སྟོང་རི་ལྷ་མཚོ།
རྩོམ་སྒྲིག་པས་བཤུས་བསྡུས་བྱས། 2011-06-07
ལྗོན་ཤིང་གཡུ་ལོ་ཚར་དུ་དངར་ཞིང་རྩྭ་དང་རྩི་ཤིང་གི་མགོ་ལྕོག་ལྡེམ་པ། ཆུ་ཕྲན་གྱི་བཞུར་སྒྲ་དང་བྱ་བྱེའུའི་སྐད་སྙན་གྱིས་ཐོས་འཛིན་བུ་ག་ཚིམ་པར་བྱེད་ལ། ས་ལ་དགེ་བཅུའི་དཔལ་གཡང་འཛོམས་ཤིང་ཆུ་ལ་ཡན་ལག་བརྒྱད་ཀྱི་ཡོན་ཏན་ཚང་བའི་གནས་འདི་ནི་མཚོ་སྔོན་ཤར་རྒྱུད་ཀྱི་ལྷ་མཚོ་འགངས་ཆེན་དེ་གནས་བདག་སྟོང་རི་ལྷ་མཚོ་རེད།
གནས་བདག་སྟོང་རི་ལྷ་མཚོ་ནི་ཁུ་ནུ་རི་བོའི་རྒྱུད་དུ་ཡོད་ལ་མཚོ་སྔོན་ཞིང་ཆེན་གྱི་ཞོང་ཧྭག་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ20ལྷག་བསྐྱོད་ན་མཛེས་སྡུག་གི་ཡུལ་གྲུ་འདི་དངོས་གནས་མིག་གི་དགའ་སྟོན་དུ་འཆར་ཐུབ། དེའི་མིང་ལ་སྟོང་རི་གཡུ་མཚོ་དང་། སྟོང་རུ་མཚོ། ལྷ་ལུང་མཚོ། དུང་རི་གཡུ་མཚོ་ཞེས་འབྲི་ཚུལ་མི་འདྲ་བ་འགའ་ཡོད། དེ་ལས་སྟོང་རི་མཚོར་འབོད་པ་ནི་རྡོ་སྦིས་ཀྱི་གཞི་བདག་གཉན་ཅན་ཨ་མྱེས་སྟོང་རི་གནས་སའི་རི་ཆེན་དེའི་ཕར་ངོས་ན་མཚོ་དེ་འཁྱིལ་བས་དེ་ལྟར་ཐོགས་པར་བཤད། ཁ་ཅིག་གིས། སྟོང་རི་མཚོ་ཞེས་པ་རི་ཕྲན་སྟོང་གིས་མཐའ་བསྐོར་བས་དེ་ལྟར་བཏགས་པར་བཤད། སྟོང་རུ་མཚོ་ཞེས་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས། ཐང་བོད་གཡུལ་འགྱེད་ཀྱི་སྐབས་སུ་བོད་ཀྱི་རུ་དམག་སྟོང་སྡེ་དྲུག་ཅུའི་ཁག་གཅིག་གིས་ས་དེ་ག་ནས་དམག་འཁྲུག་བྱེད་བཞིན་ཡུན་རིང་དུ་སོ་སྲུང་བྱས་ཏེ་བསྡད་པས་རི་དེ་ལ་སྟོང་རུ་དང་། མཚོའི་མིང་ལའང་སྟོང་རུ་ཐོགས་པར་གསུངས། ལྷ་ལུང་མཚོ་ཞེས་པ་ནི། སྤྱི་ལོ་846པར། ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་ཨུ་དུམ་བཙན་བཀྲོངས་རྗེས། ཁམས་སོགས་བརྒྱུད་དེ་མདོ་སྨད་དུ་ཉེན་གཡོལ་དུ་ཕེབས་ཤིང་། མཚོ་དེའི་ཉེ་ལོགས་ནས་མི་ཚེ་མ་སྟོང་བར་དུ་སྒྲུབ་པ་ཉམས་ལེན་མཛད་པས་དེ་ལྟར་ཐོགས་ཟེར། དུང་རི་མཚོ་ཟེར་བ་ནི། རི་དེའི་ཆགས་དབྱིབས་རྒྱུ་མཚན་དུ་བྱས་ཏེ་མཚོ་ལའང་མིང་དེ་ལས་དྲས་ཏེ་བཏགས་སྐད། གང་ལྟར་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་མཚན་འབྱུང་ངེས་པའི་མཚོ་གྲགས་ཅན་ཞིག་ཡིན་ཞིང་ཡོངས་གྲགས་སུ་སྟོང་རི་ལྷ་མཚོར་འབོད། ད་ལྟ་དེའི་ཁོར་ཡུག་ཏུ་ཤིང་སྣ་བརྒྱ་ཕྲག་བརྒལ་བ་དང་། མཚོ་དྭངས་པ་གཡུ་ཡི་མེ་ལོང་བཞིན་དུ་ལྟ་ན་སྡུག་སྟབས་ལྟ་སྐོར་བྱ་ཡུལ་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད། ས་དེའི་བོད་མི་རྣམས་ཀྱིས་གནའ་ནས་ད་ལྟའི་བར་ཉིན་བཟང་སྐར་བཟང་ལ་གཏེར་འབུལ་དང་ཀླུ་མཆོད་ཀྱི་ལས་བྱས་ཚེ་ངོ་མཚར་བའི་ལྟས་ཁྱད་པར་བ་མཐོང་ཐུབ་པར་བཤད་དོ། སྟོང་རི་ལྷ་མཚོའི་ཉེ་འཁོར་གྱི་ནགས་ཚལ་རྒྱ་ཁྱོན་ལ་མུའུ་ཁྲི14ལྷག་ཡོད་པ་དང་། རི་བོའི་མུ་ཁྱུད་འཐེན་ཞིང་རྩེ་མོ་དགུང་ལ་ཟུག་པ་དག་མཚོ་ངོས་ལས་མཐོ་ཚད་སྨིས1780ནས་སྨིས4180བར་ཡིན། ལྷོ་ནུབ་གཉིས་སུ་དུས་ཚིགས་ཀྱི་རླུང་ཚད་མི་འདྲ་བས་ཆར་ཆུ་མོད་ལ་བརླན་གཤེར་ཆེ་བ་དང་། རྩི་ཤིང་དང་ནགས་ཚལ་འཛིང་ཞིང་འཐུག་པོར་སྐྱེས་ཡོད་པས་དེ་ནི་དངོས་གནས་མཐོང་དཀོན་པའི་མཐོ་སྒང་གི་གཏེར་བུམ་ཞིག་ཡིན་ལ། མིང་དོན་མཚུངས་བའི་རང་བྱུང་གི་སྐྱེ་དངོས་ར་བ་ཞིག་རེད་ཅེས་བཤད་ཀྱང་ཆོག །