སོག་རུ་ཀརྨ་ཀུན་ཁྱབ། 2011-09-14
ད་ལྟའི་ཆར་ཞང་ཞུང་རྒྱལ་པོ་ཞེས་པ་དེ་སྐྱེ་བོ་ཕལ་ཆེ་བའི་ཡིད་ངོར་ལྷ་སྒྲུང་ལྟ་བུའི་རབ་རིབ་ཅིག་ལས་མེད་རུང་། ས་ཆ་དེ་དག་ལ་དངོས་སུ་བསྐྱོད་ཚེ་གནའ་ཤུལ་དང་། རྗེས་ཤུལ། ཤོད་སྲོལ་མི་ཉུང་བ་ཞིག་གིས་ཞང་ཞུང་རྒྱལ་པོའི་ཕོ་བྲང་དུ་ལན་གཅིག་སླེབས་པ་ལྟར་གྱི་ཚོར་སྣང་གསར་པ་ཞིག་དང་། བདེན་སྣང་གསར་བ་ཞིག་སྦྱིན་རྒྱུར་ཐེ་ཚོམ་མེད་ལ། སྐུ་ཉིད་ཞང་ཞུང་བོན་གྱི་གནའ་རབས་ལོ་རྒྱུས་དང་། ཤེས་རིགས་བཅས་ལ་རྒྱུས་ལོན་བྱེད་འདོད་ཀྱི་འདུན་པ་ཞིག་ཀྱང་ངང་ཤུགས་སུ་སྐྱེས་ངེས་ཡིན།
དེང་སྐབས་ནག་ཆུའི་ཉི་མ་རྫོང་ཁོངས་སུ་གནས་པའི་སྟོད་ཀྱི་སྟར་སྒོ་དཀར་པོ་ཞེས་པའི་གངས་རྩེ་ནམ་མཁའི་དབྱིངས་སུ་ཟུག་པའི་ཁོར་ཡུག་དེ་ནི། ཡ་ཐོག་ཞང་ཞུང་རྒྱལ་པོའི་ས་ཆ་ཞང་ཞུང་སྒོ། ཕུག བར་གསུམ་གྱི་ནང་ནས་ཞང་ཞུང་སྒོ་བ་ཞེས་པ་དེ་ཡིན་པས། ཁུལ་དེར་ཡ་ཐོག་ཞང་ཞུང་བོན་གྱི་གནའ་ཤུལ་དང་ཤོད་སྲོལ་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པ་མ་ཟད། ད་ལྟའང་གཡུང་དྲུང་བོན་གྱི་ཆོས་རྒྱུན་འཛིན་པའི་དགོན་པ་དང་། དད་ལྡན་པ་ཧ་ཅང་མང་པོ་ཡོད་སྟབས་ཡ་ཐོག་ཞང་ཞུང་བོན་གྱི་ཤེས་རིག་ལ་ཞིབ་འཇུག་བྱེད་ཡུལ་གལ་ཆེན་ཞིག་ཡིན་པ་བརྗོད་ཅི་དགོས།
ཁོད་ཡངས་པའི་རྩྭ་ཐང་སྟེང་དུ། ཆུ་ཤེལ་གྱི་རལ་གྲི་ནམ་མཁར་བསླངས་པ་ལྟར་རྩེ་མོ་ཤིན་ཏུ་རྣོ་བའི་གངས་རི་ཆེན་པོ་བདུན། འཇིག་རྟེན་མི་ཡིས་ཆེད་དུ་བཞེངས་པ་བཞིན་གྲལ་བསྟར་འགྲིག་པོས་བསྒྲིགས་ནས་གནས་པའི་འཁོར་དུ་ཁ་བའི་ཟུར་ཕུད་ཅན་གྱི་རི་ཕྲན་བརྒྱད་ཀྱིས་བསྐོར་ནས་གནས་པ་དང་། དེ་དག་གི་རྩེ་མོར་རྫ་བྲག་གི་དབལ་སོ་གནམ་ལ་རེག་པ་ལ་ལོགས་རྣམས་ནས། གཡའ་སུལ་གྱི་རི་མོ་མང་པོ་ཡིད་ཀྱི་སྣང་ངོ་ལྟར་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་མངོན་པ། རི་གཤམ་དུ་སྤང་ལྗོངས་ཡིད་དུ་འོང་བ་ལ་མེ་ཏོག་དཀར་དམར་དུ་མས་མཛེས་པ་ནི་གོས་ཆེན་ལྗང་གུའི་སྟེང་། ཤིང་ལོ་མེ་ཏོག་གི་རི་མོས་བརྒྱན་པ་དང་འདྲ་བ། ཟུར་རྣམས་ནས་གཡའ་ཆུ་བསིལ་མ་འགའ་རེ་ལྷུང་ལྷུང་དལ་གྱིས་འབབ་པའི་གླུ་སྒྲ་སྙན་མོས་འཇོལ་མོའི་གྲེ་འགྱུར་དག་ཀྱང་དམན་སར་འགོད་སྙམ་བྱེད་པ། ཀླུ་ཐང་དག་ཏུ་ཆུ་ཤིང་འོམ་བུའི་ནགས་ཚལ་ཚོ་དང་ཚོ་བྱས་ནས་ཚོམ་བུར་སྐྱེས་པ་ནི། ནོར་གནག་ཁྱུ་ཚོགས་མང་པོས་སྤང་ཐང་ཡངས་པོར་གཟན་ལ་བཀྲམ་པ་དང་འདྲ་བ་སོགས་རང་བྱུང་རི་ཆུའི་བཀོད་པ་ངོ་མཚར་རྨད་དུ་བྱུང་བ་ཞིག་ཡིན། གངས་རི་དེ་དག་ནི། སྟར་སྒོ་ལྷ་བཙན་འབུམ་མེ་དང་། ངོ་དམར་ལྷ་བཙན་མཚལ་ཐིག སྒོད་ལྡན་ལྷ་བཙུན་དབྱུག་པ། གངས་ལུང་ལྷ་བཙུན་མཆོག་དཀར། ཁྲི་མུན་ལྷ་བཙུན་ཟུ་ར། དཔལ་བའི་ལྷ་བཙན་རྔ་ཁུར། མ་མོའི་ལྷ་བཙན་ཨུ་ལུ་བཅས་ཡིན་པ་དང་། རི་ཕྲན་དེ་དག་ནི་བཀའ་ཉན་རོལ་བ་མཆེད་བརྒྱད་ཅེས་བརྗོད་ཀྱི་ཡོད་པས། ཡོངས་གྲགས་སུ་སྟར་སྒོ་ཆེ་བདུན་རོལ་བརྒྱད་ཅེས་སུ་འབོད། མཐོ་བརྗིད་འགྲན་དུ་མེད་ཅིང་ངོ་མཚར་ལྷ་སྒྲུང་དུ་མས་ཕྱུག་པའི་གངས་རི་དེའི་བྱང་ངོས་སུ། གནམ་སྔོན་ཞུན་ཁུ་ས་ལ་འཁྱིལ་འདྲའི་མཚོ་ཆེན་ཞིག་སྔོ་ལྟེམ་མེར་འཁྱིལ་བ་ནི་ཡོངས་སུ་གྲགས་པའི་བོད་ཀྱི་གཡུ་མཚོ་ཆེན་མོ་བཞི་ཡི་ཡ་གྱལ་མ་ཅིག་དྭངས་ར་གཡུ་མཚོ་ཞེས་པ་དེ་ཡིན། མཚོ་དེའི་དབྱིབས་ནི་མཚོ་མགོ་ལྷོ་དང་མཚོ་མཇུག་བྱང་དུ་འཁྱིལ་བ་ཅུང་ཟད་ནར་མོར་གནས་པའི་རྐེད་པ་ཉག་ག་ཅན་ལྷ་རྫས་རྡོ་རྗེའི་དབྱིབས་དང་མཚུངས་པར་གྲགས་ཤིང་། གཡུང་དྲུང་བོན་གྱི་གསུང་རབ་དུ་མ་ནས་ལུང་བསྟན་པའི་གནས་མཆོག་ཅིག་ཡིན་པ་མ་ཟད། ཁུལ་དེའི་འབབ་ཆུ་བརྒྱ་དང་བརྒྱད་ཅུ་དང་མཚོ་མོ་བརྒྱ་དང་བརྒྱད་ཅུའི་གཙོ་མོ་ཡིན་ཞེས་ཡོངས་སུ་གྲགས།
རི་མཚོ་དེ་གཉིས་ནི་གངས་ཅན་ལྗོངས་འདིའི་ཆོས་ལུགས་ཀྱི་ཕྱི་མོ་དང་། ཤེས་རིག་གི་ཆུ་འགོ ལོ་རྒྱུས་ཀྱི་ཕུགས་མཛོད་དུ་གྲགས་པའི་ཞང་ཞུང་སྒོ་བའི་ཁུལ་དུ་གནས་པ་ཙམ་མ་ཟད། གཡུང་དྲུང་བོན་གྱི་འདུ་གནས་སོ་བདུན་དང་། སྒྲུབ་གནས་སོ་དྲུག་གི་གཙོ་བོ་དེ་ཡིན། མ་རྒྱུད་ཀྱི་གནས་ཆེན་སོ་ཉེར་བཞིའི་ཡ་གྱལ་དེའང་ཡིན་པར་གྲགས་པས་གནའ་བོའི་བོད་ཀྱི་མི་རིགས་ཀྱི་ལྷ་འདྲེའི་དད་མོས་གོམས་སྲོལ་དང་། གཡུང་དྲུང་བོན་གྱི་ཆོས་ལུགས་གཉིས་གཞི་གཅིག་ཏུ་འདྲེས་པའི་ཤོད་སྲོལ་དང་། ངོས་འཛིན་བྱེད་སྲོལ་གྱི་ཐོག་ནས་གནས་བཤད་དང་། རི་བཤད་ཀྱང་མང་དུ་ཡོད་པ་ནི་གནས་བཤད་གཅིག་ཏུ། གངས་དཀར་རྟ་སོ་སྒྲིག་པ་འདྲ།། ནགས་ཚལ་འབྲོང་ཁྱུ་འདྲོགས་པ་འདྲ།། གཡའ་མ་ཁྱུང་གཤོག་བསྣོལ་བ་འདྲ།། བྲག་དམར་མེ་ལྕེ་མཆེད་པ་འདྲ།། སྤང་ལྗོངས་མེ་ཏོག་ཞལ་ཕྱེ་འདྲ།། ཞེས་དམངས་ཁྲོད་རྩོམ་སྟངས་ཀྱི་སྟེང་ནས་ཆེ་བསྟོད་ཕུལ་འདུག་ལ། རྣམ་ཀུན་སྟོད་ཀྱི་གངས་དཀར་ཏི་སེ་དང་མ་ཕམ་གཡུ་མཚོ། བར་གྱི་སྟར་སྒོ་གངས་རི་དང་དྭངས་ར་གཡུ་མཚོ། སྨད་ཀྱི་གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་ཞེས་བྱིན་རླབས་ཆེ་ཆུང་མེད་པར་བརྩི་སྲོལ་ཡོད་པ་དང་། སྟོད་ཀྱི་གངས་དཀར་ཏི་སེའི་འཁོར་ཆེན་རྟ་ལོར་ཡིན་པ་དང་། བར་གྱི་སྟར་སྒོ་གངས་རིའི་འཁོར་ཆེན་སྟག་ལོ་ཡིན་པ། སྨད་ཀྱི་གནམ་མཚོ་ཕྱུག་མོའི་འཁོར་ཆེན་ལུག་ལོར་ཡིན་པས་ལོ་དེར་གནས་རི་དང་གནས་མཚོ་གཞན་གྱི་གནས་བདག་ཐམས་ཅད་འདིར་འདུས་པའི་ངོས་འཛིན་བྱེད་སྲོལ་ཡོད།
གསང་བ་ལྐོག་གྱུར་གྱི་ལྷ་སྒྲུང་དུ་མས་ཕྱུག་པའི་སྟར་སྒོ་གངས་རི་ནི། ས་དབྱིབས་ཆགས་སྟངས་ཆེས་ཡ་མཚན་ཆེ་བ་ཞིག་ལ་གངས་རི་རང་ལས་མཆེད་པའི་རི་ཕྲན་རྣམས་འབབ་ཆུའི་རྒྱུག་སྟངས་ལྟར་ཐུར་དུ་ནར་མོར་ཆགས་པའི་རི་བོ་གཞན་དག་དང་མི་འདྲ་བར། རི་ཕྲན་ཕལ་མོ་ཆེ་རྒྱ་མཚོའི་རླབས་ཕྲེང་ལྟར་འཕྲེད་དུ་བང་རིམ་ལོག་གེར་ཆགས་ཡོད་པས། གངས་ཁྲོད་ནས་ལྷུང་ལྷུང་དུ་འབབ་པའི་གཡའ་ཆུ་བསིལ་མ་རྣམས་རི་ཕྲན་རེ་རེའི་གོང་དུ་སྔོ་ལྷེམ་མེར་འཁྱིལ་དགོས་པར་གྱུར་ཡོད་སྟབས། རི་ཚོགས་ཀྱི་བང་རིམ་རེ་རེའི་གོང་དུ་ཆེ་ཆུང་མི་འདྲ་བའི་མཚོའུ་ཡིད་དུ་འོང་བ་རེ་འཁྱིལ་ནས་ཡོད་ཅིང་། དེ་དག་གི་ཁྲོད་ནས་སྲིད་པའི་གངས་འཁྱགས་དང་ཐག་མི་རིང་བའི་སར། ནག་མེར་མཚེའུ་ཞེས་ཆེ་ཆུང་ཧ་ལམ་རྨིས་ངོས་སྙོམ་གྲུ་བཞི་མ་ཉིས་བརྒྱ་ཙམ་ལས་མེད་པའི་རང་བྱུང་གི་མཚེའུ་ཡིད་དུ་འོང་བ་ཞིག་ཡོད་ལ། མཚེའུ་དེ་ནི་མ་གཞི་གངས་རིའི་ཁོང་ནས་ཐུར་དུ་སིམ་པའི་ཆུ་རྒྱུན་ལས་མ་འདས་པ་ཞིག་ཡིན་ནའང་། སྐབས་འཕྲལ་མིག་གི་དབང་པོའི་སྤྱོད་ཡུལ་དུ་མངོན་པ་ནི་ཀོ་མོག་གོར་མོ་ཞིག་གི་དཀྱིལ་ནས་ཆུ་མིག་སྤྱི་དང་འདྲ་བར་ས་ཡི་གཏིང་རིམ་ནས་མེར་མེར་དུ་ཐོན་ཡོང་བ་ཞིག་ཡིན་པ་དང་། མཚེའུ་ཡི་སྟེང་དུ་རླུང་གིས་ལྷབ་ལྷབ་ཏུ་བསྐྱོད་པའི་ཆུ་འཛིན་གྱི་ཚོམ་བུ་རྣམས་ཁྲ་ལམ་མེར་མངོན་གྱི་ཡོད་སྟབས། ཤེལ་གྱི་མེ་ལོང་ཞིག་གི་ཚད་དུ་བཞག་ཀྱང་མི་ཆོག་པ་མེད་པར་སྣང་། མཚེའུ་དེ་ཡི་ཆུ་ནི་ཇི་སྐད་དུ། བསིལ་ཞིང་ཞིམ་དང་ཡང་བ་དང་།། འཇམ་དང་དྭངས་དང་དྲི་ང་མེད།། བཏུང་ན་མགྲིན་དང་ཕོ་བ་ལ། མི་གནོད་ཡན་ལག་བརྒྱད་ལྡན་ཆུ།། ཞེས་པའི་མཚན་ཉིད་དང་ཡོངས་སུ་མཐུན་པའི་ཆུ་བོ་ཞིག་ཡིན་པ་མ་ཟད། ཕྱི་ལྟར་ན་མ་ཅིག་དྭངས་ར་གཡུ་མཚོའི་སྤྱན་གཡས་པ་ཡིན་པ་དང་། ནང་ལྟར་ན་མཁའ་འགྲོ་སྐྱེ་མེད་འོད་མཚོའི་སྤྱན་མིག་འདྲ་བའི་བྱིན་རླབས་ལྡན་ཁར། བན་བོན་གཉིས་ཀྱི་བླ་མ་སྐྱེས་ཆེན་མང་པོས་བྱིན་རླབས་དང་རབ་གནས་ཕོག་སྟེ་དད་ལྡན་སྐྱེ་བོ་རྣམས་ལ་ནད་གདོན་སྡིག་གྲིབ་དག་བྱེད་འཛད་མེད་ཁྲུས་ཀྱི་རྫིང་བུ་ཞིག་ཏུ་ལུང་བསྟན་པར་གྲགས་པས། ཕྱོགས་མེད་ཡུལ་གྲུ་ཀུན་ནས་དད་ལྡན་པ་རྣམས་ཆུ་ཡི་གཉེར་མ་བཞིན་ཟམ་མི་ཆད་པར་ཡོང་གི་ཡོད།
ད་དུང་མཚེའུ་དེའི་ཉེ་འཁོར་དུ་བོན་གྱི་གྲུབ་ཆེན་མུ་ཤོ་ཊམ་ཞེས་པས་སྒྲུབ་ཁང་དུ་བརྩིགས་པའི་ཤོ་ཊམ་ཕུག་པ་ནི། ལྷ་བ་རྣམས་ལྷ་རིགས་བཟང་ངན་བརྡར་ཤ་གཅོད་ས་ཞིག་ཡིན་པའི་སྐོར་དམངས་ཁྲོད་དུ་སྐད་གྲགས་ཆེ་ལ། སྔར་དུས་ནས་བོད་ཀྱི་བྱང་རྒྱུད་གཙོ་བོར་བྱས་པའི་ལྷ་བ་ཡིན་པར་རློམས་པའི་སྐྱེ་བོ་རྣམས་ཕུག་པ་དེའི་ནང་དུ་ལྷ་ཞིག་འབེབས་ཆེད་ས་ཐག་རིང་ཐུང་ཇི་ཙམ་ལྡན་ཡང་ངལ་བ་དུ་མ་ཁྱད་དུ་བསད་ནས་ཡོང་སྲོལ་ཡོད་པ་དང་། ཤོད་རྒྱུན་དུ་ལྷ་བ་རྫུས་མ་དང་། ཡང་ན་འདྲེ་སྲིན་ཐེའུ་རང་གི་རིགས་ཁོག་ཏུ་ཞུགས་པའི་ལྷ་བ་རྣམས་དེར་ལྷ་འུར་མི་ཐུབ་པ་དང་། སྨྱོ་བ་སོགས་ཡོང་གི་ཡོད་ཅིང་ཕྱོགས་བཞིའི་དཔའ་རབ་ཏུ་གྲགས་པའི་ལྷ་བ་ཚད་ལྡན་རྣམས་ནས་གྲི་ལ་མདུད་པ་རྒྱག་པ་ད་ང། རང་ལུས་ལ་མེ་མདའི་མཚོན་ལས་བྱེད་ཀྱི་ཡོད་པའི་ཤོད་རྒྱུན་མཆིས། ཡ་མཚན་ཅན་གྱི་ཤོད་སྲོལ་སྣ་ཚོགས་འབྱུང་སའི་ཕུག་པ་དེར་ཁ་རྒྱུན་དུ་ཤོ་ཊམ་ཕུག་པ་ནི་གྲུབ་ཆེན་མུ་ཤོ་ཊམ་པས་རྡོ་བ་ཆེན་པོ་འགའ་རེར་བརྩེགས་པའི་སྟེང་དུ་ཕ་བོང་ཆེན་པོ་ཞིག་གིས་ཐོག་ཕུབ་ནས་ཡོད་པས་ངོ་མཚར་ཤིན་ཏུ་ཆེ་ཚུལ་བརྗོད་སྲོལ་འདུག་རུང་། དོན་དུ་ནི་ཕ་བོང་ཆེན་པོ་ཞིག་གི་འོག་ནས་ས་རྣམས་འདྲུས་ཏེ་ཁུང་བུ་གཏོད་རྗེས་སླར་ཡང་ཐོག་མི་རྡིབ་པའི་ཆེད་དུ། ནང་ལོགས་ནས་རྡོ་བ་ཆེ་ཆུང་སྣ་ཚོགས་ཤིག་རྩིག་པའི་ལྷུ་སྒྲིག་མེད་པར་རང་རོང་དུ་བརྩིགས་འདུག་པས་ཁོ་བོ་ལྟ་བུའི་གང་ཟག་སོ་སྐྱེ་ཕལ་བ་རྣམས་ལ་ངོ་མཚར་གྱི་རྣམ་པ་གང་ཡང་མངོན་པར་མ་གྱུར།
ལྷུན་སྟུག་སྲིད་པའི་གངས་རི་ཆེན་པོ་དེའི་འགྲམ་དུ་གོམ་པའི་འདེགས་འཇོག་བསྒྱུར་རྗེས། ཡིད་ཀྱི་མེ་ལོང་ངོས་སུ་སྐྱོ་སྣང་དང་། སེམས་ཁྲལ་གྱི་གཟུགས་བརྙན་ཞིག་ཀྱང་འགོག་མེད་ལམ་མེར་ཤར་བ་ནི་ཉེ་བའི་ལོ་འགའི་ནང་ས་གཞི་རིལ་མོའི་དྲོད་ཚད་ཇེ་མཐོ་ནས་ཇེ་མཐོར་སོང་སྟབས། གངས་རི་ར་བས་བསྐོར་བ་ཞེས་པའི་མཚན་སྙན་ཅན་གྱི་གངས་ཅན་ལྗོངས་འདིའི་གངས་རི་མང་པོ་ཞིག་གི་འཁྱགས་རོམ་བཞུ་ནས་སྐུ་ལུས་གཅེར་བུར་བུད་བཞིན་ཡོད་ལ། སྟར་སྒོ་གངས་རི་འདི་ཡང་གངས་འཁྱགས་བཞུ་ཤུལ་གྱི་གཡའ་རི་མང་པོ་གངས་གཤམ་དག་ནས་ནག་ཉིལ་ལེར་མངོན་གྱི་འདུག་ལ། བརྗིད་ཆགས་ལྟ་ན་སྡུག་པའི་སྲིད་པའི་གངས་འཁྱགས་ཀྱི་འཁྲིས་སུ་སླེབས་སྐབས་བཞུར་ཡོང་བའི་གངས་ཆུ་དང་། དུམ་བུར་ཆད་ནས་ལྷུང་ལ་ཁད་ཀྱི་འཁྱགས་རོམ། ཁ་བའི་ན་བཟའ་ཕུད་པའི་བྲག་རྡོ་སོགས་ནི་ཡིད་དུ་འོང་བའི་ཐོག་བརྩེགས་ཁང་བཟང་གཏོར་བའི་ཤུལ་ལྟར་ཟང་ཟིང་དུ་འགྱུར་ནས་འདུག་ལ། གངས་རི་ཆེན་པོ་སྟར་སྒོ་ནས་ཁྱོད་ཅག་མིའི་རིགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་མ་བྱས་ཚེ་འབྱུང་བ་ཆ་མ་སྙོམ་པའི་ཤུགས་རྐྱེན་འོག་དྲོད་ཚད་ཇེ་མཐོར་འགྲོ་བཞིན་འདུག་པས། ནམ་ཞིག་ཁོ་བོ་ཁ་བའི་ན་བཟའ་ཕུད་ནས་རྫ་རི་སྐམ་པོ་ཞིག་གི་གཟུགས་བརྙན་འཆང་སྐབས། ཁྱེད་ཅག་འགྲོ་བ་མིའི་རིགས་རྣམས་འཚོ་གནས་ཀྱི་ཆ་རྐྱེན་གང་འདྲ་ཞིག་ཡིན་པ་ངས་ལྟད་མོ་བལྟ་ཞེས་བརྗོད་དམ་སྙམ་པའི་འཇིགས་སྣང་ཞིག་ཀྱང་ཞོར་ལ་འཆར་བྱུང་།
གནས་རི་སྟར་སྒོ་དང་གནས་མཚོ་དྭངས་ར་གཉིས་ཆགས་སའི་ཁུལ་འདི་ནི། ཞང་ཞུང་བོན་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་སྟབས། གནའ་དུས་ཡུལ་འདིར་ཞང་ཞུང་བོན་གྱི་མཁས་པ་དང་། གྲུབ་ཐོབ་གྲགས་ཆེན་རིག་འཛིན་སད་ནེའུ་གའུ་དང་། ཨ་ནུ་ཕྲག་ཐག ད་མི་ཐད་གེ སྟག་ཝེར་ལེ་ཝེར་སོགས་ཀྱི་འཁྲུངས་ཡུལ་ཡིན་པ་མ་ཟད། མཁས་ཤིང་གྲུབ་པའི་དབང་ཕྱུག་དེ་དག་ནས་གཡུང་དྲུང་བོན་གྱི་ཆོས་ལུགས་ཁྱབ་སྤེལ་གྱིས་འགྲོ་དོན་རྒྱ་ཆེན་གནང་ཡུལ་ཡང་ཡིན་པར་གྲགས།
གཞན་ཡང་གནའ་བོའི་ཞང་ཞུང་རྒྱལ་པོའི་ཕོ་བྲང་སྟག་སེང་ཁྱུང་འབྲུག་བཞི་ཡི་ཡ་གྱལ་དྭངས་ར་ཁྱུང་རྫོང་གི་མཁར་ཤུལ་དང་། ཆེས་གནའ་བོའི་བོན་དགོན་ཡིན་པ་ལ་འཛུགས་སྐྲུན་གྱི་ཁྱད་ཆོས་དམིགས་བསལ་ལྡན་པ་དང་། རིག་འཛིན་སད་ནེའུ་གའུ་ཡིས་རྫུ་འཕྲུལ་སྣ་ཚོགས་བསྟན་པའི་རྗེས་ཤུལ་ཅན་གྱི་དྭངས་ར་གཡུ་བུན་དགོན་པ། བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ནང་གྲགས་ཆེ་བའི་བོད་མོ་སད་མ་ཀར་གྱིས་བོད་རྗེ་སྲོང་བཙན་སྒམ་པོར་ཞང་ཞུང་ཡུལ་དུ་དམག་འདྲེན་རྒྱུའི་དམག་བརྡ་བརྒྱབ་པའི་བརྡ་ཡིག་ནང་གི་ས་དམིགས་གལ་ཆེན་དུང་ཕུག་མཚོ་མོ་སོགས་ཀྱིས་མི་རིང་པའི་སར་ཡོད་སྐད་འདུག་པས། འགྲོ་འདོད་ཀྱི་འདུན་པ་ཆེན་པོ་བྱུང་རུང་སྐད་ཅིག་མི་སྡོད་ཡུད་ལ་འགྲོ་བའི་དུས་ཚོད་ཀྱི་ཚད་བཀག་དང་། ས་ཆ་དེ་དག་ལ་ཆེད་དམིགས་སུ་བསྐྱོད་མཁན་གྱི་འཕྲུལ་འཁོར་དཀོན་སྟབས་རེ་ཞིག་གོམ་པའི་འདེགས་འཇོག་དེ་རང་ཡུལ་ཕྱོགས་སུ་མི་བསྒྱུར་ཀ་མེད་ཀྱིས་ཕྱི་ཡིག་ཡང་ཡང་འཇོག་བཞིན་ལོག་པའོ།།
རྩོམ་གསར། 10