྱུན་གྱི་ངལ་རྩོལ་ཞོར་དང་ཡང་ན་དུས་ཆེན་དགའ་སྟོན་གྱི་སྐབས་སུ་སྤེལ་བ་ཡིན།དཔེར་ན།བོད་ཀྱི་ལོ་གསར་དང་།རྒྱལ་རྩེ་མདའ་དམག ནག་ཆུའི་རྟ་རྒྱུགས།འོང་སྐོར།ཞོ་སྟོན་སོགས་ཀྱི་དུས་ཆེན་སྐབས་སུ་ལུས་རྩལ་གྱི་རྣམ་གྲངས་གང་མང་ཡོད།སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་འདི་དག་ལས་རྟ་རྒྱུགས་དང་།མདའ་འཕེན།རྡོ་འཕེན།གཡག་རྒྱུགས། ཐག་འཐེན།འུར་རྡོ་འཕེན་པ།འཇུ་རེས།སྐོར་བྲོ་སོགས་ནི་མི་རྣམས་ཧ་ཅང་དགའ་བའི་རོལ་རྩེད་དུ་གྱུར་ཡོད་ཅིང་།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་འདི་དག་མི་རྣམས་ཀྱི་ལུས་ཕུང་བདེ་ཐང་དང་ལུས་སེམས་སྐྱིད་པོ་བྱེད་པའི་དམིགས་ཡུལ་གཙོ་བོར་ཡིན།
 བོད་ལྗོངས་དམངས་ཁྲོད་དུ་བྱ་རྒོད་དང་།སེང་གེ།གཡག ཤ་བ།སྤྲེའུ་སོགས་སྲོག་ཆགས་ལ་ལད་ཟློས་བྱེད་པའི་ལུས་གསོའི་བྲོ་གར་དར་ཡོད།འདི་དག་ལ་ལུས་སྦྱོང་གི་ནུས་པ་ཆེན་པོ་ཡོད།དེང་རབས་གསོ་རིག་ཞིབ་འཇུག་གི་བདེན་དཔང་ལྟར་ན།སྤྲོ་སྐྱིད་ལྡན་ཞིང་ཞེ་སོགས་ལྷོད་པའི་གླུ་དབྱངས་ཀྱིས་མིའི་སེམས་ཤུགས་རྒྱས་སུ་འཇུག་ཐུབ་སྐད།དེར་བརྟེན་དུས་རྒྱུན་བྲོ་གར་འཁྲབ་ན་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་མ་ཟད།ད་དུང་མི་རྣམས་རོལ་རྩེད་ཀྱི་ཁྲོད་ནས་ལུས་ཕུང་སྦྱོང་བརྡར་ཡོང་བར་ཕན་པ་ཡོད།
ལོ་རེའི་ཧོར་ཟླ་བདུན་པའི་ཟླ་འགོར།མཐོ་སྒང་གི་གནམ་གཤིས་ཧ་ཅང་ལེགས་པས་གྲོང་ཁྱེར་དང་།འབྲོག་ཁུལ།རོང་ཁུལ་བཅས་གང་ཡིན་རུང་ཚང་མར་མང་ཚོགས་རང་བཞིན་གྱི་ཁྲུས་རྒྱག་བྱེད་སྒོ་ཞིག་ཡོད།སྐབས་འདིར་བོད་རིགས་ཕོ་མོ་རྒན་གཞོན་ཀུན་ཆུ་འགྲམ་དུ་ཡོང་ནས་གུར་ཕུབ་སྟེ་ཉིན་བདུན་རིང་རྒན་གཞོན་ཆེ་ཆུང་མེད་པར་ཆུར་རྩེད་ལ་རོལ་ནས་ཁྲུས་རྒྱག་པ་ཡིན།འདི་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་ཏུ་ཆགས་ཡོད།བོད་ཀྱི་སྐར་རྩིས་རིག་པ་ལྟར་ན།ཧོར་ཟླ་བདུན་པའི་ཟླ་མཇུག་ནས་བརྒྱད་པའི་ཟླ་འགོའི་གཟའ་འཁོར་དང་པོའི་བར་གཙང་པོ་ཚང་མ་བདུད་རྩིར་གྱུར་ཡོད་པས།སྐབས་འདིར་ཆུར་འཛུལ་ནས་ཁྲུས་བརྒྱབ་ན་ནད་ཀུན་འཇོམ་ནུས་ཤིང་ལུས་ཕུང་བདེ་ཐང་ཡོང་ཐུབ་པར་འདོད།
ལོ་ངོ་སྟོང་ཕྲག་བརྒྱུད་འོང་བའི་ལུས་རྩལ་རིག་གནས་ཁྱད་འཕགས་འདི་ལྟ་བུ་ཡོད་པས་ད་གཟོད་བོད་རིགས་མི་དམངས་དབྱང་དབུགས་ཉུང་བའི་མཐོ་སྒང་ནང་བདེ་ཐང་ངང་འཚོ་གནས་ཐུབ་པར་གྱུར།ཉེ་བའི་ལོ་ཤས་རིང་ལུས་གསོ་མཁས་པ་དང་ལུས་རྩལ་ལས་བྱེད་པ་མི་ཉུང་བ་ཞིག་གིས་ལུས་པོ་རྐྱང་རྐྱང་སྦྱོང་བརྡར་གྱིས་མི་འདང་བ་དང་།བོད་ལྗོངས་ཀྱི་སྲོལ་རྒྱུན་ལུས་གསོ་ལུས་རྩལ་གྱི་བསམ་བློ་དང་འདུ་ཤེས་སོགས་ཀྱི་ཐད་དུ་སློབ་སྦྱོང་བྱེད་རིན་ཡོད་པ་རྟོགས།གལ་ཏེ་ང་ཚོས་ཀྱང་བསམ་པ་དང་ལུས་ཕུང་གི་སྦྱོང་བརྡར་ཟུང་དུ་འབྲེལ་ཐུབ་ཚེ་གཟུགས་གཞི་བདེ་ཐང་ལྡན་པ་ཞིག་འབྱུང་ཐུབ་པར་སྨོས་མ་དགོས་སོ།།
 

  • ལེ་ཚན་སྔོན་མ།:ཤིང་ཏ་ལའི་ལོ་མའི་དཔེ་ཆ།
  • ལེ་ཚན་རྗེས་མ།:ཐང་ཀའི་གྲུབ་མཐའ་གསུམ།
  • དོ་སྣང་ཆེ་བའི་རྩོམ།