ཏུའུ་ལན་ཐུ་བྷོད་བང་སོའི་མཐོང་ཐོས།

    མཚོ་སྔོན་པོ་དྲ་བ།    2011-12-26

ཚྭ་འདམ་བོད་ཡུལ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་གི་གསར་འགོད་པ་དག་ལ་མཚོན་ན། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཏུའུ་ལན་རྫོང་ཁོངས་སུ་ཡོད་པའི་ཐུ་བྷོད་བང་སོ་ནི་སྔོན་ཆད་གོ་ཐོས་ཙམ་མ་གཏོགས་དངོས་སུ་ཡུལ་དངོས་དེར་སོང་ནས་བང་སོ་དེ་དག་ལ་རྒྱུས་ལོན་བྱེད་མྱོང་བ་གཅིག་ཀྱང་མེད། ཡིན་ནའང་རེབ་འདིར་ཆེས་སྟབས་འགྲིག་པ་ཞིག་ལ། ང་ཚོ་བཅར་འདྲི་ཚོགས་པ་མཚོ་ནུབ་ཁུལ་ཐོག་ཏུ་ཐོན་རྗེས། བཅར་འདྲི་ཚོགས་པའི་བཀོད་འདོམས་པའམ་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་གསར་འགོད་པ་དོན་འགྲུབ་ཚེ་རིང་ལགས་ཀྱིས་ང་ཚོར་ཐོག་མར་མཚམས་སྦྱོར་བྱས་པའི་བཅར་འདྲི་བྱེད་ཡུལ་ནི། མཚོ་ནུབ་ཁུལ་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རྩལ་རིག་གནས་འཕྲོད་སྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཏུའུ་ལན་ཐུ་བྷོད་བང་སོ་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་རྒན་བསམ་ཚེ་ལགས་རེད། ང་ཚོས་བལྟས་ཚོད་ལ། རྒན་བསམ་ཚེ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་ལྡན་ཞིང་ལུང་རིགས་དཔྱད་འཇོག་གི་བློ་སྤོབས་ཆེ་བ། ཕྱི་ནང་ལོ་རྒྱུས་ལ་མཐོང་རྒྱ་ཡངས་ཤིང་རྒྱ་བོད་ཡིག་ཚང་ལ་ལྟ་རྒྱ་ཆེ་བའི་ལོ་རྒྱུས་ཞིབ་འཇུག་པ་ཞིག་རེད། རྒན་བསམ་ཚེ་ལགས་ཀྱིས1999ལོ་ནས་བཟུང་ཏུའུ་ལན་ཐུ་བྷོད་བང་སོ་ལ་ཞིབ་འཇུག་བྱེད་འགོ་བརྩམས་པས་ཏུའུ་ལན་ས་ཆའི་ཐུ་བྷོད་བང་སོ་ལ་རྟོག་དཔྱོད་དང་ཞིབ་འཇུག རིག་གཞུང་དཔྱད་བསྡུར། ཡིག་ཚང་འཚོལ་སྡུད་བཅས་བྱེད་མཁན་གྱི་བོད་རིགས་ཞིབ་འཇུག་པའམ་ཡང་ན་བོད་རིགས་ཆེད་མཁས་པ་ཆེས་ཐོག་མ་ཡིན་ཞེས་བཤད་མི་ཆོག་རྒྱུ་མེད་སྙམ།
   ང་ཚོ་ཚྭ་འདམ་བོད་ཡུལ་དུ་བསྐྱོད་པའི་བཅར་འདྲི་ཚོགས་པའི་ཁོངས་མི་བཅོ་ལྔ་བོ་རྒན་བསམ་ཚེ་ལགས་ཀྱི་སྣེ་ཁྲིད་འོག་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ཉི་ཤར་གྱི་རྩེ་མོ་དང་འགྲོགས་ཏེ་གཏེར་ལེན་ཁ་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་ཆེད་དུ་ཏུའུ་ལན་ཐུ་བྷོད་བང་སོ་ཡུལ་དངོས་ལ་བཅར་འདྲི་བྱེད་དུ་སོང་། བཅར་འདྲི་ཚོགས་པ་ཏུའུ་ལན་རྫོང་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་སོང་བ་ན་དགོན་ཆགས་ཞེས་པའི་རི་བོ་རྩེ་མོ་དགོང་ལ་ཟུག་པ་ཞིག་དང་འཕྲད་པ་དང་དེའི་འདབས་རོལ་གྱི་ཉག་ཁ་ནས་ཡར་བལྟས་པ་ཙམ་གྱིས་ང་ཚོའི་མིག་ལམ་དུ་མངོན་པ་ནི་ཁོད་ཡངས་བའི་ལུང་ཁོག་ཆེན་པོ་ཞིག་རེད། རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། རི་བོ་རྩེ་མོ་དགོང་ལ་ཟུག་པ་འདིའི་རྩེ་ནའང་བང་སོ་འགའ་ཡོད་་མོད། འོན་ཀྱང་ད་ལྟ་བསློགས་ཟིན། འདི་ནས་ཡར་བལྟས་ན་གཡོན་ཕྱོགས་སུ་ཏེའུ་འབུར་ཆེན་པོ་ཞིག་ཡོད་པ་གན་ནི་ཏུའུ་ལན་ཐུ་བྷོད་བང་སོའི་བང་སོ་དང་པོ་ཡིན་ཟེར། དེ་ནས་ལམ་ལ་ཆས་ཏེ་སྤྱི་ལེ་ལྔ་ཙམ་སོང་བ་ན་ད་གཟོད་བང་སོ་དང་པོ་དེའི་གམ་དུ་ཐོན། 
  ཏུའུ་ལན་ཐུ་བྷོད་བང་སོའི་རྒྱབ་རི་ནི་བྱ་རྒྱལ་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟ་བུའི་ཤུ་བེ(ཤེའུ་ཀ)རི་བོ་དང་མདུན་ཕྱོགས་སུ་ཆུ་བོ་དཀར་དྲིས་ཞེས་པའི་དལ་འབབ་རིང་མོ་ཞིག་ཡོད། རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། ཏུའུ་ལན་ཤུ་བེ་བང་སོ་དང་པོ་དང་དེའི་མཐའ་སྐོར་གྱི་བང་སོ་སྟོང་ཕྲག་མང་པོ་དེ་དག་མི་རིགས་གང་ཞིག་ལ་གཏོགས་པའི་གནད་དོན་དེ་ལ་དེང་སྐབས་བཤད་སྲོལ་སྣ་ཚོགས་ཡོད། དེའང་མཐར་གཏུགས་ནས་བཤད་ན། ལྟ་ཚུལ་སྨྲ་བ་གཉིས་ཡོད་དེ། གཅིག་ནི་ཐུ་བྷོད་ཀྱི་བང་སོ་ཡིན་པར་སྨྲ་བ་དང་གཞན་ཞིག་ནི་ཐུ་བྷོད་རྒྱལ་བོས་མངའ་བསྒྱུར་བའི་སྐབས་ཀྱི་འ་ཞའི་བང་སོ་ཡིན་པར་སྨྲ་བ་དེ་གཉིས་རེད། ཁོས་བང་སོའི་ནང་ནས་ཕྱིར་བུད་པའི་རིག་རྫས་དག་ལ་བལྟས་ན། ཏུའུ་ལན་བང་སོ་དང་པོ་དང་ཆུ་དཀར་དྲིས་ཀྱི་བྱང་ངོས་ན་ཡོད་པའི་བང་སོ་ཆེན་པོ་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་དང་བཙུན་མོ་མཆིམས་ཟས་མངའ་བསྒྱུར་སྐབས་བཏབ་པ་ཞིག་ཡིན་སྙམ་ཟེར།
  བང་སོ་དང་པོ་དེའི་ས་ངོས་སྤྱིའི་རྒྱ་ཁྱོན་ལ་རྨུས་རྒྱ་དཔང་གྲུ་བཞི་མ་ཁྲི་གཅིག་དང་ཉིས་བརྒྱ་བཞི་བཅུ་དང་མཐོ་ཚད་ལ་རྨུས་ཉེར་བདུན་ལྷག་ཡོད། བང་སོའི་ས་ངོས་ཀྱི་རིང་ཚད་ལ་རྨུས་བརྒྱ་དང་ང་ལྔ་དང་ཞེང་ལ་རྨུས་བཞི་བཅུ་ལྷག་ཡོད། རྒན་བསམ་ཚེལགས་ཀྱིས་བཤད་རྒྱུར། ས་འདིའི་ལོ་ལོན་རྒན་པ་དག་གིས་བཤད་པ་ལྟར་ན། སྔོན་ཆད་བང་སོ་འདི་སྐས་རིམ་ལྟར་རིམ་པ་དགུ་བརྩེགས་སུ་གྲུབ་ཡོད་པ་དང་སྐབས་དེར་ས་འདིའི་མི་རྣམས་ཀྱིས་འདི་བང་སོ་ཞིག་ཡིན་པ་མི་ཤེས་ལ། མཚམས་མཚམས་སུ་ས་ཁུང་བརྡོལ་ཡོད་པས་མི་རྣམས་ཀྱིས་འདི་ལ་བདུད་ཁུང་དགུ་བརྩེགས་ཞེས་འབོད་པའི་ངག་རྒྱུན་ཡོད་ཟེར། རྒན་བསམ་ཚེ་ལགས་ཀྱིས་ང་ཚོ་ཁྲིད་ནས་བང་སོ་དང་པོའི་རྩེ་རུ་སོང་།
  བང་སོ་དང་པོའི་རྩེ་ནས་མར་བལྟས་པ་ན། བང་སོའི་འདབས་རོལ་ཡོངས་སུ་ཏེའུ་འབུར་ཆེ་མ་ཆུང་གསུམ་གྱིས་གང་འདུག བང་སོའི་རྩེ་ནས་མར་བལྟས་པའི་མདུན་འདབས་སུ་ཤར་ནས་ནུབ་ལ་རྡོ་བརྩེགས་ལས་གྲུབ་པའི་དོང་ཤར་ལྔ་ཡོད་པ་དང་དེ་རེ་རེའི་རིང་ཚད་ལ་རྨུས་ཞེ་བདུན་དང་ཞེང་ལ་རྨུས་གཉིས་རེ་ཡོད། དུང་ཤར་རེ་རེའི་བར་ཐག་ལ་རྨུས་བཞི་དང་ཕྱེད་ཀ་ཡོད། དུང་ཤར་ལྔ་བོ་དེའི་ཤར་ནུབ་སྣེ་གཉིས་སུ་ལྷོ་ནས་ནུབ་ལ་གྲལ་བསྒྲིགས་པའི་རྡོ་བརྩེགས་གོར་མོའི་དོང་མང་པོ་ཡོད་པ་དང་། དེ་ནུབ་སྣེ་ན་བཅུ་གསུམ་དང་ཤར་སྣེ་ན་བཅུ་བཞི་ཡོད།

རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། ཁོས་ཞིབ་འཇུག་བྱས་པ་ལྟར་ན། ཏུའུ་ལན་ཐུ་བྷོད་བང་སོ་དང་པོ་ལས་མཚོན་པའི་རིག་གནས་ནི་ཕྱོགས་མང་པ་དང་གཏིང་ཟབ་པ་ཞིག་རེད། ཁོས་བལྟས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་སོགས་བོད་ལྗོངས་ན་ཡོད་པའི་ཐུ་བྷོད་བོད་ཀྱི་བཙན་པོའི་བང་སོ་དགུ་དང་བསྡུར་ན། ཏུའུ་ལན་ཐུ་བྷོད་བང་སོ་དང་པོའི་གཞི་རྒྱ་ཆེ་བ་དང་མཆོད་འབུལ་རྔམ་ཞིང་བརྗིད་ལ། གྲུབ་ཚུལ་ཁྱད་པར་བ་ཞིག་རེད། བང་སོའི་དུར་འཇུག་གི་ཚད་གཞི་མཐོ་བ་དང་རིག་གནས་བརྡ་འཕྲིན་ཕུན་སུམ་ཚོགས། བང་སོ་འདིའི་དུར་འཇུག་རིག་གནས་གཅིག་པུར་བལྟས་ནའང་། སྐབས་དེའི་དུར་འཇུག་ཆོ་གའི་གོ་རིམ་ཁྲོད་དུ་དུར་འཇུག་མཁན་རྣམས་ཀྱིས་བོད་རང་གི་གདོད་མའི་ཆོས་ལུགས་བོན་གྱི《ཀླུ་འབུམ》ཞེས་པའི་ནང་གི་འབྲེལ་ཡོད་བོན་གྱི་དུར་འཇུག་ལྷ་སྒྲུང་ངམ་ངག་རྒྱུན་དེ་དུར་འཇུག་དངོས་སུ་བཀོལ་ཡོད་པའི་རིག་གནས་ཤུལ་རྗེས་དེ་གང་ས་གང་དུ་མངོན་པར་མཚོན་འདུག་ཟེར།
   རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། བང་སོའི་མདུན་གྱི་ཤར་ནས་ནུབ་ལ་གྲལ་བསྒྲིགས་ཡོད་པའི་དོང་ཤུར་ལྔ་བོ་ལ་ལྔ་མཆོད་ཟེར་བ་དང་དུང་ཤུར་ལྔ་བོ་དེའི་ཤར་ནུབ་སྣེ་གཉིས་ན་ལྷོ་བྱང་ཕྱོགས་སུ་གྲལ་ལྟར་བསྒྲིགས་ཡོད་པའི་རྡོ་བརྩིགས་གོར་མོའི་དོང་བཅུ་གསུམ་ཅན་དང་དུང་བཅུ་བཞི་ཅན་དེ་དག་ལ་ལབ་ཙེའམ་ཡང་ན་མཆོད་སྟེགས་མ་བུ་བཅུ་གསུམ་དང་མཆོད་སྟེགས་མ་བུ་བཅུ་བཞི་ཟེར་ཞིང་དེ་ལ་བསྡོམས་པས་ཉེར་བདུན་ཡོད། ཤར་སྣེའི་ལབ་ཙེ་བཅུ་བཞི་བོ་དེ་ལ་ལྷོ་ཡི་མགོ་ན་མ་ཡི་ལབ་ཙེ་གཅིག་ཡོད་པ་དང་དེ་ནི་གཉན་ལ་མཆོད་པ་དང་ནུབ་སྣེའི་ལབ་ཙེ་བཅུ་གསུམ་པོ་དེ་ལ་བྱང་གི་མགོ་ན་མ་ཡི་ལབ་ཙེ་གཅིག་ཡོད་པ་དང་དེ་ནི་ཀླུ་ལ་མཆོད་པ་ཡིན་ཟེར།
   རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། ཏུའུ་ལན་ཐུ་བྷོད་བང་སོ་དང་པོ་འདིའི་མཐའ་སྐོར་དུ་བང་སོ་ཆུང་ཆུང་དྲུག་ཅུ་ལྷག་ཡོད་པ་དང་མིག་སྔར་བརྐོས་ཟིན་པའི་བང་སོ་མང་ཆེ་བའི་ནང་ནས་རྟ་ནོར་ལུག་གསུམ་སོགས་སྲོག་ཆགས་ཀྱི་དུར་རྫས་རུས་པ་མང་པོ་རྙེད། བང་སོ་དང་པོའི་མདུན་འདབས་ཀྱི་ལབ་ཙེ་ཉེར་བདུན་པོ་ལས་ནོར་འགོ་དང་ནོར་གྱི་རྨུག་པ་བཅུ་གསུམ་དང་ཁྱུ་ཡི་རུས་པ་ཁ་ཚང་བཅུ་གཉིས། ལྔ་མཆོད་ཀྱི་དོང་ཤུར་ལྔ་བོ་ལས་རྟ་བརྒྱད་ཅུ་གྱ་བདུན། ལུག་བརྒྱ་དང་ཉི་ཤུ། ནོར་བརྒྱད་ཅུ་བཅས་ཀྱི་རུས་པ་རྙེད། སྲོག་ཆགས་དུར་རྫས་སུ་བཞག་ཡོད་པ་འདི་ལས་ཏུའུ་ལན་བང་སོ་དང་པོའི་དུར་འཇུག་རིག་གནས་ཀྱི་མ་གཞི་ནི་ཐུ་བྷོད་བཙན་པོའི་སྐབས་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་གྱི་དུར་འཇུག་རིག་གནས་ཡིན་པ་ར་སྤྲོད་བྱས་ཡོད་ཟེར། ཏུའུ་ལན་ཐུ་བྷོད་བང་སོ་དང་པོའི་སྟེང་གི་དཀྱིལ་དབུས་སུ་གཡུང་དྲུང་སྒོ་བཞི་ཟེར་བའི་རྡོ་དང་ཤིག་སྡོང་ལས་གྲུབ་པའི་རྩིག་པ་ཞིག་ཡོད།
   རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། བང་སོ་དང་པོའི་སྟེང་གི་དཀྱིལ་དབུས་སུ་ཡོད་པའི་གཡུང་དྲུང་སྒོ་བཞི་ནི་རྟག་བརྟན་གྱི་གོ་བ་མཚོན་པའི་འཕྲུལ་སྣང་གཡུང་དྲུང་གི་བརྩམས་ཆོས་ཤིག་ཡིན་ལ། དེ་ལས་བང་སོ་འདི་ནི་བཙན་པོའི་བང་སོ་ཞིག་ཡིན་པར་མ་ཟད། དུར་བཅུག་བཙན་པོ་དེའི་དུར་འཇུག་ཆོ་ག་ནི་འཁྱར་བོན་གྱི་ཆོ་ག་ཡིན་པར་སྙམ་ཟེར། ཁོས་བཤད་རྒྱུར། གང་ལྟར་ཡང་ཏུའུ་ལན་ཤུ་བེ་བང་སོ་དང་པོའི་དུར་འཇུག་ཆོ་གའི་ཆོས་ལུགས་རིག་གནས་ནི་གནའ་བོའི་ཐུ་བྷོད་བོན་གྱི་རིག་གནས་ལ་གཏོགས་པ་གདོན་མི་ཟ།
   རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། 2000ལོའི་ཟླ8པར་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་ཁང་གིས་ཁང་པ་ཡོད་ས་དེ་ན་བང་སོ་ཞིག་ཡོད་པ་བརྐོ་བསྔོགས་བྱས་པ་དང་སྐབས་དེར་བང་སོའི་ནང་ནས་རིང་ཚད་ལ་སོར་དྲུག་ནས་བདུན་དང་སྦོམ་ཚད་ལ་སོར་གཅིག་ཙམ་ཡོད་པའི་དུར་བྱང་སྟེང་ན་བོད་ཡིག་ཡོད་པ་ཞིག་རྙེད། དེ་དུས་ཞིབ་འཇུག་མི་སྣས་སྟེང་དུ་ཅི་ཞིག་བྲིས་ཡོད་པ་མ་ཤེས་པར་རྒན་ཁོ་རང་དང་ཁོའི་ལས་གྲོགས་ཀླུ་མགོན་རྒྱལ་གཉིས་ལ་དེ་ཅི་ཡིན་དྲིས། ཁོ་གཉིས་ཀྱིས་ལྟ་དུས་དུར་བྱང་དེའི་སྟེང་དུ་རྒྱལ་གྱྀ་ཕོ་བྲང་པ་གཉན་སྟག་རྩལ་ཞེས་སྣག་ཚ་ཡིས་གསལ་བོར་བྲིས་ཡོད་པ་དངོས་སུ་མཐོང་ཟེར། ཡིན་ནའང་ཉིན་དེར་ཁང་བ་དེའི་སྒོ་བརྒྱབ་འདུག་པས་ང་ཚོ་བཅར་འདྲི་ཚན་ཆུང་ལ་དེའི་ནང་དུ་འགྲོ་བའི་སྐལ་བ་མ་བྱུང་། རྒན་བསམ་ཚེ་ལགས་ཀྱིས་བཤད་པ་ལྟར་ན། བང་སོ་དེ་གནའ་རྫས་རྟོག་དཔྱོད་མི་སྣས་སྔོག་འདོན་བྱས་པ་དང་དེའི་ནང་དུ་སོང་ན་གཏིང་ཟབ་ལ་དུང་རིམ་ཧ་ཅང་མང་ཟེར། ཁོས་བཤད་རྒྱུར། ཏུང་ཧོང་གཏེར་ཡིག་དང་བོད་ཀྱི་ལོ་རྒྱུས་ཡིག་ཚང་འགའ་རེ་ནའང་བང་སོ་དེ་ལས་བུད་པའི་དུར་བྱང་སྟེང་གི་རྒྱལ་གྱྀ་ཕོ་བྲང་པ་གཉན་སྟག་རྩལ་ཞེས་པའི་མིང་དེ་མཐོང་རྒྱུ་ཡོད་ལ། འབྲི་ཚུལ་མི་འདྲ་བ་གཉན་སྟག་རྩལ་ལམ་གཉན་སྟག་རྩན་ཞེས་གཉིས་ཡོད་མོད། འོན་ཀྱང་མི་འདི་རྒྱལ་བོ་གང་གི་བློན་པོ་ཡིན་པ་ཁོ་རང་གིས་ཐག་གཅོད་དཀའ་ཟེར།
  རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། ཏུའུ་ལན་ཐུ་བྷོད་བང་སོ་ཡོངས་ལ་རྩིག་པའི་ཐད་ན་ཐུན་མོང་གི་ཁྱད་ཆོས་གསུམ་ཡོད་དེ། བང་སོ་རིགས་གཅིག་ནི་རྡོ་ཡི་རྩིག་པ་ལས་གྲུབ་དང་རིགས་གཅིག་ནི་ས་རིལ་གྱི་རྩིག་པ་ལས་གྲུབ་པ་ཡིན་ལ། རིགས་གསུམ་པ་ནི་གྱོ་མོག་གྲུ་བཞི་མའི་རྩིག་པ་ལས་གྲུབ་པ་ཞིག་རེད། རྒན་བསམ་ཚེ་ལགས་ཀྱིས་ད་རུང་ང་ཚོ་གསར་འགོད་པ་རྣམས་ལ་དམངས་ཁྲོད་ནས་འདོན་སྤྲོད་བྱས་པའི་དཔྱད་གཞི་ཞིག་འདོན་སྤྲོད་བྱས། དེ་ནི་ཆུ་དཀར་དྲིས་གྱི་བྱང་ངོས་ན་ཡོད་པའི་ཏུའུ་ལན་ཐུ་བྷོད་བང་སོ་གཉིས་པ་ནས་ཐོན་པའི་རྡོ་ཁྲི་ཞིག་གི་ལག་བྲིས་རི་མོ་དེ་རེད།
  རྒན་བསམ་ཚེ་ལགས་ཀྱིས་བཤད་རྒྱུར། 2009ལོར་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ལྕགས་འབུམ་ཕ་ཡུལ་ཏུའུ་ལན་རྫོང་ཆུ་ཁོལ་ཞང་དུ་ལས་བར་གྱི་ངལ་གསོ་བྭེད་དུ་སོང་སྐབས་ས་དེའི་མང་ཚོགས་རྒན་པ་རྣམས་ཀྱིས་ཆུ་དཀར་དྲིས་ཀྱི་བྱང་ངོས་ན་ཡོད་པའི་བང་སོ་གཉིས་པ་ནས་བུད་པའི་རྡོ་སྟེགས་ཞིག་དངོས་སུ་མཐོང་བ་དེའི་དབྱིབས་དང་ཆེ་ཆུང་། སུག་བཞིའི་སྟེང་དུ་ཁྲྀ་བློན་ཀེེ་ཤེའུ་ཞེས་བོད་ཡིག་བཞི་བྲིས་འདུག་པ་ཅི་མ་ཅི་བཞིན་དུ་རྒན་ལྕགས་འབུམ་ལགས་ལ་བཤད་པ་དང་རྒན་ལྕགས་འབུམ་གྱིས་མང་ཚོགས་རྒན་པ་རྣམས་ཀྱིས་བཤད་པ་དེ་རི་མོ་དང་ཡི་གེར་ཕབ་པར་མ་ཟད། གནས་ཚུལ་དེ་ཁོ་རང་ལ་བཤད་པས་ཁོས་དེ་ཞིབ་ཏུ་རི་མོར་བཀོད་པ་ཡིན་ཟེར། ཡིན་ནའང་ཆུ་དཀར་དྲིས་བྱང་ངོས་སུ་ཡོད་པའི་བང་སོ་གཉིས་པ་དེ་ལ་རླངས་འཁོར་འགྲོ་མི་ཐུབ་པས་ང་ཚོ་བཅར་འདྲི་ཚོགས་པ་བང་སོ་གཉིས་པར་ལྟ་རུ་འགྲོ་བའི་སྐལ་བ་མ་བྱུང་།
   དབྱར་ཟླ་ལྔ་བའི་ཉི་མ་ནུབ་རིའི་ཕག་ཏུ་ཉལ་འཕྱི་ནའང་ཏུའུ་ལན་ཐུ་བྷོད་བང་སོའི་གཞི་ཁྱོན་ཆེ་དྲག་པས་ང་ཚོ་གསར་འགོད་པ་རྣམས་ཀྱི་བཅར་འདྲིའང་མཚམས་མི་འཇོག་ག་མེད་བྱུང་། རྒན་བསམ་ཚེ་ལགས་ཀྱི་རེ་བའམ་ང་ཚོ་གསར་འགོད་པ་དག་གི་འདོད་བློ་ལྟར། གསར་འགོད་པ་ཚང་མས་དུས་ཚོད་དམ་འཛིན་བྱས་ཏེ་ལམ་བར་དུ་ཡོད་པའི་དགོན་ཆགས་རི་བོའི་རྩེ་ལ་འགོས།
  ཚྭ་འདམ་བོད་ཡུལ་དུ་བསྐྱོད་པའི་བཅར་འདྲི་ཚོགས་པས་ཏུའུ་ལན་ཐུ་བྷོད་བང་སོ་ཡུལ་དངོས་ལ་བཅར་འདྲི་བྱེད་པ་རེ་ཞིག་མཇུག་རྫོགས་པ་དང་། གསར་འགོད་པ་རྣམས་ཀྱིས་སྒྲ་ལེན་པ་དང་བརྙན་ཕབ་པ། པར་ལེན་པ་བཅས་ཀྱི་ཉིན་གཅིག་གི་བྱ་བ་འཚབ་འཚུབ་ངང་མཚམས་མི་འཇོག་ག་མེད་བྱུང་། ཡིན་ནའང་ང་ཚོ་ཚང་མ་རླངས་འཁོར་དུ་བསྡད་ནས་ཕྱིར་ཏུའུ་ལན་རྫོང་དུ་བསྐྱོད་སྐབས་རླངས་འཁོར་ནང་དུ་ཁུ་སིམ་མེར་ཚང་མར་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མེད། རེད་ཡ། ལོ་རྒྱུས་ནི་ལོ་ངོ་སྟོང་ཕྲག་དུ་མ་ལས་བརྩིགས་པའི་ལྗིད་དུག་དུག་གི་འགྲོ་བ་མིའི་རྐང་རྗེས་རེ་རེ་ཡིན་ལ། ལེ་ཝར་སྟོང་གིས་ཆོད་པའི་ཚྭ་འདམ་ཡུལ་གྲུ་འདི་ནས། རང་རེའི་མེས་པོ་དག་གིས་དགའ་སྐྱོ་ཆགས་སྡེང་གི་འཚོ་བ་ཅི་ལྟར་རོལ་བ་སུ་ཡིས་དཔག་ཐུབ།  ། 

  • ལེ་ཚན་སྔོན་མ།:ཞང་ཞུང་སྒོ་བར་ཕྱིན་པའི་མཐོང་ཐོས།
  • ལེ་ཚན་རྗེས་མ།:ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་མངའ་རིས་གུ་གེའི་རྗེས་ཤུལ་ལ་ཡང་བསྐྱར་བཅར་འདྲི་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།