དར་རྒྱས་གླིང་།

ཆོས་འཕེལ།    གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ།    2011-07-14

མཚན་རྒྱས་པར། དགའ་ལྡན་དར་རྒྱས་གླིང་ཞེས་ཞུ། ཐུབ་བསྟན་དགེ་འཕེལ་གླིང་ནས་སྤྱི་ལེ་ཁ་ཤས་མར་ཡོང་ན་དགོན་དེ་ལམ་འོག་ཏུ་ཡོད། དགོན་དེ་ནི་རྒྱལ་བ་བསོད་ནམས་རྒྱ་མཚོའི་ལུང་གིས་ཟིན་པ་མཁས་གྲུབ་དཔལ་ལྡན་རྒྱ་མཚོས་ཕྱག་བཏབ་གནང་མཛད། དགོན་དེ་ནི་ལྷ་རྩེ་ཁུལ་དུ་དགེ་ལྡན་གྱི་དགོན་པ་དང་པོ་དེ་ཡིན་པ་དང་། གྲུམ་པ་གྱང་ཉམས་གསོ་གནང་རྗེས་སུའང་དགོན་དེའི་ཁོངས་སུ་སྦྱར། མཁན་པོའང་བཀྲས་ལྷུན་སྔགས་པ་གྲྭ་ཚང་ནས་ཕེབས་པ་ཡིན། ཡོངས་འཛིན་ཡེ་ཤེས་རྒྱ་མཚན་ཡང་སྐྱིད་གྲོང་ནས་དགོན་དེར་ཞབས་བཅག་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པའང་མང་མཁར་ཆུ་ཚན་དུ་ཕེབས་སྐབས་དགོན་དེར་བཞུགས་པའི་ལོ་རྒྱུས་ཀྱང་ཡོད།  སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་ནང་དུས་གསུམ་སངས་རྒྱས་ཐོག་སོ་ཅན་དང་འཇིགས་བྱེད་དཔའ་བོ་གཅིག་པ། རྗེ་ཡབ་སྲས་གསུམ་སོགས་རྟེན་དང་བརྟེན་པ་བཅས་པ་མཇལ་རྒྱུ་ཡོད། སྔར་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་༨༠སྐོར་གྱིས་དགེ་ལྡན་ལུགས་ཀྱི་བཤད་སྒྲུབ་ཕྱག་བཞེས་གནང་བ་ཡིན།
     ད་ལྟ་སྔོན་གྱི་རྩིག་སྟེང་ཐོག་བཀབ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་བཅས་མཇལ་རྒྱ་ཡོད། (རྩོམ་སྒྲིག་པ་ཨོ་རྒྱན། )
  • ལེ་ཚན་སྔོན་མ།:གངས་རི་ཇོ་མོ་གླང་མ།
  • ལེ་ཚན་རྗེས་མ།:མདོ་སྨད་ཡུལ་གྱི་རྫོང་ཆེན་བཞི།
  • དོ་སྣང་ཆེ་བའི་རྩོམ།