ཡིད་ལྷུང་ལྷ་མཚོ།

གངས་དབང་གིས།        2012-03-16

ཡིད་ལྷུང་ལྷ་མཚོ།
ཡིད་ལྷུང་ལྷ་མཚོ།ཡིད་ལྷུང་ལྷ་མཚོ།ཡིད་ལྷུང་ལྷ་མཚོ།


ཁམས་སྡེ་དགེའི་ཁྲོ་ལ་ཡི་འདབས་སུ་གནས་པའི་ཡིད་ལྷུང་ལྷ་མཚོ་ནི་མིང་དོན་མཚུངས་པའི་མཚོ་ཞིག་ཡིན།བཤད་རྒྱུན་དུ་གླིང་གེ་སར་གྱི་བཙུན་མོ་འབྲུག་མོ་གནས་འདི་གར་ཕེབས་དུས་མཚོ་ཡི་མཛེས་སྡུག་གི་རྣམ་པ་ཡིས་ཡིད་སེམས་འཕྲོག་སྟེ་ཡུལ་དུ་ལོག་མ་འདོད།མཐར་གེ་སར་གྱིས་བསུ་བར་ཡོང་པས་གཞི་ནས་ཡུལ་དུ་ལོག་ཀྱང་ཡིད་སེམས་མཚོ་འདི་ལ་ཆགས་པའམ་ལྷུང་བས་ཡིད་ལྷུང་ལྷ་མཚོ་ཞེས་ཀུན་ལ་གྲགས་སོ།
   དཔྱིད་ཀ་ཤར་དུས་ཡིད་ལྷུང་ལྷ་མཚོ་ཡི་མཐའ་རུ་མེ་ཏོག་འདྲ་མིན་སྣ་ཚོགས་བཞད་ལ་དབྱར་ཁར་མཚོ་ཡི་ངོས་སུ་རླབས་རིས་བཀྲ་ཞིང་གངས་རི་དང་ཐང་ཤིང་གི་གཟུགས་བརྙན་མངོན་པར་ཤར་བ་དང་གསེར་མིག་ཉ་རྣམས་ཀྱིས་གཤོག་དྲུག་གར་གྱི་འཁྱུག་རྩལ་ངོམས།སྤུ་སྡུག་བྱིའུ་རྣམས་ཀྱིས་གྲེ་འགྱུར་ངག་གིས་མི་སེམས་དགའ་སྐྱོ་ཟུང་འདྲེས་ཀྱི་ཀློང་དུ་ཁྱེར།དགུན་དུས་སུ་མཚོ་མོ་ཡང་འཁྱགས་དར་གྱི་རུམ་དུ་ཏིང་འཛིན་ལ་རོལ་ཞིང་ཕྱོགས་བཞིར་གངས་ཁ་བའི་མེ་ཏོག་བཞད་ཡོད་པས་འཚོ་བའི་ངལ་དུལ་ཀྱིས་མནར་བའི་ཡུལ་སྐོར་བ་རྣམས་ཀྱི་ལུས་སེམས་ཞི་འཇགས་བདེ་འཇམ་གྱི་འཆིག་རྟེན་དུ་དྲངས་བས་ཕྱི་ནང་ཀུན་གྱིས་དགའ་བསུ་ཚད་མེད་བྱེད་དོ།།
 

 

  • ལེ་ཚན་སྔོན་མ།:བོད་ཀྱི་གྲགས་ཅན་མཚོ་སྟེ་ཡར་འབྲོག་གཡུ་མཚོ།
  • ལེ་ཚན་རྗེས་མ།:ལྷོ་ཡི་ཡར་འབྲོག་གཡུ་མཚོ།