མི་ཉག་གི་དེབ་ཐེར་ལྗང་གུ །༼༧༽

རིག་འཛིན་བསྟན་སྲུང་གིས་བརྩམས།        2018-06-06

མི་ཉག་གི་རྒྱལ་པོ་ཕོ་བྲང་རྒྱག་སའི་ངོ་སྤྲོད་མདོར་བསྡུས།

མི་ཉག་སྔ་མའི་རྒྱལ་སྲིད་སྐྱོང་སའི་རྒྱལ་པོའི་ཕོ་བྲང་ནི་མི་ཉག་གཡུ་རུ་རྩེ་རྒྱལ་གྱི་རི་རྒྱུད་དེང་སང་གི་རྫོང་ཞབས་ཟེར་ས་དེ་རེད།  སྔོན་ཆད་ས་དེའི་མིང་ལ་རབ་འཛིན་སྒང་ཟེར་ཡང་དེང་སང་ནི་རག་འཛུ་གདོང་ཞེས་པའི་གད་ཐོག་གི་གྱང་ཆག་ཡོད་དེ་ཡིན་པར་བཤད་པ་ལྟར་རེད་སྙམ།  མི་ཉག་སེའུ་རྒྱལ་པོའི་འཁྲུངས་ཡུལ་དངོས་ནི་དེང་སང་གངས་དཀར་ཡུལ་ཤོག་གི་ས་ཆར་རེད་ཡོད།   ས་ཆ་དེར་ཁང་པའི་གྱང་ཤུལ་དང་ལྷ་ཁང་གི་ཤུལ།  དགོན་པ་གསར་བཞེངས་བཅས་ནི་ད་ལྟའང་གངས་དཀར་ཡུལ་ཤོག་སི་ཧུ་རོང་སྡེ་པའི་ནང་དུ་ལྟ་བསམ་ན་དངོས་སུ་མཐོང་རྒྱུ་ཡོད།  ང་རང་ཉིད་ཀྱང་ས་ཆ་དེར་ལྟ་ས་ཐེངས་མ་ཁ་ཤས་འགྲོ་མྱོང་བ་ཡིན་ནོ། །

མི་ཉག་མི་ཕྱི་མའི་རྒྱལ་ས་ནི་དེང་སང་རྒྱའི་སྐད་ལ་དབྱིན་ཁྲོན་ཟེར་ས་དེ་རེད་ཅེས་མི་ཉག་གི་གནའ་མི་རྒན་པོ་དག་གིས་བཤད་པ་རྣམས་འདིར་བྲིས་པ་ཡིན་ནོ། །དེ་དག་དངོས་གནས་རེད་མ་རེད་ཅེས་ཁ་ཚོན་བཅད་ནས་བཤད་དགོས་ན་སྔོན་གྱི་མཁས་དབང་ཚོས་གསུངས་པ་ལྟར།   མི་རྒན་ལོ་སྟོང་ཕྲག་མང་པོ་ཅན་འགའ་ཤས་ཡོད་ན་དེ་ལ་འདྲི་རྒྱུ་མ་གཏོགས་དེ་མིན་ཐབས་ཤེས་དཀའ་མོ་རེད་སྙམ་པ་ནི་ཁོ་བོའི་རྨོངས་བློར་འཆར་ཚུལ་ལྟར་འདིར་བྲིས་པ་ཡིན་ནོ། །

སྤྱི་ལོ༡༩༨༢ལོར་པེ་ཅིན་གནའ་རྫས་རྟོག་ཞིབ་མཁས་པས་བྲག་འགོ་རྫོང་མཁའ་གཉའ་ཡུལ་ཤོག་རྫིག་ར་བྱ་འཁོར་བྲག་དོང་ནང་དུ་ལོ་ངོ་ཁྲི་ལྔའི་སྔོན་གྱི་གནའ་བོའི་མིའི་རིགས་ཀྱི་མགོ་རུས་ཞིག་རྙེད་ཡོད་པ་རེད་ཅེས་བྲིས་ཡོད་པ་ལས་ཁོ་བོས་བཏུས་པ་ཡིན། ད་ལྟ་གནའ་རྫས་དེ་དག་ཀྲུང་གོ་རྒྱལ་ཁབ་ཀྱིས་ཉར་ཚགས་བྱས་ཡོད་ཅེས་བཤད་པ་ལྟར་ཡིན་ཞིང་། སྤྱིར་མི་ཉག་གི་ལོ་རྒྱུས་དུས་ཡུན་ལ་མཚོན་ན་ཧ་ལམ་ལོ་ངོ་ཁྲི་ལྔ་ལྷག་གི་དུས་ཡུན་ཡོད་པ་གོང་བཤད་ཀྱི་གནའ་རྫས་ཀྱིས་བདེན་དཔང་བྱས་ཡོད་པ་ཡིན། གནའ་སྔ་མོ་ཉག་རོང་དང་བྲག་མགོ་ནི་མི་ཉག་གི་འི་ས་ཆ་ཡིན་ན་ཡང་རྗེས་སུ་ཉག་རྐེད་བུ་ལོང་མའམ་མགོན་པོ་རྣམ་རྒྱལ་གྱིས་ཚང་མ་ལ་དགྲ་རྒྱབ་ནས་སྤྱི་ལོ༡༨༦༥ཡར་མར་ལ་ཉག་རོང་དང་བྲག་མགོ་གཉིས་ནི་མི་ཉག་གི་མངའ་ཞབས་ནས་བུད་ནས་རང་ཚུགས་བཟུང་བ་ཡིན་ནོ།།                         ལྕགས་ལ་རྒྱལ་རབས་ངོ་སྤྲོད་མདོར་བསྡུས།

རྒྱའི་མིང་རྒྱལ་རབས་ཡུང་ལོ་ལྔ་པ་སྟེ་སྤྱི་ལོ༡༤༠༧ལོར་ངག་དབང་རྒྱལ་མཚན་ལ་ཁྲང་ཧུ་ཞི་ཡུ་ཐུང་ནིན་ཡོན་དམངས་དམག་ཞན་ཝི་ཧྲི་ཞེས་པའི་གོ་གནས་དང་རག་གི་ཐམ་ག་ཞིག་སྤྲད་།  གོ་གནས་དེ་ཕ་ཤུལ་བུ་འཛིན་ཆོག་ཅིང་། ངག་དབང་རྒྱལ་མཚན་གྱིས་ལོ་ངོ༡༦ལ་སྲིད་བསྐྱངས། ཡུང་ལོ༢༡ལོ་སྟེ༡༤༣༣ལོར་ངག་དབང་རྒྱལ་མཚན་གྱི་བུ་ནན་གཉིས་ཀྱིས་དབང་ཆ་བཟུང་ནས་ལོ༡༦རིང་ལ་སྲིད་བསྐྱངས། བསྟན་འཛིན་གྲགས་པས་ལོ༡༥ལ་དབང་ཆ་བཟུང་།  ཁའང་ཞིའི་ཁྲི་ལོ༢༠ལོ་སྟེ་སྤྱི་ལོ༡༨༨༡ལོར་བསྟན་འཛིན་གྲགས་པ་ཤི་སོང་བས་ཁོའི་བུ་བསོད་ནམས་གྲགས་པས་དབང་ཆ་བཟུང་། ཁའང་ཞིའི་ཁྲི་ལོ༣༨ལོར་བསོད་ནམས་གྲགས་པ་བོད་ཀྱི་སྡེ་དཔོན་ཁྲང་ཁྲེ་ཅི་ལེ་ཟེར་བས་བསད། ཁོ་ལ་བུ་རྒྱུད་མེད་པས་ཁོའི་བཟའ་ཟླ་ཀུན་དགའ་ཞེས་པས་དབང་ཆ་བཟུང་། བསོད་ནམས་གྲགས་པས་ལོ་༡༩ལ་དབང་བཟུང་། ཁའང་ཞིའི་ཁྲི་ལོ༥༦ལོ་སྟེ་སྤྱི་ལོ༡༧༡༧ལོར་ཀུན་དགའ་ཤི་བས་མོའི་བུ་མོའི་སངས་རྒྱས་ཀྱིས་དཔོན་ཐོབ་བཟུང་། ཀུན་དགའ་ཡིས་ལོ་ངོ༡༧ལ་དབང་ཆ་བཟུང་། ཡུང་ཀྲེང་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ༡༧༢༥ལོར་དར་མདོར་ས་འགུལ་ཆེན་པོ་བྱུང་ནས་སངས་རྒྱས་བསད་རྗེས་མོའི་བུ་རྒྱལ་མཚན་དར་རྒྱས་ཀྱིས་ཡུལ་གཉིས་ཀྱི་ཡུལ་དཔོན་བྱས་ནས་ལོ་བདུན་ལ་ཅག་ལ་རྒྱལ་པོའི་ཐོབ་བཟུང་། ཡུང་ཀྲེང་ཁྲི་ལོ་༡༡པ་སྟེ་སྤྱི་ལོ་༡༧༣༣ལོ་རྒྱལ་མཚན་དར་རྒྱས་ནད་ཀྱིས་ཤི་རྗེས་ཁོའི་བཟའ་ཟླ་ལྷ་འཛོམ་གྱིས་དབང་བཟུང་། ཆན་ལུང་ཁྲི་ལོ་༡༠པ་སྟེ་སྤྱི་ལོ༡༧༤༥ལོ་རྒྱལ་མཚན་བདེ་མཚམས་ཞེས་པས་དབང་འཛིན་ཚུལ་བྱས་ཀྱང་དོན་དངོས་ཐོག་ཁའི་ཨ་མ་ལྷ་འཛོམ་གྱིས་དབང་བཟུང་བ་རེད།

ཅ་ཆིང་ཁྲི་ལོ༡༤པའི་ལོ་སྟེ་སྤྱི་ལོ༡༨༠༩ལོར་རྒྱལ་མཚན་མཁས་སྐྱབས་ཀྱིས་དབང་བཟུང་།

ཏའོ་ཀོང་ཁྲི་ལོ་བཞི་པའི་ལོ་སྟེ་སྤྱི་ལོ༡༨༢༤ལོར་རྒྱལ་མཚན་རྡོ་རྗེ་ཡུལ་གྱི་དབང་ཆ་བཟུང་།

ཏའོ་ཀོང་ཁྲི་ལོ༡༣ལོ་སྟེ་སྤྱི་ལོ༡༨༣༣ལོར་རྒྱལ་མཚན་རྡོ་རྗེ་ཤི་རྗེས་ཁོའི་བུ་རྒྱལ་མཚན་གླིང་ཆེན་གྱིས་དབང་ཆ་བཟུང་། ཐུང་ཀྲི་ཁྲི་ལོ༡༢ལོ་སྟེ༡༨༧༣ལོར་རྒྱལ་མཚན་ཐི་རྗེས་ཁོའི་བུ་རྒྱལ་མཚན་ཆོས་ཀྱིས་དབང་ཆ་བཟུང་། ཀོང་ཞུས་ཁྲི་ལོ༢༨ལོ་སྟེ༡༩༠༢ལོར་རྒྱལ་མཚན་ཆོས་དབང་ཤི་རྗེས་ཁོའི་ནུ་བོ་རྒྱལ་མཚན་ཆོས་འཕགས་ཀྱིས་དབང་ཆ་བཟུང་། ཞོན་ཐུང་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ༡༩༡༡ལོར་ལྕག་ཕག་ལོའི་གསར་བརྗེ་དང་ཡུལ་དཔོན་ལམ་ལུགས་དེ་མངག་དཔོན་ལམ་ལུགས་ལ་བསྒྱུར་པར་འཕྲད་ཀྱང་ལྕགས་ལ་རྒྱལ་པོའི་དབང་ཆ་སྔར་བཞིན་འགྱུར་ལྡོག་བྱུང་མེད། མི་སེར་རྒྱལ་ཁབ་ཀྱི་ཁྲི་ལོ༡༡ལོ་སྟེ་སྤྱི་ལོ༡༩༢༢ལོར་རྒྱལ་མཚན་ཆོས་འཕེལ་བཙོན་དུ་བཟུང་སྐབས་ཡུལ་མི་ཚོས་ཁོ་བཙོན་ནས་འཕྲོག་ཏེ་བྲོས་སྐབས་བཞག་བྲའི་ཆུ་ནང་ལྷུང་ནས་ཤི་སོང་།   ལྕགས་ལ་རྒྱལ་རབས་ནི་སྤྱི་ལོ༡༤༠༧ལོ་ནས་དབང་ཆ་བཟུང་ཞིང༡༩༢༢ལོར་རྒྱལ་མཚན་ཆོས་འཕེལ་མ་ཤི་བར་དུ་ལོ་ངོ༥༡༥ལྷག་ལ་དབང་ཆ་བཟུང་བར་བཤད་དོ། །ལྕགས་ལ་རྒྱལ་པོས་མིང་རྒྱལ་རབས་དང་ཆིན་རྒྱལ་རབས{清朝}ལ་མགོ་བཏགས་ནས་རྣམ་པ་ལ་སྟོབས་ཅུང་ཟད་བསྐྱེད་ཡོད་ཀྱང་།   དོན་ལ་ཁོང་རང་ཉིད་རྒྱ་གོ་མིན་ཏང་གིས་རྩ་མེད་བཏང་ནས་མི་གཅིག་ཀྱང་མ་ལྷག     སྐབས་དེར་ཡུལ་མི་ཚོས་ཐབས་ཤེས་སྤྱོད་ནས་མི་ཉག་སྐྱ་ཀེའི་ཕྱོགས་སུ་ལྕགས་ལའི་བྱི་ཕྲུག་རེད་ཅེས་པའི་ཕུན་ཚོགས་ཅེས་པ་དེ་ཡར་ཁྲིད་ནས་ལྕགས་ལ་རྒྱལ་པོ་བསྐོས་ནས་རྒྱལ་སྲིད་བཟུང་ཡོད་སྐབས་ཀྲུང་གོ་གསར་པ་ཐོན་ནས་དབང་ཆ་ཡོངས་རྫོགས་བླངས། 

ཞར་བྱུང་ཕུན་ཚོགས་ཀྱི་བུ་ལྕགས་ལ་རྒྱལ་མཚན་གྱི་ལོ་རྒྱུས་ཉུང་ཙམ་ཞིག་ཞུས་ན་རྒྱལ་པོ་བྱེད་མ་མྱོང་ཡང་ལོ་བཅུའི་གོད་ཆགས་ཆེན་པོ་བྱུང་སྐབས་དཀའ་སྡུག་མང་པོ་མྱངས།     རྗེས་སུ་སྤྱི་ལོ་༡༩༨༠ལོར་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་དར་མདོ་རྫོང་གི་རྫོང་དཔོན་གཞོན་པ་དང་དཀར་མཛེས་ཁུལ་ཆབ་སྲིད་གྲོས་མོལ་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་ཁུར། ཁོང་རྒྱལ་ཡོངས་མི་དམངས་འཐུས་མི་བྱེད་སྐབས་ཨར་ཇག་ཉག་ག་ལ་གཞུང་ལམ་ལ་དོང་ཆེན་རྐོས་ནས་ཕུག་རྒྱུའི་ཀྲུང་དབྱང་ནང་གི་ཆོག་མཆན་ཨང་དང་པོ་ལོན་མཁན་ཡང་ཁོང་ཡིན།

སྤྱི་ལོ༡༧༠༠ལོར་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བཀོད་མངགས་བྱས་པའི་སྡེ་པ་འཕྲིན་ལས་རྒྱ་མཚོ་དར་མདོའི་ཡུལ་དཔོན་ལ་བཀའ་ཉེན་བཏང་ནས་ལྕགས་ལ་བསོད་ནམས་གྲགས་པ་བསད།  ༡༧༠༢ལོར་ཆིང་དམག་གིས་རྒྱབ་རྩ་བྱས་ཏེ་སྡེ་པ་འཕྲིན་ལས་རྒྱ་མཚོ་བསད་པ་མ་ཟད་ལྕགས་ལའི་རྒྱལ་རྒྱུད་ལ་དཔོན་མིང་ཞོན་ཝི་སི་ཞེས་པའི་མིང་ཞིག་སྦྱིན། ལྕགས་ལ་རྒྱལ་པོའི་སྐུ་མཁར་དེའང་རྒྱུ་ལའི་ནུབ་ཕྱོགས་རྫོང་ཞབས་ནས་དེང་གི་དར་མདོ་རུ་སྤོས་པ་རེད།  མངའ་འོག་ཏུ་ཉག་ཆུའི་ཤར་ཕྱོགས་ནས་རྒྱལ་མོ་རྔུལ་ཆུ་ལྷོ་ཕྱོགས་བར་གྱི་སྟོང་སྡེ་གཅིག་དང་བརྒྱ་སྡེ་ཞེ་བརྒྱད་ཡོད་ཅེས་བཤད་སྲོལ་ཡོད།  གནའ་སྔ་མོ་ལྕགས་ལ་རྒྱལ་པོ་ནི་མི་ཉག་རྒྱལ་པོའི་མངའ་ཞབས་ཀྱི་རྒྱལ་མོ་རོང་གི་རྒྱལ་ཕྲན་ཞིག་ཡིན་ཞིང་།  ཕྱིས་སུ་མི་ཉག་ཕྱི་མའི་ཆབ་སྲིད་ཉམས་སྐབས་ཁོང་མི་ཉག་གི་རྒྱལ་པོའི་ཉེ་ས་ཆེན་པོ་ཡིན་པས་མི་ཉག་གི་རྒྱལ་པོའི་ལས་འགན་གྱི་གོ་གནས་སྤྲད་པ་རེད།  རྗེས་སུ་ཁོས་རྒྱ་ནག་་སོགས་ལ་འབྲེལ་བ་མང་པོ་བྱས་ནས་རང་སྲིད་ལ་གནོད་སྐྱོན་གང་མང་བཟོས་པ་ཡིན་ནོ།  །

ལྕགས་ལ་རྒྱལ་པོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

ཇ་ནག་དར་རྩེ་མདོའི་ལྕགས་ལ་རྒྱལ་པོ་ནི་མི་ཉག་སེའུ་རྒྱལ་པོའི་ཉེ་མཛའ་ཞིག་ཡིན་ཞིང་ཁམས་ཕྱོགས་ཀྱི་དཔོན་རྒྱུད་ཅུང་སྔ་ཞིང་སྟོབས་ཤུགས་དང་ལྡན་པ་ཞིག་ཡིན་ལ།   དེའི་གནས་གཞི་གཙོ་བོ་དེང་གི་དཀར་མཛེས་ཁུལ་གྱི་དར་མདོ་རྫོང་གི་ཁོངས་སུ་ཡོད།   རྒྱའི་ཡི་གེར་འདི་ལ་{ཁང་ཏིན་མེན་ཀྲིན་ཞོན་ཝེ་ཟིའམ}  (康定明正宣慰司)མེན་ཀྲིན་ཐོའུ་ཟི་ཞེས་འབོད་ཅིང་།   བོད་ཀྱི་ལོ་རྒྱུས་རྣམས་སུ་འདི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གྲས་སུ་བགྲང་ཡོད།  དགེ་ལེགས་ཀྱིས་བརྩམས་པའི {དཀར་མཛེས་ཁུལ་གྱི་ལོ་རྒྱུས་}ཞེས་པར་ལྕགས་ལ་རྒྱལ་པོ་ལ་མཆན་དུ་རྒྱའི་རྒྱལ་པོ (汉王) བྱ་བའི་དོན་ཡིན་ཚུལ་འགྲེལ་ལོག་བརྒྱབ་ཡོད་པ་དེ་ནི་བོད་ཡིག་ཡག་པོ་མ་མཁྱེན་པས་ལན་ཡིན་ཏེ་ལྕགས་ལ་ནི་རྒྱ་དང་འབྲེལ་བ་མེད་པ་བོད་ཀྱི་རུས་མིང་ཞིག་ཏུ་ངེས་སོ།  །

 དེ་ཡང་ལྕགས་ལ་རྒྱལ་པོའི་དཔོན་རྒྱུད་བྱུང་ཚུལ་སྐོར་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བའི་གནས་སུ་འདུག་ནའང་།  ཡོངས་གྲགས་ནི་མི་ཉག་རྒྱལ་རྒྱུད་ལས་བྱུང་བ་ཡིན་པར་བཤད་དེ།  ཉག་ཆུའམ་བོན་པོ་གཤིས་སྨད་རྒྱུད་ཀྱི་སི་ཧུ་རོང་གི་མཁར་ཤུལ (西吴绒城 )ཡོད་པ་དེ་མི་ཉག་རྒྱལ་པོའི་རྒྱལ་ས་ཡིན་པར་བཤད་ལ།   དེ་དུས་ལྕགས་ལ་རྒྱལ་པོ་མི་ཟེར་བར་ཀུན་གྱིས་རང་ཉིད་མི་ཉག་རྒྱལ་པོ་ཡིན་པར་ངོས་འཛིན་པར་བྱས་ཡོད།  མི་ཉག་བྱ་བ་སྔར་བཤད་ཟིན་པ་ལྟར་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རྒྱུད་པ་ཡིན་ལ།  དེ་ལྟར་ན་ལྕགས་ལ་རྒྱལ་པོའི་རུས་ཀྱང་ལྡོང་གི་ཁོངས་སུ་གཏོགས་དགོས་སོ།  །ཡོན་རྒྱལ་རབས་སྐབས་སུ་མི་ཉག་རྒྱལ་པོའམ་ལྕགས་ལ་རྒྱལ་པོའི་མེས་པོར་{ཁྲང་ཧོ་ཞི་ཨན་ཧྥོ་ཧྲི་ཟི}   ( 长河西安抚使司   ) ཞེས་པའི་ཐབས་ཐོབ་སྟེ་རྒྱལ་མཁར་མི་ཉག་གི་ཡེན་ཀོན་ཀྲེ ( 营官债 )  བྱ་བར་བཙུགས་ཡོད་པར་བཤད།  མིང་རྒྱལ་རབས་སྐབས་རྒྱལ་པོ་ངག་དབང་བསྟན་འཛིན་བྱ་བས་མིང་གོང་མར་རོགས་སྐྱོར་གྱི་འཇང་ཡུལ་དུ་ཧོར་དམག་བཅོམ་ཞིང་གོང་མར་འཚམས་ཞུས་ཕེབས་པ་བཅས་ཀྱིས་མིང་གོང་མས་ཁམས་ཤར་མཐའི་དམག་སྲིད་ཟུང་གི་དབང་སྤྲད་ཅིང་དེ་ནས་རྒྱལ་ས་ནི་དེང་གི་དར་མདོར་སྤོས་པར་བཤད། དར་རྩེ་མདོ་ཕྱོགས་འདི་དེ་སྔོན་དབལ་ཚོ་བའི་མི་སྡེ་ཡོད་པ་བཅས་མི་ཉག་རྒྱལ་པོའི་མངའ་ཞབས་སུ་བསྡུས་པར་མ་ཟད།  ལྕགས་ཟམ་ཁ་དང་དེའི་ཉེ་འཁོར་ས་ཆའི་ཡུལ་དཔོན་ཆེ་ཕྲ་རྣམས་ཀྱང་དབང་འོག་ཏུ་ཚུད་ནས་མངའ་ཁོངས་རྒྱ་ཆེ་བར་གྱུར།   ཆིང་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་པོ་བསྟན་འཛིན་གྲགས་པ་བྱ་བ་དཔོན་སར་བསྐོས་ཏེ་ལས་ཐམ་སོགས་ཐོབ་ཀྱང་ནང་དམེ་བྱུང་སྟེ་རྒྱལ་པོ་བཀྲོངས།   དེ་ནས་དེའི་བཙུན་མོ་ཀུན་དགའ (公噶)བྱ་བས་དཔོན་ས་བཟུང་ཞིང་ཆིང་རྒྱལ་རབས་ཀྱི་རྒྱབ་རོགས་ལ་བརྟེན་ནས་མདའ་

མདོ་དང་བྲག་སྟེང་ཁྲོ་སྐྱབས་སོགས་དཔོན་ཕྲན་ལྔ་བཅུ་ལྷག་གི་སྤྱི་དཔོན་ལྟ་བུར་གྱུར་ཅིང་།    རྗེས་སུ་ཡུལ་གྲུ་འདི་དག་ནི་སི་ཁྲོན་ཞིང་ཆེན་གྱི་མངས་ཞབས་སུ་སྦྱར་བས་ལྕགས་ལ་རྒྱལ་པོ་ནི་ཁམས་ཕྱོགས་ཀྱི་ཡུལ་དཔོན་ཆེན་པོ་བཞིའི (四大土司 )  ནང་གི་སྟོབས་ཤུགས་ཅན་ཞིག་ཏུ་གྱུར།     རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༧༢༥ལ་ལྕགས་ལ་རྒྱལ་པོ་སངས་རྒྱས་འདས་ཤིང་བུ་ཆེ་བ་རྒྱལ་མཚན་དར་རྒྱས་དཔོན་སར་བསྐོས།   དེ་ལ་བུ་གཉིས་བྱུང་བ་ཆེ་བ་བྱམས་ཕུན (辖木坪 )རུས་རྒྱལ (坚  ) དང་ཆུང་བས་རུས་ལྕགས་བཟུང་བས་དེ་ནས་བཟུང་ལྕགས་ལ་རྒྱལ་པོ་ཞེས་མིང་བཏགས།  མི་ཉག་གམ་ལྕགས་ལ་རྒྱལ་པོ་རིམ་བྱོན་ནི་མིང་རྒྱལ་རབས་དང་ཆིན་རྒྱལ་རབས་བཅས་ལ་འབྲེལ་གཏུག་ཟབ་ཅིང་རྒྱབ་རྟེན་བཅོལ་བ་ཡིན་ལ།     ཆིན་རྒྱལ་རབས་མཇུག་སྒྲིལ་བ་དང་ལྷན་ལྕགས་ལ་རྒྱལ་པོའི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་སོང་ཞིང་།   སྒོས་སུ་ཆིན་ཀོང་ཞིས  (光绪 )  ལོར་ཀྲོ་འུར་ཧྥུན (赵尔丰 )  བྱ་བས་དཔོན་བསྐོའི་ལམ་ལུགས་བསྒྱུར་བཅོས་ཀྱིས་སྡེ་དཔོན་འཐེན་ནས་གཞུང་དཔོན་གཏོང་བའི་སྲོལ་སྤེལ་རྗེས་ལྕགས་ལ་རྒྱལ་པོ་ཉམས་པར་གྱུར་ཅིང་།   དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ༡༩༢༢ལ་གོ་མིན་ཏང་སྲིད་གཞུང་གིས་ལྕགས་ལ་རྒྱལ་པོ་རྒྱལ་མཚན་ཆོས་འཕེལ་བཙོན་དུ་བཟུང་བ་བྲོས་བྱོལ་གྱིས་ཆུར་ལྕེབས་པས་ལྕགས་ལ་རྒྱལ་པོའི་དཔོན་རྒྱུད་ཆད་པར་གྱུར་ཀྱང་ཉེ་ཚན་བུ་རྒྱུད་ནི་ད་ལྟའི་བར་དུ་ཟམ་མ་ཆད་པར་བྱོན་པ་ཡིན་ནོ།   །གཞན་ཡང་ལྕགས་ལའི་རྒྱལ་ས་དར་མདོ་ནི་བོད་ཀྱི་ལོ་རྒྱུས་སྟེང་རྒྱ་བོད་འབྲེལ་གཏུག་དང་ཚོང་ལས་ཤིན་ཏུ་དར་ས་ཞིག་ཡིན་པར་མ་ཟད་མདོ་དང་ཁམས་སྟོད་སྨད་དབུས་གཙང་བཅས་ཀྱི་རྒྱུད་ལམ་ཞིག་ཡིན་སྟབས་བོད་རྒྱའི་ཡུལ་གྲུ་ཀུན་ཏུ་ཤུགས་རྐྱེན་ཧ་ཅང་ཆེ་ལ་མིང་དངོས་དར་རྩེ་མདོ་ཞེས་བྱ་བས་རྒྱའི་ཡི་གེའི་ནང་དུ་སྒྲ་ལོག་གིས་ད་ཅན་ལོས( 打箭炉) ཞེས་བྲིས་འདུག་ནའང་ཕྱིས་སུ་རྒྱས་ཁམས་ཕྱོགས་བཅོམ་པས་ཡུལ་མིང་ལའང་ཁང་ཏིན(康定)སྟེ་ཁམས་པ་ཞི་འཇགས་ཞེས་པའི་དོན་ཅན་གྱི་མིང་དུ་བསྒྱུར་བ་ད་ལྟའི་བར་དུ་རྒྱུན་འབྱམས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་འདི་ཡིན་ནོ།    །

ད་སྐབས་བོད་ནང་གི་མི་ཉག་གི་མགོ་ཁྲིད་གཙོ་བོ་རྣམས་ནི།  བོད་ཀྱི་ཡུལ་གྱལ་བའི་སྲིད་གཞུང་གི་མི་ཉག་བ་ཕར་ཕུད།   འདིར་ཡོད་ཀྱི་གནའི་དཔོན་ངན་མ་རྩ་ལུགས་དང་།  བཀས་བཀོད་རྒྱུན་འཛིན་རིང་ལུགས།  འབྲོག་བདག་འབྲོག་ཕྱུག་དང་།  ས་བདག་ཞིང་ཕྱུག་བཅས་ཕལ་ཆེར་མེད་པར་བཏང་ནས།  ༡༩༥༠ལོ་ནས་ད་ལྟའི་བར་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་དང་དམག་གི་ཀྲུའུ་ཞི་ནི།   མའོ་ཙེ་ཏུང (毛泽东) དང་།  ཏེང་ཞའོ་ཕིང(邓小平) །  ཅང་ཙེ་མིང (江泽民) །  ཧུའུ་ཅིན་ཐའོ (胡锦涛) །   ཞི་ཅིན་ཕིང (习近平) བཅས་ཡིན་ལ།  གཞན་ཡང་སྲིད་བློན་ལ་མཚོན་ན་བློ་མཐུན་ཀྲུའུ་ཨེན་ལའེ (周恩来) དང་།  ལི་ཕིང (李鹏) །   ཀྲུའུ་རུང་ཅི (朱镕基) །   ཝུན་ཅ་པའོ(温家宝) །  ལི་ཁི་ཆང(李克强)  བཅས་ཀྲུང་གོ་རྒྱལ་ཁབ་ཀྱི་དཔོན་ཆེན་རྣམས་ཀྱི་མངའ་ཞབས་སུ་མི་དམངས་ཀྱིས་འཚོ་བ་རོལ་སྐབས་ཀྱི་གནས་ཚུལ་གནད་བསྡུས་ཤིག་ཞུས་ན།  མི་ཉག་ལྷ་སྒང་ལ་ཆ་མཚོན་ནས་ནས་བཤད་ན་སྤྱི་ལོ༡༩༨༥ལོར་ གནའི་བླ་དཔོན་རྙིང་པ་རྣམས་ལ་དཔོན་ངན་མ་རྩ་རིང་ལུགས་དང་།     བཀས་བཀོད་རྒྱུན་འཛིན་རིང་ལུགས།  འབྲོག་བདག་དང་འབྲོག་ཕྱུག  ས་བདག་དང་ཞིང་ཕྱུག་ཅེས་མིང་བཏགས་ནས་དམངས་གཙོ་བཅོས་བསྒྱུར་གྱིས་འགུལ་བསྐྱོད་ཆེན་པོ་ཞིག་བཙུགས་ནས་འཐབ་རྩོད་དང་རྡུང་རྡེག་སོགས་བྱས་ཚེ།  དཔོན་སོགས་འགའ་རེ་ནི་རྒྱལ་ཁབ་ལ་ངོ་ལོག་ནས་རི་མགོར་བྲོས།   འགའ་ཤས་ནི་བཙོན་ཁང་ནང་དུ་འཕངས།  འགའ་ཤས་ལ་ཞྭ་བསྐོན་ནས་མི་ངན་ཨང་བཞི་པའི་གྲས་སུ་བཞག   གྲ་རིམ་འཐབ་རྩོད་ཀྱི་ལས་འགུལ་རྒྱ་ཆེན་པོ་སྤེལ་ནས་སྡུག་མུ་མཐའ་མེད་ཤར་ཡོད།  བོད་ཀྱི་སྔོན་ཆད་ཀྱི་འབྱོར་མེད་པ་རྣམས་ལ་ནི།  ཁ་ལ་ཟས་དང་།  རྒྱབ་ལ་གོས།  སྒོ་ལ་བཏགས་རྒྱུདང་རྨོ་རྒྱུའི་རྟ་ཟོག་དང་ས་ཞིང་།  དཔོན་གྱི་གོ་གནས་སོགས་སྤྲད་ནས་བཅིངས་འགྲོལ་ཐོབ་ནས་བདེ་སྐྱིད་ཀྱིས་ཉི་མ་ཤར་ཡོད།  སྤྱི་ལོ༡༩༦༦ ནས༡༩༧༦བར་གྱི་ལོ་བཅུའི་རིང་ལ་རིག་གསར་གོད་ཆགས་ཀྱིས་རྒྱལ་ཡོངས་ཀྱི་མི་ཚང་མ་ལ་དཀའ་ངལ་ཆེས་ཆེན་པོ་ཞིག་ལ་ཡང་འཕྲད་མྱངས་བ་ཡིན་ནོ།    །      

སྤྱི་ལོ༡༩༨༠ ལོར་ཏེང་ཞའོ་ཕིང (邓小平) གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚོགས་འཛོམས་གྲོས་འཚོགས་ཐེངས་གསུམ་པ་ཚོགས་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ།  གྲལ་རིམ་འཐབ་རྩོད་མེད་པ་བྱས་ཤིང་།  ཐོན་སྐྱེད་ཀྱི་དབང་ཆ་སྒེར་ལ་སྤྲད།  མི་རིགས་རང་རང་གི་སྐད་ཡིག་ལ་སློབ་སྦྱོང་བྱེད་བཅུག   འཚོ་བ་ཟས་གོས་དང་མི་རིགས་ཀྱི་གོམས་གཤིས་བཅས་ཕྱོགས་གང་ཐད་ལ་སྲིད་ཇུས་ཡག་པོ་དུ་མ་ཞིག་དོན་འཁྱོལ་བྱུང་།   དུས་ཚོད་ལ་མཚོན་ནས་བཤད་ན་དེ་རིང་གི་བར་དུ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་ཡིན་ནོ།    །(དཔོན་ཆེན་འདིའི་རིང་ལ་སྤྱི་ཁྱབ་མགོ་ཁྲིད་ཆེན་པོ་གསུམ་གྱི་གོ་གནས་བརྗེ་མྱངས་བ་ཡིན) ཞེས་གོང་བཤད་ཀྱི་དོན་ཚན་ཁ་ཤས་ནི་རྩོམ་པ་པོས་ལྟ་ཚུལ་རྣམས་ལ་ཁ་སྣོན་བྱས་ཏེ་སྤྱི་ལོ༢༠༡༧ལོའི་ཟླ་བ༦པའི་ཚེས༧ལ་བྲིས་པ་ཡིན་ནོ།  །

ལུང་ཁུག་ནང་གི་དཔོན་ཆུང་འགའི་ངོ་སྤྲོད་མདོར་བསྡུས།

མི་ཉག་གི་སྒོ་འཛུ་དཔོན་པོའི་ལོ་རྒྱུས།

དེ་ཡང་གནའ་སྔ་མོའི་མི་ཉག་གི་སྒོ་འཛུ་དཔོན་པོ་ནི་སྒོ་འཛུ་ཆོས་དབྱིངས་རྡོ་རྗེའམ་སྒོ་འཛུ་ཨ་ཆོས་ཡིན་པར་བཤད། ཨ་ཆོས་ཀྱི་སྤུན་ཟླ་རྣམས་ནི། མཁན་པོ་དགའ་རབ་རྡོ་རྗེ་དང་བསོད་རྒྱ་བཅས་ཡིན། བཅོས་སྒྱུར་བྱེད་སྐབས་ཀྱི་དཔོན་པོ་ནི། ཕ་རྒན་ཨ་ཆོས་དང་མ་རྒན་དབལ་ཤེས་བུ་མོ་གཉིས་ཀྱི་བུ་རྒྱུད་སྒོ་འཛུ་ཚེ་སྒྲུབ་མགོན་པོ་ཡིན། ཕ་ཚེ་སྒྲུབ་མགོན་པོ་དང་མ་ཉན་བཟའ་སྨན་ལྷ་གཉིས་ལ་བུ་ཤེས་རབ་དང་ལུ་གུ་གཉིས་ཡོད། དེང་སང་ནི་དགེ་ཤིས་མའི་དཔོན་པོ་སྒོ་འཛུ་ཤེས་རབ་མཐར་ཕྱིན་ནམ་སྒོ་འཛུ་ཤེས་རབ་ནི་ཕ་ཚེ་སྒྲུབ་མགོན་པོ་དང་མ་ཉན་བཟའ་སྨན་ལྷ་གཉིས་ལ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ༡༩༤༣ལོར་སྐྱེས། ཁོ་ལོ་བདུན་གྱི་རིང་ལ་ངོ་ལོག་རྒྱབ། བཙོན་ཞབས་ནས་ལོ་བཅོ་ལྔ་ཙམ་བསྡད་ནས་ཕྱིར་ཐོན། ད་སྐབས་ལོ་ངོ་བདུན་ཅུ་དོན་གཅིག་ཡིན་ནའང་དགེ་ཤིས་མ་སྡེ་པའི་དཔོན་པོ་རེད། མི་ཚང་མས་ཁོ་དཔོན་པོ་དྲང་པོ་ཡིན་ཟེར། ད་སྐབས་ཁོ་ལ་བུ་གཉིས་ཡོད་པར་བཤད། གནའ་སྔ་མོ་ཁོའི་ཨ་མྱེ་དང་ཕ་རྒན་གཉིས་ཀྱི་དཔོན་པོ་བྱེད་སའི་སྡེ་ཤོག་ལྔ་སྟེ། ༡ སོག་རག་མ་སྡེ་པ་རྣམས། ༢ ཝ་ཤེས་སྟོད་པ། ༣ ཝ་ཤེས་སྨད་པ། ༤ ལྕམ་པ་སྟོད་པའི་སྡེ་པ། ༥ དགེ་ཤིས་མ་སྡེ་པ་བཅས་ནི་སྒོ་འཛུ་དཔོན་པོའི་མངའ་ཞབས་ཀྱི་སྡེ་རྣམས་ཡིན་པར་སྒོ་འཛུ་ཤེས་རབ་ཀྱིས་བཤད་པ་ལྟར་ཁོ་བོས་འདིར་བཀོད་པ་ཡིན་ནོ། །

མི་ཉག་གི་ཉ་ངོས་དཔོན་པོའི་ལོ་རྒྱུས།

ཉ་ངོས་རྟ་མགྲིན་དང་མ་ཟུར་བ་ཡ་མ་ལུ་ཐར་གྱི་བུ་མོ་གཉིས་ལ་བུ་རྒྱུད་དྲུག་ཡོད། ༡་བསོད་ནམས། ༢ མགོན་པོ། ༣ རྡོ་རྗེ། ༤ གུ་རུ། ༥ པདྨ། ༦དབང་ཆེན་བཅས་ཡོད།

ཉ་ངོས་དཔོན་པོ་དང་པོ་ནི་ཉ་ངོས་རྟ་མགྲིན་ཡིན།

གཉིས་པ་མགོན་པོ་ནི་ཉ་ངོས་གུ་རུ་དཔོན་པོ་མ་བྱས་སྐབས་ལོ་གསུམ་ལ་དཔོན་པོ་བྱེད་མྱོང་། གསུམ་པ་ཉ་ངོས་གུ་རུ་ནི་ཉ་ངོས་དཔོན་པོ་ལོ་མང་པོར་བྱས། གུ་རུ་དང་རག་ཤིས་རྟ་བརྒྱ་མའི་བོ་ཆུང་གཉིས་ལ་བུ་རྒྱུད་གསུམ་ཡོད། བུ་རིག་འཛིན་ཚེ་དབང་གྲྭ་པ་རེད། དར་མ་དབང་ཕྱུག་གྲྭ་པ་རེད། རྡོ་རྗེ་ཚེ་རིང་མ་ནེ་མེད་མཁན་བཅས་ཡིན་པར་བཤད། དེང་སྐབས་དཔོན་དེའི་མངའ་འབངས་ཀྱི་སྡེ་རྣམས་ཡོད་ས་གཙོ་བོ་ནི། དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གི་རུ་ཁག་གམ་སྡེ་པ་བཅོ་བརྒྱད་ཀྱི་མངའ་འབངས་དང་། རྟའུ་རྫོང་གི་འདྲ་སྟོད་ཀྱི་ཡུལ་ཤོག་ལྔའི་མངའ་སྡེ་དང་ཉག་ཆུ་རྫོང་གི་མངའ་ཞབས་ཀྱི་འདྲ་སྨད་པ་བར་སྟོད་ཡུལ་ཤོག་དང་མི་བཟང་ཡུལ་ཤོག་གཉིས་ཀྱི་མངའ་སྡེ་བཅས་ཀྱི་དཔོན་པོ་ཡིན་ནོ། །

མི་ཉག་གི་ཨ་འཐས་དཔོན་པོའི་ལོ་རྒྱུས།

དེ་ཚང་གི་མི་རྒྱུད་རྣམས་ནི་ཨ་འཐས་བློ་བཟང་ཕུན་ཚོགས་ཀྱིས་དཔོན་པོ་ཡུན་རིང་ཙམ་བྱེད་མྱོང་བ་དང་། དེའི་བུ་མི་ཉག་བུ་ཕྲུག་གི་དཔོན་ས་འཛིན་རྒྱུ་མ་ལོན།  ཀྲུང་གོ་རྒྱལ་ཁབ་ཀྱིས་བཅོས་སྒྱུར་བྱས།  རྗེས་སུ་མི་ངན་ཨང་བཞི་པའི་རིགས་ཀྱི་གྲལ་དུ་བཞག་ནས་ཞྭ་བསྐོན།  རྗེས་སུ་བཅོས་སྒྱུར་སྒོ་འབྱེད་བྱེད་སྐབས་ཞྭ་ཕུད་ནས་བོད་ཡིག་སློབ་གྲྭའི་དགེ་རྒན་བྱས།  དེའི་བུ་ཀུན་དགའ་རྒྱལ་མཚན་ཡང་དེང་སང་བོད་ཡིག་སློབ་གྲྭའི་སློབ་སྟོན་ཁང་གི་མགོ་ཁྲིད་དང་དགེ་རྒན་བཅས་ཀྱི་འགན་ཁུར་བཞིན་ཡོད།  གནའ་དུས་སུ་དཔོན་འདིའི་མངའ་ཞབས་ཀྱི་སྡེ་ནི་རྫོང་ཞབས་མན་ཆད་དང་སྦའུ་རོང་ཡན་ཆད་བཅས་ཡིན་པར་བཤད་སྲོལ་ཙམ་ཡོད།   སྤྱིར་བཤད་སྲོལ་ལྟར་ན་དཔོན་ཐོབ་ཁའུ་དཔོན་ཆེ་ན་ཡང་སྡེ་པ་ཨ་འཐས་དཔོན་ལ་མང་ཞེས་བཤད་སྲོལ་ཡོད་དོ།  །

མི་ཉག་ཁའུ་དཔོན་པོའི་ལོ་རྒྱུས།

དེ་ཚང་གི་མི་རྒྱུད་རྣམས་ནི་རིག་འཛིན་དབང་རྒྱ་ཡིས་དཔོན་པོ་བྱེད་མྱོང་ནའང་།  དེའི་བུ་རྒྱུད་རྣམས་ཀྱིས་དཔོན་ས་འཛིན་རྒྱུ་མ་ལོན།  ཀྲུང་གོ་རྒྱལ་ཁབ་ཀྱིས་བཅོས་སྒྱུར་བྱས།  རྗེས་སུ་དར་མདོ་རྫོང་ཆབ་སྲིད་གྲོས་མོལ་ཁང་གི་ཨུ་ཡོན་ལ་བསྐོ་བཞག་བྱས།  རྗེས་སུ་བཅོས་སྒྱུར་སྒོ་འབྱེད་བྱེད་སྐོར་ཡས་མས་ཤིག་ལ་ཤི་སོང་།  དེའི་བུ་རྒྱུད་རྣམས་ནི་ཁའུ་པ་སངས་ནི་ཁྱིམ་ཆེན་ནང་དུ་གཞི་འཛིན་མཁན་ཡིན།  དེའི་སྤུན་ཡ་རྡོ་རྗེ་ནི་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་བྱས་ནས་དེང་སང་ལས་འཁྱུར་ངལ་གསོ་བྱས་ནས་བསྡད་ཡོད།  དེའི་སྤུན་ཡ་ཁའུ་བསོད་རྒྱལ་ལགས་ནི་འབྲུག་ཡུལ་གྱི་རྒྱ་གར་གྱི་གཞུང་ཚབ་ཁང་གི་མགོ་ཁྲིད་ཡུན་རིང་བྱས་ནས་ད་སྐབས་ལས་འཁྱུར་ངལ་གསོ་བྱས་ཚར་བར་བཤད། གཞན་ཡང་དེའི་རྒྱུད་པ་ད་སྐབས་མི་ཉག་རི་ཁུག་དབོན་པོ་ཚང་ནི་འབྲུག་པ་རྒྱལ་པོའི་བཤམ་སྟོན་ཁང་གི་དཔོན་ཆེན་ཡིན་པར་བཤད་པ་ལྟར་ཡིན་ལ། དཔོན་དེའི་མངའ་ཞབས་སུ་ཡུལ་ཤོག་ཝ་ཚི་དང་ར་རྔ་ཁ་གྲོང་རྡལ་བཅས་ཡིན་པར་བཤད་སྲོལ་ཙམ་ཡོད་དོ།   ། མི་ཉག་ལ་སྔོན་ཆད་དེ་འདྲ་དཔོན་ཆུང་ཆུང་མང་པོ་ཞིག་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐས་པར་བྱས་ནས་འབྲི་མ་ཐུབ་པས་དགོངས་དག་ཞུའོ།  །

གཉིས་པ།   དམག་དོན་གྱི་སྐོར་བཤད་པ།

གཞན་སྡེ་ཚོས་རང་ཡུལ་ལ་མིའམ་རྩྭ་ཆུ་དང་རྟ་ཟོག་སོགས་ལ་འོས་མེད་ཀྱི་བཙན་པོས་གནོད་འཚེ་བྱས་ན་མི་ཉག་གི་ཡུལ་ལ་གནའ་སྔ་མོ་ནས་དམག་བསྡུས་ཏེ་ཕར་རྒོལ་བྱེད་རྒྱུའི་འགྲོ་ལུགས་ཀྱང་ཡོད་པར་བཤད།  ཡང་གནའ་སྔ་མོའི་ལོ་རྒྱུས་ནང་དུ་བཀོད་པ། དཔེར་ན་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་སྔོན་བྱུང་གི་དམངས་ཁྲོད་དུ་གྲགས་པའི་གཏམ་རྒྱུད་ལས།   སྤྲེལ་ལུང་སྡེ་པའི་ས་ཆ་དར་རྒྱལ་ཉག་ག་དང་འབྲེལ་བར་ཡོད་པ་ལ། མི་ཉག་རྒྱལ་པོའི་སྲིད་དབང་བཟུང་བའི་དུས་སུ།  མི་ཉག་གི་དམག་ཡང་ཡང་ཡོང་ནས་དམངས་ཀྱི་རྒྱུ་ནོར་འཕྲོག་པ་དང་། བཅོམ་པ་ལ་སོགས་བྱ་ངན་གདུག་རྩུབ་ཅན་བྱས་པས། ཐེངས་གཅིག་ལ་མི་ཉག་རྒྱལ་པོའི་དམག་ཡར་ལོག་བྱས་སྐབས་བོད་རྣམས་ཕམ་སྟེ། དེའི་རོ་རྣམས་ས་འོག་ཏུ་བཅུག་ནས་ས་སྤུངས་རྡོ་སྤུངས་བརྒྱབ་སྟེ་བཞག་ཡོད་པ་ལ། འདི་ནི་དམངས་ཁྲོད་དུ་མི་ཉག་རྒྱལ་པོའི་དམག་གིས་ང་ཚོའི་སྔ་རབས་པ་བསད་པའི་དུར་ས་ཡིན་ཞེས་ངག་རྒྱུན་དུ་གྲགས་པ་རེད། སྤྱི་ལོ༡༩༥༨ལོར་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱེད་དེ་ས་རྒོད་སློག་ནས་ཞིང་ས་ལས་དགོས་པའི་བཀའ་ལྟར་ས་སྟོང་ཐམས་ཅད་ཞིང་ས་བྱས་པ་རེད། དེའི་སྐབས་སུ་དུར་ས་འདི་ཡང་ཞིང་ས་བྱས། དེའི་རྗེས་ཀྱི་སྤྱི་ལོ༡༩༧༣ལོར་ཡང་མི་དམངས་སྲིད་གཞུང་གིས་ཞིང་ལས་ཐད་ཏ་ཀྲེ་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་བསྐུལ་གནང་བ་ལྟར། སྤྲེལ་ལུང་མང་ཚོགས་ཀྱིས་དུར་ས་ཡོད་པའི་ཞིང་ས་དེ་དག་བདེ་ཐང་བྱས་སྐབས་ས་འོག་ནས་མི་རོ་མང་པོ་ཞིག་ཕྱིར་ཐོན་པ་དེས། དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་དེ་འདོད་པ་བྱུང་རྒྱལ་དང་། ཁུངས་ལུང་མེད་པར་སྨྲས་པ་ཞིག་མ་ཡིན་པ་ར་སྤྲོད་གསལ་བོ་ཞིག་བྱུང་བ་རེད་དོ། །ཡང་དེ་བཞིན་དུ་མི་ཉག་རྒྱལ་པོས་དབང་སྒྱུར་དུས་སུ། སྙོམ་ཚང་ལ་ཁ་ཞེས་པའི་ས་འདིར་སྙོམ་ཚང་ཨ་ཡེ་ཟེར་བའི་ཚོ་བ་ཞིག་ཡོད་པ། དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་ཅིག་འདུག    དེ་ཡང་རགས་ཙམ་ཞིག་བཤད་ན། སྙོམ་ཚང་ཨ་ཡེ་ཟེར་བའི་ཚོ་བ་དེས་ཞིང་ཕྱུགས་གཉིས་ཀྱི་ཐོན་སྐྱེད་ནས་རྒྱུ་འབྱོར་མངའ་ཐང་ཆེན་པོ་ཞིག་ཡོད་པར་བཤད་མོད། འོན་ཀྱང་མི་ཉག་རྒྱལ་པོའི་དུས་སུ་ས་ཆ་གཞན་ཞིག་ནས་འདི་རུ་འོངས་པ་ཡིན་ནམ། དེའི་སྔོན་དུ་ཡོད་པ་ཡིན་མིན་གསལ་བོ་སུས་ཀྱང་མི་ཤེས་ནའང་། གང་ལྟར་ལོ་ངོ་བརྒྱ་ཕྲག་མང་པོ་འགོར་བ་ཞིག་རེད། གང་ཡིན་ཞེ་ན། སྙོམ་ཚང་ལ་ངོས་ཀྱི་ཆུ་ཙག་སྡོང་རྒན་ཟེར་བའི་གཏམ་རྒྱུད་ལས་ཤེས་སོ།  །དེ་ཡང་རགས་ཙམ་བཤད་ན། ཉིན་ཞིག་སྙོམ་ཚོང་ཨ་ཡེ་རྗེས་འབྲངས་དང་བཅས་པ་གཞོང་ཤད་དུ་འོངས་ནས། ཕྱིར་སྙོམ་ཚང་ལ་བརྒྱུད་སྐབས་དེའི་ཉིན་ཚ་བ་ཧ་ཅང་ཆེ་བས་ཨ་ཡེ་ལ་སྐོམ་པ་ཆེན་པོ་སྐྱེས་ཤིང་ཆུ་ཙག་ཁུག་གི་ཆུ་མིག་སར་སླེབས་པ་ན། ལག་རྟེན་གཡོས་ལྕུག་དེ་ཆུ་ཁའི་འདམ་ནང་དུ་བཙུགས་ནས་ཆུ་འཐུང་བས། སྐོམ་པ་གཏིང་ནས་སེལ་ཏེ་བདེ་བ་ཆེན་པོ་བྱུང་སྟབས། ལག་རྟེན་དེ་ཡང་བཞག་སྟེ་སོང་བར་བཤད། རྗེས་སུ་གཡོས་ལྕུག་དེ་སྐྱེས་ནས་ལོ་ངོ་བརྒྱ་ཕྲག་མང་པོ་སོང་བ་ན་སྡོང་རྒན་ཆེན་པོ་ཞིག་ཏུ་གྱུར་པས། ཆུ་ཙག་སྡོང་རྒན་ཞེས་བརྗོད་ཀྱིན་འདུག་སྡེ་མི་རྣམས་ཀྱིས་མཐོང་བ་ལྟར་ན་དེའི་སྦོམ་ཚད་ལ་མི་ལྔ་དྲུག་གི་འདོམ་པའི་ནང་ཤོང་དཀའ་བ་ཡིན། དོན་འདིར་དཔྱད་ན་སྙོམ་ཚང་ཨ་ཡེའི་ཚོ་བ་དེ་གནའ་འདིར་ལོ་ངོ་བརྒྱ་ཕྲག་མང་པོ་བསྡད་པ་ངང་ངམ་གྱིས་རྟོགས་ཐུབ་པ་དང་བདེན་དཔང་བྱེད་ཆོག་མོད། འོན་ཀྱང་སྤྱི་ལོ༡༩༥༨ལོར་མཉམ་ལས་ཁང་འཛུགས་སྐབས། སྙོམ་ཚང་ལ་ཁའི་སྔོན་གྱི་ཞིང་ཤུལ་རྣམས་སུ་སླར་ཡང་ས་ཞིང་གསར་བ་མང་པོ་ལས་ཤིང་། ཞིང་ལས་པ་རྣམས་ཀྱིས་ལོ་རྒྱུས་ཀྱི་བདེན་རྟགས་ལ་གདེང་འཇོག་མ་བྱས་པར་སྡོང་རྒན་དེ་རྩ་བ་ནས་བཅད་དེ་ཟ་ཁང་གི་མེ་ཤིང་བྱས་པ་རེད། ད་ལྟ་རང་ལོ་ལྔ་བཅུ་མན་གྱི་མི་རྣམས་ལ་བཤད་ན། དེ་ཡང་རྣ་བར་མི་འགྲོ་བ་དང་ངེས་ཤེས་འདྲོང་མི་ནུས་པ་ལྟ་བུའོ། །ཡང་དེ་བཞིན་དུ་སྙོམ་ཚང་ཨ་ཡེ་ཟེར་བའི་ཚོ་བ་དེ་སྙོམ་ཚང་ལ་ཁ་ནས་ལོ་ངོ་བརྒྱ་ཕྲག་མང་པོ་ལ་གཞི་བཟུང་སྟེ་འདུག་སྐབས། ཞིང་ཕྱུགས་གཉིས་ཀྱི་ཐོན་སྐྱེད་སྤེལ་ནས་སྟོབས་འབྱོར་མངའ་ཐང་ལྡན་པར་གྲགས་ཁོ་ཚོས་ཕྱུགས་ལས་སྤེལ་བའི་ས་ཁུལ་ལ། དེང་སང་ཡང་འབྲོག་མོ་ཁུག་དང་འབྲོག་མོ་སྒང་། གདོང་མཐོ་བ་ཞེས་བརྗོད་པ་དང་། ཞིང་ལས་སྤེལ་བའི་ས་ཁུལ་ལ་དེང་སང་ཐང་ཆེ་ཞེས་བརྗོད་པ་ཡིན། དེ་ཡང་བདེན་པར་འདོད་དེ། སྐབས་དེར་ལས་པའི་ས་ཞིང་གི་དབྱིབས་གྲུ་བཞི་དང་། གྲུ་གསུམ། ཟླུམ་པོ་སོགས་ས་ཡི་འོས་འཚམས་དང་བསྟུན་ནས་ལས་པ་ཤ་སྟག་རེད། རང་རེ་རྣམས་ཀྱིས་ཤེས་དུས་ཧོར་གྲོལ་བའི་ཕྱུགས་སྐྱོང་བྱེད་པའི་རྩྭ་ས་ཞིག་ཏུ་ཆགས་ཡོད་པ་རེད། དེ་ལའང་མི་ཉག་རྒྱལ་པོའི་དམག་ཐེངས་མང་པོ་ཡོང་སྟེ་འཕྲོག་བཅོམ་དང་། གདུག་རྩུབ་ཀྱི་བྱ་བ་མང་པོ་བྱས་སྐབས། འདི་ནས་སྡོད་ཐབས་མེད་པར་དབུས་སུ་སོང་ཟེར། ཚོ་བ་འདི་ལ་དེང་སང་རིགས་རྒྱུད་མ་ཆད་པ་དང་འཕེལ་ནས་ཡོད་པས། རྡོ་སྦིས་ཀྱི་མི་ལྷ་སར་འགྲོ་སྐབས་ལམ་གྱི་ཚོ་བ་འདི་གནས་སའི་གྲོང་སྡེ་དང་འཕྲད་ན་ཁོ་ཚོས་ཕ་ཡུལ་གང་ནས་ཡིན་པ་ཞིབ་འདྲི་བྱེད་པ་དང་། རྡོ་སྦིས་ཀྱི་མི་ཡིན་ཟེར་ན། འདུག་ས་དང་ཟ་མ་མང་པོ་སྟེར་པར་མ་ཟད། ང་ཚོའི་ཚོ་བའི་སྔ་རབས་པ་ཨ་མདོ་རྡོ་སྦིས་ནས་འོངས་ཞེས་ཟེར་གྱིན་འདུག་སྐད། གོང་གི་འདི་དག་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ལོ་རྒྱུས་ལ་འབྲེལ་བ་ཡོད་པ་དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་བཅར་འདྲི་དང་།  ཞིབ་འཇུག་བྱས་པ་ལ་བརྟེན་ནས་བཀོད་པ་ཡིན་ནོ།   །ཞེས་པ་འདིའི་འབྱུང་ཁུངས་ནི་བཀའ་མ་མཁའ་འབུམ་སོགས་ཀྱིས་བརྩམས་པའི་སྤྱི་ལོ༢༠༠༩ལོའི་ཟླ༩པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་རྡོ་སྦས་གསར་སྨུག་ལྗོངས་ཀྱི་ལོ་རྒྱུས་དོ་ཤལ་ཕྲེང་བའི་ཤོག་གུའི་ལྡེབ་མ༥༥ནས༦༧བར་ནས་བཏུས་པ་ཡིན་ནོ།  །གོང་གི་ཚིག་ཁ་ཤས་ཡང་བསྐྱར་འདིར་གཅིག་བཤད་པ་ལ་དགོངས་འགལ་མེད་པར་ཞུ།    ད་དུང་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བཤད་ན་མི་ཉག་གི་མི་རྒྱུད་རྒྱལ་པོ་སྲོང་བཙན་སྒོམ་པོའི་ནང་བློན་ཆེན་པོ་མགར་སྟོང་བཙན་དང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་མཆོག་གྱུར་པ་སྟག་སྒྲ་ཀླུ་ཀོང་སོགས་ནི་དམག་ཐབས་ལ་ཆེས་མཁས་པ་ཡིན་ཚུལ་ལོ་རྒྱུས་ལས་ཤེས་གསལ་ལྟར་ཡིན་པས་འདིར་ཡི་གེ་མང་བར་དོགས་ནས་མ་བྲིས་ལ།  གནའ་སྔ་མོ་དམག་མི་སྐད་གྲགས་ཅན་དེ་འདྲ་ཡོད་ཀྱང་དེང་སང་དམག་མི་དེ་འདྲའི་སྐད་གྲགས་ཅན་ཡོད་དམ་ཅེ་ན་གཤམ་དུ་གཟིགས་རོགས་གནང་ངོ་།    །

བྱམས་པ་མཁས་གྲུབ་ཀྱི་ངོ་སྤྲོད་མདོར་བསྡུས།

དེ་ཡང་བྱམས་པ་མཁས་གྲུབ་ནི་ཕ་ནོར་བུ་བཀྲ་ཤིས་དང་མ་བསྟན་འཛིན་དབང་མོ་གཉིས་ཀྱི་རིགས་རྒྱུད་དུ།  རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༡༩༨༩ལོའི་ཟླ་བ་༢པའི་ནང་དུ་དར་མདོ་རྫོང་འགག་པ་ཤང་ལྕགས་ཟམ་གྲོང་སྡེའི་ནང་དུ་སྐྱེས།  ཁོང་གི་ཕ་མ་གཉིས་དང་ཨ་ཁུ་རྟ་མགྲིན་ནོར་བུ། ཨ་ཅེ་རིག་འཛིན་སྒྲོལ་མ་བཅས་མི་བཞི་དེ་ཀྲུང་གོ་མི་དམངས་བཅིང་གྲོལ་དམག་ཨང༦༥༣༦༧རུ་ཁག་ཏུ་སྤྱི་ལོ༢༠༡༣ལོའི་ཟླ་བ༡༠པའི་ནང་ཆེད་དུ་གདན་ཞུ་བྱས།  ཁོང་དམག་ལ་སོང་ནས་ལོ་ངོ་བདུན་ཙམ་གྱི་རིང་ལ་དམག་མི་རྣམས་ཀྱིས་སྦྱོང་བརྡར་གྱི་རྣམ་གྲངས་གང་དང་གང་བྱས་ན་ཁོང་གིས་ལོ་རྟག་པར་ཚང་མ་སྦྱངས་འབྲས་ཡག་ཤོས་ཀྱི་གཟི་ལྡན་གཟེངས་རྟགས་ཐེངས་མ༢༣ལོན།   རྒྱལ་ཡོངས་ཀྱི་དམག་མི་ཚང་མས་ཁོང་ལ་མིག་དཔེ་བལྟས་ཏེ་སློབ་སྦྱོང་བྱེད་དགོས་ཞེས་བཤད་པ་དང་།   དེ་རྗེས་དམག་མི་ཡོངས་རྫོགས་མ་ཚད་རྒྱལ་ཡོངས་མི་དམངས་ཚང་མས་དམག་ཁོང་ལྟ་བུ་ལ་མིག་དཔེ་བལྟས་ནས་སློབ་སྦྱོང་བྱེད་དགོས་ཞེས།  དཔེར་ན་འཕྲིན་སྦྱོར་སྒྲོག་སྤེལ་བྱེད་སར་མཚོན་ན། སྤྱི་ལོ༢༠༡༣ལོའི་ཟླ༡༠པ་ནས་བཟུང་སྟེ་བཅིངས་འགྲོལ་དམག་གི་གསར་འགྱུར་ཐོག་ཏུ་ཐེངས་མ༤དང་།  དེ་མིན་གྱི་ཀྲུང་གོའི་ན་གཞོན་གསར་འགྱུར་དང་།  མདུན་བསྐྱོད་གསར་འགྱུར།  ཐང་ཧྭ་ཚགས་པར་བཅས་ཀྱི་སྟེང་དུ་ཁོང་གི་མཚན་སྙན་རྣམས་བཀོད་ཡོད། གཞན་ཡང་ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་ཐད་བསྒྲགས་ཐོག་ཏུ་ཐེངས་མང་པོར་ཁྱབ་བསྒྲགས་བྱས་པ་སོགས་ལྟ་བུ་ཡིན་ཞིང་།  སྤྱིར་ཁོང་གི་ཨ་མྱེ་དང་ཕ་རྒན་ཁོང་རང་ཉིད་བཅས་མི་རབས་གསུམ་དེ་དམག་ལ་སོང་པ་ཤ་སྟག་ཡིན།  དེང་སང་ཁོང་གིས་དམག་གི་སློབ་གྲྭ་ཆེན་མོ་ཞིག་གི་ནང་དུ་སློབ་སྦྱོང་བྱེད་བཞིན་པ་ཡིན་ནོ།  །

ལེའུ་བཅུ་བཞི་པ།   མི་ཉག་གི་གླུ་ཚིག་དང་བྲོ་ཚིག་གི་སྐོར།

མི་ཉག་གི་གླུ་བྲོའི་ཚིག་གི་དཔེར་བརྗོད།

སྤྱིར་བོད་ཀྱི་གླུ་གཞས་ལ་ཡུལ་སོ་སོའི་ཚིག་གི་སྦྱོར་ཚུལ་དང་གདངས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པ་དེ་དག་གི་ནང་དོན་རྣམས་ཚུར་མདོར་བསྡུས་ན།  དགའ་བའི་གླུ་དང་། མི་དགའ་བའི་གླུ། སྨོན་པའི་གླུ། བརྩེ་གླུའམ་མཐུན་གླུ། ཁྲེལ་གླུའམ་མི་མཐུན་པའི་གླུ། སྐྱོ་གླུ་དང་རྒྱང་གླུ། སྡུག་གླུ་བཅས་ཀྱི་ནང་དུ་འདུས་པ་ཡིན་པར་དེ་དག་གི་དཔེར་བརྗོད་རྣམས་གཤམ་གསལ།

.དགའ་བའི་གླུ། ༡ རྟ་རག་དཀར་རྔ་མ་རྡོ་རྗེའི་མདུད། །གསེར་སྲབ་སེར་པོའི་ཁ་རྒྱན་བཞག  །རྒྱ་དར་དམར་པོའི་ཟེ་དར་བཏགས། །ཁྱོད་དེ་དུས་རྒྱུག་ལ་དགའ་དུས་རེད།  །ང་དེ་དུས་དགུང་ལོ་ཆུང་དུས་རེད། །

༢ ཤར་ཕྱོགས་ཀྱི་ཨ་ཕྱུག་ཁྲ་དྭངས་བོ། །འབྲུ་ཤུག་ལོ་མས་བསང་ཞིག་ཕུད། །དར་ཚོན་སྣ་ལྔའི་རླུང་རྟ་བཏགས།  ། ཁྱོད་དེ་དུས་མགོན་སྐྱོབ་ཆེ་དུས་རེད།  །ང་དེ་དུས་ཕྲག་ལྷ་དར་དུས་རེད།  །

༣ སྨན་ཨ་བཟའ་བྱུར་དམར་རྣ་ཚར་ཅན། །གཏམ་གོང་བ་ནང་ནས་བཤད་རེས་བྱེད། །རྒྱུ་ཕུ་དུང་ནང་གི་གཏད་རེས་བྱས།  །ཁྱེད་དེ་དུས་ཨ་བཟའ་ཡག་དུས་རེད།  །ང་དེ་དུས་ཤར་ལུ་འཁོར་མེད་རེད།  །

༤ རྟ་གྲོ་རག་གྲིམ་པའི་རྔ་རྒྱ་ཅན།  །འབའ་ལི་ཐང་བསྐོར་ནས་ལོ་གསུམ་རེད།  །ཚིགས་གཅིག་ལ་བརྩེད་འཐེང་མ་སོང་ཟིན།  །རྐྱང་རག་དཀར་རྡོ་རྗེའི་རྣམ་སྤྲུལ་རེད།  །

༥ སོག་ཁྲ་རིང་ཨ་འབའ་ར་གཉིས་ཅན།  །རྫ་ཡ་རིའི་སྒང་ལ་ལན་གསུམ་འཕངས།  །རྫས་གཅིག་ལ་ཡོར་འཆུག་མ་སོང་ཟིན།  །དེ་གནམ་ལྕགས་ཐོག་གི་སྤྲུལ་པ་རེད།  །

༦ སྨན་ཨ་བཟའ་བྱུ་རུའི་རྣ་ཚར་ཅན།  །ས་མི་ཡུལ་འགྲིམ་ནས་ལོ་གསུམ་རེད།  །ཚིག་གཅིག་ལ་འགྱུར་ལྡོག་མ་སོང་ཟིན།  །ལྷ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་རེད། །

༧ ཟས་ཞིམ་པོ་ནས་ཆང་ཨ་རག་རེད།  །གོང་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།  །ཨ་ལ་གསེར་འོད་ལམ་སེ་ལམ།  །ས་ལ་འོད་སྣང་གསལ།  །བསྭོ་ཡག་ལ་བསྭོ།  །ཞེས་པ་ལྟ་བུའོ།།

མི་དགའ་བའི་གླུ།༡ སྟོད་ཡས་ཀྱི་གཞི་བདག་འབྱུང་མེད་པོ། །ལས་ཡག་ཉེས་ཙམ་གྱིས་འཁྲུག་ཁུལ་བྱས།  །བསང་ཞི་བས་ངོ་སོ་མི་ལོན་ཁུ།  །ད་མི་མཆོད་རླུང་རྟའི་ལྷམ་འཚང་བྱེད།  །དེ་འཁྲུགས་རྒྱུ་ཡོད་ན་བཙན་པོ་རེད། །

༢ སྐེད་ཡས་ཀྱི་རི་དྭགས་འབྱུང་མེད་པོ།  །མི་རིག་ནི་ཙམ་གྱིས་འཆོང་ཁུལ་བྱེད།  །མདའ་གླིང་བཞི་རྫས་ཀྱི་ཁ་ལ་བཏང་།  །ཁྱོའི་རྣམ་ཤེས་བར་དོའི་ཁམས་ལ་སྐྱེས།  །དེ་འགྲོག་རྒྱུ་ཡོད་ན་རྒོད་པོ་རེད།  །

༣ སྨད་མས་ཀྱི་ཨ་བཟའ་འབྱུང་མེད་པོ།  །རོགས་ངེད་གཉིས་ཞེ་མཐུན་ཡོད་དུས་སུ།  །སྙིང་བཅད་ནི་ཙམ་ཞིག་གནོད་ཁུ་ད།  །རོགས་ངེད་གཉིས་ལ་མོ་བརྒས་དུས་སུ།  །བུ་སུ་བཟང་ལྟད་མོ་རྒྱང་ནས་བལྟ།  །ཞེས་པ་ལྟ་བུའོ།  །

སྨོན་གླུ།  ༡ ངའི་ཕྱོགས་ཀྱི་སྡེ་ཡི་བལྟས་དུས་སུ།  །རོགས་ཕྱོགས་ཀྱི་སྡེ་མགོ་རིག་ཁུ་འོ།  །སྡེ་ཁ་རྒྱམ་ཆེ་ན་སྐྱིད་ཁུ་ད།  །རོགས་དེ་ན་མེད་ན་སྨོན་ཁུ་འོ།  །

༢  ངའི་ཕྱོགས་ཀྱི་རྫ་ཡི་བལྟས་དུས་སུ།  །རོགས་ཕྱོགས་ཀྱི་རྫ་མགོ་རིག་ཁུ་འོ། །རྫ་ཁ་རྒྱམ་ཆེ་ན་སྐྱིད་ཁུ་ད།  །རོགས་དེ་ན་མེད་ན་སྨོན་ཁུ་འོ།  །ཞེས་པ་ལྟ་བུའོ། །

མཐུན་གླུ།༡ ཡར་བལྟས་དུས་མིག་ལ་མཛེས་མོ་བོ། །དགུང་ཨ་སྔོན་དཀྱིལ་ཀྱི་ཉི་ཟླ་རེད།  །གཅིག་གྲགས་ནས་སྦྲང་ཆར་གཏོར་ནི་འོ།  །འབྲུག་ལྷོ་ཁྱུང་སྙིང་ལོ་རྗེ་ནི་རེད།  །

༢ ཕར་བལྟས་དུས་མིག་ལ་མཛེས་ནི་དེ།  །ནགས་དགའ་ལྡན་ལོ་མ་ཡར་སྐྱེས་རེད།  །གཅིག་གྲགས་ནས་རྒྱབ་དབུས་རྨོངས་ནི་འོ།  །བྱ་ཁུ་ལོ་སྙིང་ལོ་རྗེ་མོ་རེད།  །

༣ མར་བལྟས་དུས་མིག་ལ་མཛའ་ནི་འོ།  །སྡེ་ཚོ་དྲུག་ཕྱུག་པོ་ཚང་ཞིག་རེད།  །སྒོ་བུད་ནས་གླུ་ཆུང་ལེན་ནི་འོ།  །སྨན་ཨ་བཟའ་སྙིང་ལོ་རྗེ་མོ་རེད།  །ཅེས་པ་ལྟ་བུའོ། །

.མི་མཐུན་པའི་གླུ། ༡  བྲག་གདོང་ཟ་རི་ཟོ་རེ་འོ།  །བྲག་ཆུ་ཐ་འུ་ཐིག་འེ་འོ།  །ངས་མི་འཐུང་འཐུང་ཁ་བྱེད་དུས་སུ།  །ཁྱོས་ངོ་མ་འཐུང་དགོས་ཨེ་བསམ་ཁུ།  །༢  ཚེར་སྤུང་ཐ་རེ་འཐོར་རེ་འོ།  །ཚེར་ཐོག་སྐྱ་རེ་སྐྱུར་རེ་འོ།  །ངས་མི་ཟ་ཟ་ཁུལ་བྱེད་དུས་སུ།  །ཁྱོས་ངོ་མ་ཟ་འདུག་ཨེ་བསམ་ཁུ།  །༣་ སྡེ་ཆེན་ཐ་རེ་འཐོར་རེ་བོ།  །ཨ་བཟའ་ཚབ་བེ་ཚུབ་བེ་འོ།  །ངས་མི་རྩེ་ཁུལ་བྱེད་དུས་སུ།  །ཁྱོས་ངོ་མ་རྩེ་དགོས་ཨུ་བསམ་ཁུ།  །ཞེས་གོང་གི་གླུ་ཚིག་རྣམས་ནི་སྤྱི་ལོ༢༠༡༠ལོའི་ཟླ༡ ཚེས༡༠ལ་མི་ཉག་གསེར་རྒྱ་སྒོ་ནང་ནས་སྐུ་ནུབ་སྡེ་པའི་ལྕགས་སྐུང་ཚུལ་ཁྲིམས་ལ་གཅར་འདྲི་བྱས་ནས་སྔགས་པ་པད་མ་རྡོ་རྗེས་བཀོད་པའོ།  །

སྐྱོ་སྡུག་གི་གླུ། ༡ ས་མ་འདྲེས་མི་ཡུལ་ལུང་པ་རེད། །ས་འདྲེས་ན་རང་ཡུལ་ལུང་པ་རེད། །མི་མ་འདྲེས་ཁྱོད་དང་ང་རང་རེད། །མི་འདྲེས་ན་ཤ་ཉེ་སྤུན་ཟླ་རེད།  ༢ རི་མཐོ་ན་མི་སྡུག་དམའ་ན་སྡུག  །རི་དམའ་མོར་སྨུག་པ་འཐིབས་ན་སྡུག །རོགས་མེད་ན་མི་སྡུག་ཡོད་ན་སྡུག  །རོགས་ཡོད་ལེ་ཁ་ཐག་རིང་ན་སྡུག  །རོགས་ཐུག་ཐག་རིང་ན་ལྷག་པར་སྡུག །ཅེས་པ་ལྟ་བུའོ། །སྐབས་འགར་རྟ་ལ་ཆིབས་ནས་འགྲོ་སྐབས་དང་། རི་མགོ་མཐོན་པོའི་ཐོག་ནས་སྒྲ་གདངས་མཐོན་པོས་གད་རྒྱངས་སྒྲོགས་ནས་གླུ་ལེན་པ་ལ་རྒྱང་གླུ་ཟེར། སྤྱིར་བཏང་མི་གང་ཞིག་སྣང་བ་སྐྱིད་པའི་སྐབས་སུ་རྒྱང་གླུ་ལེན་བཞིན་ཡོད་པ་རེད། འོན་ཀྱང་སྣང་བ་སྐྱོ་སྐབས་སུ་གླུ་ལེན་པ་ནི་བོད་ཀྱི་གཏམ་དཔེ་ལ། གླུ་སྐྱིད་པོས་མི་ལེན་སྡུག་པོས་ལེན། །ཕོ་སྡུག་པོས་རང་སེམས་གསོ་གླུ་ལེན། །ཞེས་པ་ལྟར་ཡིན་ནོ། །

གླུ་ཤགས་ཀྱི་ངོ་སྤྲོད། དེ་ཡང་གླུ་ཤགས་ཞེས་པ་ནི་གླུ་བ་རེ་རེ་ཁ་གཏད་དུ་ལངས་ནས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱིས་མཚང་འདྲི་བ་དང་། ཟུར་ཟ་དང་འཕྱ་སྨོད། རང་སྟོད་གཞན་སྨོད་སོགས་ཀྱི་ནང་དོན་དག་དཔེ་རུ་དྲངས་ནས་གླུ་བླངས་ཏེ་ཉན་མཁན་རྣམས་ལ་གད་མོ་སློང་བ་དང་སྤྲོ་བ་ཆེན་པོ་བསྐྱེད་ཐུབ་པའི་ཚིགས་བཅད་བརྩམས་ཆོས་ཤིག་སྟེ། དོན་གང་རུང་ཞིག་ལ་དམིགས་ཤིང་ལྡོག་ཟླར་ལངས་ནས་ལན་འདེབས་པ་ཡིན། འདི་ལ་ཚེག་བར་བདུན་དང་བརྒྱད་ཅན་ཤས་ཆེ་ལ་ཤོ་ལོ་ཀ་གཉིས་ཅན་དང་གསུམ་ཅན་བཞི་ཅན་སོགས་གང་རུང་འབྱུང་ཡང་། གླུ་ཤགས་གཅིག་གི་ཤོ་ལོ་ཀའི་ཚིག་རྐང་འདྲ་མཉམ་དང་དོ་མཉམ་པ་ཡིན། དེའི་དཔེར་བརྗོད་རྣམས་གཤམ་གསལ།༡ དྲི་བའི་གླུ། ང་རི་རབ་འཁུར་བའི་མཛོ་ཞིག་ཡོད།  །ཁལ་འགེལ་རྒྱུའི་ནོམ་པ་ཅི་འདྲ་རེད། །ང་རྒྱ་མཚོ་ཁེབས་པའི་འབྲི་ཞིག་ཡོད། །ཁྱོད་བཞོ་མའི་མཐེབ་རྩལ་ཅི་འདྲ་རེད།  །ང་སྲིད་པ་ཆགས་པའི་གླུ་ཞིག་ཡོད།  །གླུ་འདྲི་བའི་བློ་རིག་ཅི་འདྲ་ཡོད། །ཅེས་སོ།  །༢ དྲིས་ལན་གྱི་གླུ། ཁྱོད་ཁྱུང་དཀར་མཛོ་ལ་དགོད་རྒྱུ་ཡོང་། །གསེར་ཕ་བོང་ཁུར་མཁན་ཁོ་ཡིན་ཟེར། །ཁྱོས་སྒལ་ཚིགས་ཉོག་སེ་གཏོང་བྱེད་རེད།  །ཁྱོད་ཐུལ་དཀར་འབྲི་མོར་བཞོ་རྒྱུ་ཡོང་། །ཕྱིའི་རྒྱ་མཚོའི་བཞོ་རྒྱུ་མོ་ཡིན་ཟེར།  །ཁྱོའི་ནུ་མ་སྟོང་བ་ཕུད་བྱེད་རེད།  །ཁྱོད་གླུ་མེད་བྱི་ལིར་དགོད་རྒྱུ་ཡོང་། །གླུ་སྲིད་པའི་ལེན་མཁན་ཁོ་ཡིན་ཟེར།  །ཁྱོད་ད་ཐེངས་ཨུག་སེ་འདུག་བྱེད་རེད།  །ཅེས་པ་སོགས་སྤྱིར་གླུ་ཤགས་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་དོ།།

གླུ་ཤགས་བཀྱེ་ཚུལ།༡ ཁྱོད་རྒྱང་གི་ཡོང་ནས་མི་ཞིག་རེད།  །ཟུར་ལ་ཐོན་དུས་ཟོག་ཅིག་རེད།  །རྔ་མ་བཀྱགས་དུས་རྔོ་བོ་རེད།  །རྔ་བཀྱོག་རྔོ་བོ་ངོ་རེ་ཚ།  །༢ ཁྱོད་ལ་མགོ་རྫི་བོ་ཨེ་སོང་བ།  །ཁྱོས་སྤྱང་ཀི་ཁ་ཆེ་ཨེ་རིག་ཟིན།  །ཁ་དེ་ཚོ་དེ་དང་རང་བཞིན་རེད།  །༣ ཁྱོད་ཆུ་ཁ་ཆུ་ལེན་ཨེ་སོང་ཟིན།  །ཁྱོས་ཆུ་རྡོ་སྔོ་རིལ་ཨེ་རིག་ཟིན།  །ཁྱོའི་ཁ་ངོ་དེ་དང་རང་བཞིན་རེད།  །༤ ཁྱོད་གླུ་མེད་གླུ་དགའ་ཚ་རྒྱུ་དེ།  །ཁ་ཁུག་ལུ་བསྡུས་པའི་སྔ་ལྟས་རེད།  །༥ སྦྲ་ཞོལ་མེད་སྒང་གི་ཕུབ་རྒྱུ་བོའི།  །རླུང་བསེར་བུས་ཁྱེར་བའི་སྔ་ལྟས་རེད།  །༦ རྟ་ཤེད་མེད་རྒྱུག་དགའ་ཆེ་ནི་བོ།  །བྱ་ཁྭ་ཏས་བཏོགས་པའི་སྔ་ལྟས་རེད།  །༧ ངས་རྟ་རྐོ་དམར་པོའི་ལྷམ་ཞིག་བཟོས།  །གྱོན་མཁན་མ་རག་ལོ་གསུམ་རེད།  །དེ་རིང་གླུ་བ་ཁྱེད་ལ་བསྐོན།  །༨ ངས་རི་བོང་ལྤགས་པས་ཞྭ་ཞིག་དྲུབ།  །གྱོན་མཁན་མ་རག་ལོ་གསུམ་རེད།  །དེ་རིང་གླུ་བ་ཁྱེད་ལ་རྐོན།  །༩ ངས་རམ་བུ་དམར་པོའི་ཆང་ཞིག་བཙོས།  །ཁྱི་སྐྱག་དཀར་པོའི་ཕབས་ཤིག་བྱས།  །བླུག་ས་མ་ལོན་ལོ་གསུམ་རེད།  །དེ་རིང་གླུ་བ་ཁྱེད་ལ་བླུག  །༡༠ མགོ་རིལ་རིལ་ཤིག་གི་རྒྱ་མདུད་ཅན།  །ཁྱོད་ཚ་ཆུ་ཁ་ཡི་ལོ་གསུམ་སྡོད། །ད་གཟོད་ཤོག་དང་གླུ་ཤགས་ཚད།  །

དྲིན་ཆེན་ཕ་མར་བསྟོད་གླུ།  འབྲི་དཀར་པོ་མ་ལོ་མ་རེད་དེ།  །དཀར་འོ་ཞོ་རིག་དུས་མ་ལོ་དྲན།  །རྟ་འདོ་བ་ཕ་ལོ་མ་རེད་དེ།   །འགྲོས་གོམས་པ་རིག་དུས་ཕ་ལོ་དྲན།  །ལུག་གཡང་དཀར་སྲིང་མོ་མ་རེད་དེ།  །བལ་སྣམ་འབུ་གྱོན་དུས་སྲིང་མོ་དྲན།  །བྱང་ཨ་ལེ་ལ་མོ་ཅི་བསམ་འགྲུབ།  །ཚེ་རིང་རྒྱུའི་ལ་མོའི་དོན་འགྲུབ་དགོས།  །

 གཞས་ཀྱི་ངོ་སྤྲོད་མདོར་བསྡུས། སྤྱིར་གཞས་ནི་ཁམས་དང་དབུས་གཙང་ཕྱོགས་ཀྱི་ས་གནས་སོ་སོར་དར་ཁྱབ་ཆེ་བའི་ཡུལ་གླུ་ཞིག་སྟེ། ངལ་རྩོལ་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། ཐོན་སྐྱེད་ངལ་རྩོལ་བཅས་སྤྱི་ཚོགས་ཀྱི་སྣང་ཚུལ་མཐའ་དག་མཚོན་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ཡིན། མང་ཆེ་བ་ཚེག་བར་དྲུག་དང་ལྡན་པ་ཤས་ཆེ་ཞིང་ཤོ་ལོ་ཀ་གཅིག་ལས་མེད། ཤོ་ལོ་ཀ་གཅིག་གི་ཚིག་རྐང་གཉིས་ལས་གཞས་རེ་གྲུབ་པ་དང་། འགྱུར་ཁུག་གཏོང་ལུགས་ཀྱང་ཤིན་ཏུ་བདེ། རྩོམ་གཤིས་ལེགས་ཤིང་བརྗོད་བྱའི་ནང་དོན་སྤྱི་ཚོགས་འཚོ་བའི་ཁྱབ་ཁོང་ས་ཀུན་དང་འབྲེལ་ཡོད་དེ། བརྗོད་བྱའི་ནང་དོན་གྱི་ཆ་ནས་དབྱེ་བ་དཔེར་ན། ༡ གྲལ་རིམ་འཐབ་རྩོད་མཚོན་པའི་གཞས། ༢ སྲིད་དོན་དང་འབྲེལ་བའི་གཞས། ༣ རྒྱལ་གཅེས་ཀྱི་རྣམ་པ་མཚོན་པའི་གཞས། ༤ ཟུར་ཟ་བྱེད་པའི་གཞས། ༥ ཆང་གཞས། ༦ ལས་གཞས། ༧ ཚིག་རྒྱག་གི་གཞས། ༨ མདའ་གཞས། ༩ མཛའ་གཞས་ལྟ་བུ་བཅས་སོ། །ཡུལ་དང་རྣམ་པའི་ཆ་ནས་དབྱེ་བ་ན། (༡)ལྷ་སའི་གཞས་ཆེན། (༢) ཁམས་ཕྱོགས་ཀྱི་སྒོར་གཞས། (༣) ལྷ་སའི་ནང་མའི་གཞས། (༤)ངལ་རྩོལ་གྱི་གླུ་གཞས་དང་བྱིས་པའི་གཞས་ལྟ་བུ་སོགས་ཡོད་ཀྱང་འདིར་རེ་རེ་ནས་མ་བྲིས་རྒྱས་པར་ཤེས་འདོད་ན། མི་རིག་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི་འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད་གཉིས་ཀྱིས་བརྩམས་པའི་དཔེ་ཆ། བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་པའི་ལྡེབ་མ༡༨༡ནས༢༠༠བར་ལ་ལྟོས་དང་ཤེས་པར་འགྱུར་རོ། །

མཛའ་གཞས་སམ་ཨ་ལོང་མོ་འདེབས།

དེ་ཡང་ལ་གཞས་ནི་དམངས་ཁྲོད་ཀྱི་གླུ་གཞས་རིགས་ཤིག་ཡིན་ལ། ནང་དོན་ཕལ་ཆེ་བ་འདོད་པའི་ཕོ་མོའི་བརྩེ་དུང་སྟོན་པའི་ཚིག་འབྲུ་དྲུག་རེ་ཅན་གྱི་ཤོ་ལོ་ཀ་ཞིག་ལ་ཟེར། དེ་དག་གི་མིང་གི་རྣམ་གྲངས་ལ་དབྱེ་ན། ལ་གཞས་དང་མཛའ་གཞས། མགུར་མོ། ཨ་ལོང་མོ་འདེབས་བཅས་ཟེར་སྲོལ་ཡོད་ལ། གླུ་དང་ལ་གཞས་ལ་ཁྱད་པར་ཅི་ཡོད་ཅེ་ན། གླུ་ཡིན་ན་བརྒྱད་ཚིག་ཡིན་པ་དང་། ལ་གཞས་སམ་ཨ་ལོང་མོ་འདེབས་ཡིན་ན་ཚིག་དྲུག་རེ་ཡིན་ལ། གཞས་གཏོང་སྐབས་གླུ་ངག་དང་མི་འདྲ་བའི་གཞས་གདངས་རིགས་མི་འདྲ་བ་མང་པོ་ཡོད། གླུ་ཤགས་ཚད་པ་ནང་བཞིན་གཞས་ཤགས་ཀྱང་ཚད་ཆོག་པ་རེད། མགུར་མོའམ་ཨ་ལོང་མོ་འདེབས་བྱེད་སྐབས། གཞོན་ནུ་ཕོ་མོ་མང་ཙམ་ཞིག་མཉམ་དུ་འདུས་ཡོང་ནས་དེ་དག་སོ་སོའི་ཨ་ལོང་ངམ་ཅ་ལག་སྣ་ཁ་རེ་མི་རེ་རེ་ལ་བསྡུ་དགོས། གཅིག་རང་ཉིད་མཚོན་བྱེད་དང་། གཅིག་དེ་རང་དང་འབྲེལ་བ་ཡོད་པའི་ཕོའམ་མོ་རང་སེམས་ཤོར་བའི་མི་དེ་མཚོན་བྱེད་དུ་འཇོག  རང་རང་གི་དགའ་ས་མི་གང་འཇོག་རང་གིས་ངོས་སྦྱོར་བྱེད་ཆོག་ལ། གལ་སྲིད་ངོ་ཚ་ནས་རང་གིས་དགའ་ས་འཇོག་དགོས་པ་དེ་བཤད་མ་ཐུབ་ན། གཞན་རྣམས་ཀྱིས་ཁོ་རང་དང་འབྲེལ་བ་ཡོད་པའི་མི་སུ་འདྲ་ཞིག་ངོས་སྦྱོར་བྱས་ནའང་འགྲིག་གི་རེད། དེ་ནས་མི་གང་རུང་ཞིག་མགུར་མོ་འཐེན་མཁན་གདམས་དགོས། མི་གཞན་གཉིས་ཀྱིས་མི་སོ་སོ་མཚོན་བྱེད་ཀྱི་ཅ་ལག་རྣམས་འཛིན་དགོས་ཤིང་། མགུར་མོ་ལེན་མཁན་གྱིས་མི་མཐོང་བར་བྱས་ཏེ་ལག་གཡས་གཡོན་གཉིས་སུ་ཕོ་མོ་གཉིས་པོ་སོ་སོ་མཚོན་བྱེད་ཀྱི་ཅ་ལག་གཉིས་བཟུང་ནས། མགུར་མོ་ལེན་མཁན་ལ་ལག་པ་གཡས་གཡོན་སོ་སོ་བསྟན་ནས་མགུར་མོ་ལེན་བཅུག་ཅིང་། མགུར་མོ་ལེན་མཁན་གྱིས་དེ་ལ་དགའ་བར་མཚོན་བྱེད་དང་། དེ་བཞིན་དུ་ཁྲོ་བ་མཚོན་པ། བསྟོད་པ། སྨད་པ། ཁྲེལ་བ། བརྩེ་བ་སོགས་མཚོན་བྱེད་ཀྱི་ལ་གཞས་སྣ་ཚོགས་བཏང་ཟིན་རྗེས། ལག་པ་ཁ་ཕྱེས་ནས་མི་སུ་དང་སུ་ཡིན་པ་བསྟན་ཅིང་། ཕོ་མོ་སོ་སོས་གཞས་གང་འདྲ་བཏང་ཡོད་པ་བརྟགས་ཤིང་ཁོ་ཚོ་དང་ཕན་ཚུན་འཕྱ་རེས་དང་ཀུ་རེ་བྱས་ནས་གད་མོ་སློང་བ་དང་། ཕོ་མོ་ལོ་ཆུང་ཚོའི་བར་དུ་དགའ་རོགས་སྒྲིག་བྱེད་ཀྱི་ཐག་པ་འཐེན་བྱེད་ཀྱི་ལག་ཆ་ཆེས་བཟང་པོ་ཞིག་ཀྱང་ཡིན་ནོ། །

ཨ་ལོང་མོ་འདེབས་བྱེད་ལུགས། 

དགའ་བའི་ལ་གཞས། ༡  ཁྱོད་ནི་ང་ལ་དགའ་བསམ།  །ང་ནི་ཁྱོད་ལ་དགའ་བསམ།  །ཕར་དགའ་ཚུར་འདོད་ཡོད་ན།  །ལས་འབྲེལ་བཞག་ན་ཆོག་འདུག  །༢ ཁྱོད་ཀྱིས་ང་ལ་ལྟ་དུས།  །ཤེལ་སྒོ་ནང་ནས་ལྟ་ཤོག  །ང་ཡིས་ཁྱོད་ལ་འབོད་དུས།  །རྒྱ་གླིང་ནང་ནས་འབོད་ཡོང་།  །༣ ཆུང་འདྲེས་ཁྱོད་ལ་ཅི་དགོས།  །ང་ལ་འདི་དགོས་གསུངས་དང་།  །ནམ་མཁའི་སྐར་མ་དགོས་ན།  །སྐས་བརྒྱ་བཙུགས་ནས་ལེན་འོང་།  །༤ ཆུང་འདྲེས་ང་གཉིས་འདྲེས་འདྲེས།  །ཤ་དང་རུས་པ་འདྲེས་འདྲེས།  །རྒྱ་གྲི་ཡོ་དཀར་མེད་ན།  །ཁ་ཁ་ཕྱེ་ས་མ་རེད།  །༥ ཆུང་འདྲེས་ང་གཉིས་འདྲེས་འདྲེས།  །ནས་དང་ཕུ་མ་འདྲེས་འདྲེས།  །རྒྱལ་པོའི་རླུང་འཁོར་མེད་ན།  །ཁ་ཁ་ཕྱེ་ས་མ་རེད། །༦ ཆུང་འདྲེས་ང་གཉིས་འདྲེས་འདྲེས།  །ཆུ་དང་འོ་མ་འདྲེས་འདྲེས།  །རྒྱ་ནག་རུས་སྦལ་མེད་ན།  །ཁ་ཁ་ཕྱེ་ས་མ་རེད། །

དགའ་བའི་ལ་གམི་ཞས། ༡ ཁྱེད་ནི་བླ་མ་ཡིན་ན།  །བཞུགས་ཁྲི་ཐོག་ལ་བཞུགས་རོགས།  །ང་རང་མེ་ཏོག་སེར་ཆེན། །དབྱར་དགུན་ཕྱེས་ནས་སྐྱེས་འོང་། །༢་ ཕ་རོལ་སྤང་གདན་སྟེང་ལ། །སྐྱ་ཀ་འགྲོ་ལུགས་མཁས་པ། །འགྲོ་ལུགས་ཅི་ཙམ་མཁས་ན། །ལྟད་མོ་ལྟ་མཁན་མི་འདུག །༣་ བྱ་ཐན་ཁ་ཏྭ་ནག་ཆུང་། །ལུང་པ་ཕུགས་ནས་འོང་ཐལ། །ཁ་བཟང་ཚིག་གཅིག་མི་འདུག །གཏམ་ངན་ལུང་པ་གང་རེད། །༤་ རྒྱ་མཚོ་ཆུ་མིག་ཁ་ལ། །ཁ་བཀྲུ་ལག་བཀྲུ་བྱས་ཡོད། །ཀླུ་རྒྱལ་གཙུག་ན་རིན་ཆེན། །འཁྲུག་རྒྱུ་ཡོད་ན་འཁྲུགས་ཤོག  །༥་ རྒྱ་ཡི་མི་ནི་མ་རེད། །བོད་ཀྱི་མི་ནི་མ་རེད། །ཐན་གྱི་ཨ་རྒས་སྤྲེའུ། །ས་ཕྱོགས་གང་ནས་འོང་ཟིན།  །༦་ ཕ་རོལ་ཐང་ཆེན་དཀྱིལ་ན། །ར་མ་ལུག་གིས་གང་ཡོད། །ཡ་འགྲོ་མ་འགྲོ་མ་བཟོ། །སྟག་མ་གཟིག་གིས་ཁུར་འགྲོ། །

བསླབ་བྱའི་ལ་གཞས།༡ དབྱར་ཁ་སྤང་ལ་མ་འགྲོ། །སྤང་ལ་འདྲེད་རྡོག་རྒྱག་ཤེས། །མི་ངན་ཁ་ལ་མ་ཉན། །རང་སེམས་ཁ་ཁ་འགྲོ་ཤེས། །༢  གཅིག་སེམས་གཅིག་ལ་བསྟེན་ཡོད། །གཉིས་སེམས་སྒོ་ལྕགས་བརྒྱབ་ཡོད། །ལྡེ་མིག་ལྡེ་འདྲ་ཨེ་ཡོད། །ཆུང་འདྲེས་ཁྱོད་ཀྱིས་ཤེས་འདུག །༣ སྒོ་ལྕགས་སྒོ་ལ་རྒྱབ་ཡོད།  །ལྡེ་མིག་གློ་ལ་བཏགས་ཡོད། །དེ་ལ་ལྡེ་འདྲ་ཡོད་མེད་། །ཆུང་འདྲེས་ཁྱོད་ཀྱིས་གོ་དགོས།  །༤ རྟ་ཕོ་རྟ་ནག་རྒོད་ཕྲུག །ཤི་ན་འགྱོད་པ་མི་འདུག །ལྷ་རྟ་རྐྱང་རྒོད་ངེད་གཉིས། །སྒ་ཆ་བསྒྲིགས་ནས་བཞག་ཡོད། །༥ ཆུ་མིག་གར་ཡོད་ས་ལ། །ཟམ་ཆུང་བཙུགས་སྔ་མ་བྱེད། །ཐ་མ་ཆུ་ལོག་འོང་དུས། །ཟམ་ཆུང་གང་ཁྱེར་མི་ཤེས། །༦ ཨ་ལུང་མ་རྩ་དངུལ་རེད། །ཕྲ་ཁུང་རིན་ཆེན་གསེར་རེད། །ལས་དབང་ཅན་གྱིས་རྒྱག་རྒྱུ། །ལས་འབྲེལ་ཅན་གྱིས་རྡུང་དགོས། །༧ རྒྱ་མེད་དར་རྩེ་མདོ་ལ། །དབྱར་ཟླ་མིན་པའི་དགུན་ཟླ། །ཆུང་འདྲེས་ངེད་གཉིས་བར་ལ། །ལུས་འབྲེལ་མེད་པས་མི་ཁ། །༨ ཆུང་འདྲེས་ང་གཉིས་འདྲེས་ས། །ཨོ་རོ་ཤུལ་གྱི་ནགས་རེད། །བྱ་དང་འཇོལ་མོ་མ་གཏོགས། །མགོ་ནག་མི་ཡིས་མི་གོ། །༩ བློ་བདེ་ལྕགས་ཟམ་ཁ་ལ། །ཤོག་གུའི་གུར་ཞིག་ཕུབ་ཡོད། །ཆར་པ་ལན་གསུམ་བབས་ནས། །ཁོག་སྟོད་ཁོག་སྨད་བུད་སོང་། །ཨ་མདོའི་ལ་གཞས།༡༠ ང་ཕ་རིའི་ཕྱོགས་ཀྱི་བྱི་ལི།  །ང་ཚུར་རིའི་བྱི་མོར་རྩེ་ནས།  །ཁ་ལ་གཞས་ཅན་ཞིག་མིན་ད།  །ནང་ན་ཟླ་འགོ་ཞིག་བསླངས་ནི་ཡིན།  །དབུས་གཙང་གི་ལ་གཞས།༡༡ ལྷ་སའི་མི་ཚོགས་མཐུག་ལ། །འཕྱོངས་རྒྱས་མི་སྤས་དག་ལ།  །ང་ལ་ཡོད་པའི་ཆུང་འདྲེས།  །འཕྱོངས་རྒྱས་གཞུང་ལ་ཡོད་དོ། །ཞེས་པ་ལྟ་བུ་སོགས་ཡིན་ནོ།།

བྲོ་མགོ་འཇོག་སྟངས།

༡ དང་པོ་བྲོ་ཞིག་མ་འཆམ། །དང་པོ་བྲོ་ཞིག་འཆམ་ཡོད། །དང་པོ་བྲོ་ཞིག་འཆམ་ས། །ས་ཕྱོགས་རྒྱ་གར་ཡུལ་ལ། །རྒྱ་གར་ཆོས་ཀྱི་རྒྱལ་པོ། །བྲོ་དང་གླུ་ལ་དགའ་སོང་། །གླུ་དང་བྲོ་ལ་དགའ་ནས། །བྲོ་ཡི་མཆོད་པ་ཕུལ་ཡོད།  །

༢ གཉིས་པ་བྲོ་ཞིག་མ་འཆམ། །གཉིས་པ་བྲོ་ཞིག་འཆམ་ཡོད། །གཉིས་པ་བྲོ་ཞིག་འཆམ་ས། །ས་ཕྱོགས་རྒྱ་ནག་ཡུལ་ལ། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ། །གླུ་དང་བྲོ་ལ་དགའ་སོང་། །གླུ་དང་བྲོ་ལ་དགའ་ནས། །བྲོ་ཡིས་མཆོད་པ་ཕུལ་ཡོད། །

༣  གསུམ་པ་བྲོ་ཞིགའཆམ། །གསུམ་པ་བྲོ་ཞིག་འཆམ་ཡོད། །གསུམ་པ་བྲོ་ཞིག་འཆམ་ས། །ས་ཕྱོགས་མི་ཉག་ཡུལ་ལ། །མི་ཉག་ནས་ཀྱི་རྒྱལ་པོ། །གླུ་དང་བྲོ་ལ་དགའ་སོང་། །གླུ་དང་བྲོ་ལ་དགའ་ནས། །བྲོ་ཡིས་མཆོད་པ་ཕུལ་ཡོད། །བླ་དཔོན་ཆེ་ཁག་བསུ་བའི་བྲོ་ཚིག

༡ ཚེས་པ་ཚེས་གཅིག་ཚེས་གཉིས། །ཚེས་གསུམ་སྐར་མ་བཟང་པོ། །སྐལ་བཟང་དུས་བཟང་ཐོག་ལ། །བླ་མ་ཚུར་ལ་ཕེབས་ཡོད། །བླ་མ་ཚུར་ལ་ཕེབས་ཁར། །དུང་དང་རྒྱ་གླིང་བུས་ཡོད། །བླ་མས་བཀའ་ཆོས་གནང་ནས། །དབང་སྐུར་ཟབ་མོ་ཐོབ་ཡོད། །༢ ཚེས་པ་ཚེས་གཅིག་ཚེས་གཉིས། །ཚེས་གསུམ་སྐར་མ་བཟང་པོ། །སྐལ་བཟང་དུས་བཟང་ཐོག་ལ། །དཔོན་པོ་ཚུར་ལ་ཕེབས་ཡོད། །དཔོན་པོ་ཚུར་ལ་ཕེབས་ནས། །ཁྲིམས་སོགས་ཇུས་བཀོད་གནང་ཡོད། །༣ ཚེས་པ་ཚེས་གཅིག་ཚེས་གཉིས། །ཚེས་གསུམ་སྐར་མ་བཟང་པོ། །སྐལ་བཟང་དུས་བཟང་ཐོག་ལ། །ཕ་མ་ཚུར་ལ་ཕེབས་ཡོད། །ཕ་མ་བཟང་པོ་ཕེབས་ནས། །ཁ་ཏ་བསླབ་སྒོ་གནང་ཡོད། །

འཛོམས་བྲོ་དང་སྐྱིད་བྲོ།༡ དགུང་ཨ་སྔོན་ཨུ་སྐྱིད་སྐྱིད་པའི་ས། །གསེར་ཉི་ཟླ་ཨུ་འཛོམས་འཛོམས་པའི་ས། །གར་གླུ་བྲོ་འཛོམས་པའི་སྨོན་ལམ་ཤོག  །༢ བྲག་དཀར་ཡག་ཨུ་སྐྱིད་སྐྱིད་པའི་ས། །རྒོད་ཐང་དཀར་ཨུ་འཛོམས་འཛོམས་པའི་ས། །རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག །གྲོང་རྒྱས་གྲོང་ཨུ་སྐྱིད་སྐྱིད་པའི་ས། །རང་མིང་སྲིང་ཨུ་འཛོམས་འཛོམས་པའི་ས། །གླུ་ཉམས་དགའ་འཛོམས་པའི་སྨོན་ལམ་ཤོག །

༡ མི་རིགས་མི་སྣ་མ་འཛོམས། །མི་རིགས་མི་སྣ་འཛོམས་ཡོད། །མི་རིགས་མི་སྣ་འཛོམས་ས། །ལྷ་སའི་ཇོ་བོའི་སྐུ་མདུན། །ཇོ་བོ་འདི་ཡི་ཐུགས་རྗེས། །མི་རིགས་མི་སྣ་འཛོམས་ཡོད། །༢ ཤིང་རིགས་ཤིང་སྣ་མ་འཛོམས།  །ཤིང་རིགས་ཤིང་སྣ་འཛོམས་ཡོད།  །ཤིང་རིགས་ཤིང་སྣ་མ་འཛོམས་ས།  །ལྷ་སའི་བསང་ཁང་ཁྲ་མོ། །བསང་ཁང་འདི་ཡི་ཐུགས་རྗེས། །ཤིང་རིགས་ཤིང་སྣ་འཛོམས་ཡོད། །༣ ཆུ་རིགས་ཆུ་སྣ་མ་འཛོམས། །ཆུ་རིགས་ཆུ་སྣ་འཛོམས་ས། །ལྷ་སའི་བུམ་པའི་ཁ་ལ། །བུམ་པ་འདི་ཡི་ཐུགས་རྗེས། །ཆུ་རིགས་ཆུ་སྣ་འཛོམས་ཡོད། །

སྐྱེལ་བྲོའམ་འགྲོ་བྲོ།༡ དགུང་ཨ་སྔོན་ལ་མོ་མཐོན་པོ་རེད།  །གསེར་ཉི་ཟླ་མི་སྡོད་འགྲོ་ཆས་རེད།  །གསེར་ཉི་ཟླ་མ་འགྲོ་བཞུགས་རོགས་ཞེས།  །ཁྱོད་འགྲོ་ན་ལ་མོ་སྟོང་པ་རེད།  །༢་ བྲག་དཀར་ཡག་ལ་མོ་མཐོན་པོ་རེད།  །རྒོད་ཐང་དཀར་མི་སྡོད་འགྲོ་ཆས་རེད།  །རྒོད་ཐང་དཀར་མ་འགྲོ་བཞུགས་རོགས་ཅེས།  །ཁྱེད་འགྲོ་ན་བྲག་དཀར་སྟོང་པ་རེད།  །༣ གྲོང་རྒྱ་གྲོང་ལ་མོ་མཐོན་པོ་རེད།  །རོགས་མིང་སྲིང་མི་སྡོད་འགྲོ་ཆས་རེད།  །རོགས་མིང་སྲིང་མ་འགྲོ་བཞུགས་རོགས་ཀྱིས།  །ཁྱེད་འགྲོ་ན་རྒྱ་གྲོང་སྟོང་པ་རེད། །

བཀྲ་ཤིས་སྨོན་ལམ་གྱི་བྲོ། ༡ གཙང་བཀྲ་ཤིས་ལ་ཡི་ལ་འགོ་ལ།  །གསེར་རྐྱང་རྐྱང་བུམ་པ་བཅུ་གསུམ་འཁྲུངས།  །ཚེ་རིང་བའི་བུམ་ཆུ་མཉམ་འཐུང་བཟོ།  །བཀྲ་ཤིས་པའི་ཁ་དར་མཉམ་ལེན་བྱེད།  །༢ གཙང་བཀྲ་ཤིས་ལ་ཡི་ལ་སྐེད་ལ།  །དངུལ་རྐྱང་རྐྱང་བུམ་པ་བཅུ་གསུམ་འཁྲུངས།  །ཚེ་རིང་བའི་བུམ་ཆུ་མཉམ་འཐུང་བཟོ།  །བཀྲ་ཤིས་པའི་ཁ་དར་མཉམ་ལེན་བྱེད།  །༣ གཙང་བཀྲ་ཤིས་ལ་ཡི་ལ་མདའ་ལ།  །གཡུ་རྐྱང་རྐྱང་བུམ་པ་བཅུ་གསུམ་འཁྲུངས།  །ཚེ་རིང་བའི་བུམ་ཆུ་མཉམ་འཐུང་བཟོ།  །བཀྲ་ཤིས་པའི་བྲོ་ར་མཉམ་སྐོར་བྱེད།  །༡ ས་ཨ་དམ་ཡང་དམ་རྒྱས་དམ་གསུམ།  །ས་རྒྱས་དམ་ལ་མགོ་བྱ་གསུམ་བབས།  །བྱ་ཡག་པོ་རྨ་བྱའི་འཇའ་རིས་རེད།  །སྒྲོ་ཡག་པོ་བུམ་པའི་ཁ་རྒྱན་བཞག  །༢ ས་ཨ་དམ་ཡང་དམ་རྒྱས་དམ་གསུམ།  །ས་རྒྱས་དམ་ལ་སྐེད་བྱ་གསུམ་བབ།  །བྱ་ཡག་པོ་ཐང་དཀར་རྒོད་ཕྲུག་རེད།  །སྒྲོ་ཡག་པོ་མདའ་མོའི་མདའ་སྒྲོ་བཞག  །༣ ས་ཨ་དམ་ཡང་དམ་རྒྱས་དམ་གསུམ། །ས་རྒྱས་དམ་ལ་མགོ་བྱ་གསུམ་བབ། །བྱ་ཡག་པོ་ཁུ་བྱུག་སྔོན་པོ་རེད། །སྐད་ཡག་པོ་ལུང་པའི་རྒྱན་ཆ་བཞག  །

སྨོན་ལམ་གྱི་ཞབས་བྲོ།   ༡ ལྷ་སའི་རི་ལ་སྨོན་ལམ་ཚིག་གསུམ་བཏབ།   །སྨོན་ལམ་འགྲུབ་པས་གསེར་གྱི་པ་ཊ་བཞག  །ལས་དབང་མཐུན་པས་ཇོ་བོ་ཞལ་གསེར་བཏང་།  །༢ རྒྱ་ནག་ཡུལ་ལ་སྨོན་ལམ་ཚིག་གསུམ་བཏབ།  །སྨོན་ལམ་འགྲུབ་པས་རྒྱ་ཇ་ནག་པོ་འཁྲུངས།  །རྟེན་འབྲེལ་འགྲུབ་པས་ཁྱུང་ཁལ་མཛོ་ལ་བཀལ།  །ལས་དབང་མཐུན་པས་ཚོགས་ཆེན་མང་ཇ་བཏང་། །༣ མི་ཉག་ཡུལ་ལ་སྨོན་ལམ་ཚིག་གསུམ་བཏབ།  །སྨོན་ལམ་འགྲུབ་པས་འབྲུ་རིགས་སྣ་ལྔ་འཁྲུངས།  །རྟེན་འབྲེལ་འགྲུབ་པས་ཞིམ་པོའི་ཇ་ཆང་བཙོས།  །ལས་དབང་མཐུན་པའི་བཞུགས་གྲལ་རྣམས་ལ་བཏང་།  །

གཡང་འབོད་ཀྱི་བྲོ།༡ དགུང་ཨ་སྔོན་གཡང་གཞི་གཡང་འཁོར་ནང་། །གསེར་ཉི་ཟླ་གཡང་ལ་མདའ་དར་བཙུགས། །གར་གླུ་བྲོ་འདོད་དོན་ཕུན་སུམ་ཚོགས། །༢ བྲག་དཀར་ཡག་གཡང་གཞི་གཡང་འཁོར་ནང་། །རྒོད་ཐང་དཀར་གཡང་ལ་མདའ་དར་བཙུགས། །རྒྱབ་གཤོག་སྒྲོ་འདོད་དོན་ཕུན་སུམ་ཚོགས། །༣ གྲོང་རྒྱ་གྲོང་གཡང་གཞི་གཡང་འཁོར་ནང་། །རང་མྱིང་སྲིང་གཡང་ལ་མདའ་དར་བཙུགས། །གླུ་མཉམ་དགའ་འདོད་དོན་ཕུན་སུམ་ཚོགས། །

 བཀྲ་ཤིས་ཁ་དར་འཐེན་བྲོ།༡ ཉི་མ་ཤར་ས་ཨ་སྔོན་དགུང་ནས་རེད།  །ཉི་རྩེ་ཕོག་ས་བླ་མའི་གཟིམ་ཁང་རེད།  །གཟིམ་ཁང་ཡག་པོ་གསེར་གྱི་པ་ཊ་རེད།  །༢ ཟླ་བ་ཤར་ས་ཨ་སྔོན་དགུང་ནས་རེད།  །ཟླ་ཟེར་ཕོག་ས་དཔོན་པོའི་གཟིམ་ཁང་རེད།  །གཟིམ་ཁང་ཡག་པོ་དངུལ་གྱི་པ་ཊ་རེད། །༣ ཨ་སྔོན་ལ་འདབས་སྨིན་དྲུག་བཀྲ་ས་རེད།  །སྨིན་དྲུག་བཀྲ་ས་ཕ་མའི་གཟིམ་ཁང་རེད།  །གཟིམ་ཁང་ཡག་པོ་གཡུ་ཡི་པ་ཊ་རེད།  །བཀྲ་ཤིས་བྲོ་ར་བདེ་མོ་ཤོག  །ཅེས་པ་འདིའི་བྲོ་ཚིག་རྣམས་ནི་མི་ཉག་ས་བདེའི་ལག་འོག་གྲོང་པའི་བྲོ་མཁན་ནམ་བྲོ་དཔོན་ཚེ་པོའི་ངག་རྒྱུན་ལྟར་སྤྱི་ལོ༢༠༡༠ལོའི་ཟླ༡ཚེས༡༠ལ་གསེར་རྒྱ་སྒོ་ནང་ནས་མཚོ་བྱུང་བཞད་པའི་གེ་སར་གྱིས་ཡི་གེ་བཀོད་པའོ། །

བྲོ་ཤགས་ཀྱི་ཚིག་གི་དཔེར་བརྗོད།

ཀ དྲི་བའི་བྲོ། ༡ དགུང་ཨ་སྔོན་མ་བདེ་གདན་ཞིག་རྒྱབ།  །གསེར་ཉི་ཟླ་གདན་ཐོག་ནོར་བུ་བཞུགས།  །སྐར་སྨིན་དྲུག་ནོར་བུ་རྒྱན་ཆ་བཞག  །བྲག་དཀར་ཡག་མ་བདེ་གདན་ཞིག་རྒྱབ།  །རྒོད་ཐང་དཀར་གདན་ཐོག་ནོར་བུ་བཞུགས།  །རྒྱབ་གཤོག་སྒྲོ་འཛོམས་པའི་རྒྱན་ཆ་བཞག  །གྲོང་རྒྱས་གྲོང་མ་བདེ་གདན་ཞིག་རྒྱབ།  །རང་མིང་སྲོང་འཛོམས་པའི་རྒྱན་ཆ་བཞག  །གླུ་ཉམས་དགའ་འཛོམས་པའི་སྨོན་ལམ་ཤོག  །ཁ  དྲིས་ལན་གྱི་བྲོ། ༢ དགུང་ཨ་སྔོན་སྦྲ་ཆེན་ས་ལ་ཕུབ།  །གསེར་ཉི་ཟླ་འབྲི་བརྒྱ་མཐའ་ནས་བསྐོར།  །དཀར་གླུ་བྲོ་འོ་མས་རྒྱ་མཚོ་འཁྱིལ།  །བྲག་དཀར་ཡག་སྦྲ་ཆེན་ས་ལ་ཕུབ།  །རྒོད་ཐང་དཀར་འབྲི་བརྒྱ་མཐའ་ནས་བསྐོར།  །རྒྱབ་གཤོག་སྒྲོ་འོ་མའི་རྒྱ་མཚོ་འཁྱིལ།  །གྲོང་རྒྱས་གྲོང་སྦྲ་ཆེན་ས་ལ་ཕུབ།  །རང་མིང་སྲིང་བྲོ་ར་མཐའ་ནས་སྐོར།  །གླུ་ཉམས་དགའ་འཛོམས་པའི་སྨོན་ལམ་ཤོག 

༡ ཞེ་བ་གངས་རི་མཐོན་པོ།  ། བང་ཆེན་གསེར་གྱི་ས་གཞི།  །མགྲོན་པོ་ཐང་དཀར་ང་གཉིས།  །མ་རྨོས་པ་ཡི་ལོ་ཐོག  །ཡུལ་རབ་པད་མ་འདབ་བརྒྱད།  །སྲིད་པ་ཆགས་པའི་ནས་འབྲུ།  །ཞེ་བ་བྲ་ར་མཐོན་པོ།  །བང་ཆེན་གསེར་གྱི་ས་གཞི།  །མགྲོན་པོ་ཐང་དཀར་ང་གཉིས།  །མ་རྨོས་པ་ཡི་མེ་ཏོག  །གཤོག་སྒྲོ་པད་མ་འདབ་བརྒྱད།  །སྲིད་པ་ཆགས་པའི་ནས་འབྲུ།  །ཞེ་བ་རྒྱས་གྲོང་ཕྲ་མོ།  །བང་ཆེན་གསེར་གྱི་ས་གཞི།  །མགྲོན་པོ་རང་གཉིས་མིང་སྲིང་།  །མ་རྨོས་པ་ཡི་ལོ་ཐོག  །གླུ་དང་རྩེད་མོ་ཉམས་དགའ།  །སྲིད་པ་ཆགས་པའི་ནས་འབྲུ།  །༢ ས་རྒྱ་གར་ཡུལ་ལ་ཙན་དན་འཁྲུངས།  །ཚད་བཙུགས་ནས་རྨོས་པ་མ་ཡིན་ཏེ།  །ས་ཡག་ནས་ཙན་དན་རེད་གྲབས་རེད།  །ས་རྒྱ་ནག་ཡུལ་ལ་ཇ་ཤིང་འཁྲུངས།  །ཚད་བཙུགས་ནས་རྨོས་པ་མ་ཡིན་ཏེ།  །ས་ཡག་ནས་ཇ་ཤིང་རེད་གྲབས་རེད།  །ས་མི་ཉག་ཡུལ་ལ་རྒུན་འབྲུམ་འཁྲུངས།  །ཚད་བཙུགས་ནས་རྨོས་པ་མ་ཡིན་ཏེ།  །ས་ཡག་ནས་རྒུན་འབྲུམ་རེད་གྲབས་རེད།  །

ཀ  ཤྭ་རྭ་རྣ་རྭ་རྒོ་རྭ་སོགས།  །རྡུང་བའི་མཚོན་ཆ་རྣམ་གསུམ་སྣང་།  །མ་རྡུང་མཚོན་ཆ་རྣམ་གསུམ་སྣང་།  །འདི་གསུམ་ལ་མིང་ཞིག་གནང་རོགས་ཞུ།  །

ཁ  འདི་གསུམ་ལ་མིང་ཞིག་ང་ཡིས་གནང་།  །མ་རྡུང་མཚོན་ཆ་རྣམ་གསུམ་ནི།  །ཤྭ་རྭ་རྣ་རྭ་རྒོ་རྭ་གསུམ།  །མ་རྡུང་མཚོན་ཆ་རྣམ་གསུམ་རེད།  །ལྕགས་མདའ་རག་མདའ་ཟངས་མདའ་གསུམ།  །རྡུང་པའི་མཚོན་ཆ་རྣམ་གསུམ་རེད།  །

ཀ ཁབ་སྐུད་པ་མི་དགོས་གོས་གཅིག་ཡོད།  །ལག་བཞར་བ་མི་དགོས་དོང་གཅིག་ཡོད།  །མེ་དམར་པོ་མི་དགོས་ཟས་གཅིག་ཡོད།  །འདི་གསུམ་ལ་མིང་གསུམ་གནང་བར་ཞུ།  །

ཁ  འདི་གསུམ་ལ་མིང་ཞིག་ང་ཡིས་གནང།  །ཁབ་སྐུད་པ་མི་དགོས་གོས་གཅིག་སྟེ།  །གསེར་ཉི་མ་ཤར་དུས་གོས་དང་འདྲ།  །ཁབ་སྐུད་པ་མི་དགོས་གོས་གཅིག་རེད།  །ལག་བཞར་བས་མི་བརྐོ་དོང་གཅིག་སྟེ།  །ནག་པོ་ཕག་གིས་དོང་ཞིག་རྐོས།  །ལག་བཞར་བ་མི་དགོས་དོང་གཅིག་རེད།  །མེ་དམར་པོ་མི་དགོས་ཟས་གཅིག་སྟེ།  །ཚ་ཆུ་དམར་པོས་ཟས་ཞིག་བཙོས།  །མེ་དམར་པོ་མི་དགོས་ཟས་གཅིག་རེད།  །བྲོ་ཤགས་ཚད་སྐབས་ཕན་ཚུན་བར་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་བྲོ་ཚིག་རྣམས་བརྗོད་སྲོལ་ཡོད་པ་ཡིན་ལ།   ཁོ་བོའི་རེ་བ་ནི་རྗེས་སུ་ མི་ཉག་གི་ལོ་ཆུང་མཁས་པ་ཚོས་དངོས་ཤུགས་བརྒྱུད་གསུམ་གང་རུང་གི་སྟོབས་ཤུགས་ལ་བརྟེན་ནས་མི་ཉག་གི་དམངས་ཁྲོད་ཀྱི་གླུ་དང་བྲོ།  གནའ་སྒྲུང་།  གཏམ་དཔེ་སོགས་འཚོལ་བསྡུ་རེ་བྱེད་ཐུབ་ན་ཤིན་ཏུ་བཟང་བས་བཀའ་དྲིན་ཆེ་ཞུ།  དཔེ་ཆ་དེབ་ཁ་ཤས་ཡོད་ངེས་ཡིན་པས་དེ་ལུགས་འཚོལ་བསྡུ་རེ་བྱེད་རྒྱུ་ནི་ང་རང་གིས་རེ་བ་དང་རྗེས་རབས་པའི་འོས་འགན་ཡིན་པའང་ཤེས་དགོས་སོ། །

མི་ཉག་གི་ཡུལ་ཁམས་བཤད་པ།

དེ་ཡང་བོད་ཀྱི་ལོ་རྒྱུས་དཔེ་ཆ་མང་པོའི་ནང་དུ་བོད་མི་ཉག་གམ་མི་ཉག་གི་རྒྱལ་ཁམས་ཟེར་བ་ནི། རྒྱ་ཡིག་གི་ལོ་རྒྱུས་ཐོག་ཤིས་ཞཱ་ཟེར་བ་དེ་ཡིན། དེ་ཡང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཧྲའན་ཤེས། ཀན་སུའུ། ཉིང་ཞཱ་བཅས་ཀྱི་ས་ཁུལ་དུ་འཚོ་སྡོད་བྱེད་པའི་ལྡོང་བྱང་མི་རིགས་རྣམས་རྗེས་སུ་སྟོབས་ཤུགས་ཇེ་ཆེར་གྱུར་ཏེ་སུང་རྒྱལ་རབས་སྐབས་སུ་དེའི་མི་བརྒྱུད་ལི་སི་ཀོང་གི་ཡང་ཚ་ལི་ཅིས་ཆིའན་དང་ལི་ཏེ་མིང་གཉིས་ཀྱིས་རིམ་བཞིན་སུང་བྱང་མའི་རྒྱལ་རབས་ཀྱི་བློན་པོ་བྱས་པ་དང་། དེའ་ཚ་བོ་ལི་ཡན་ཧོའུ(李元昊)ཟེར་བས་སྤྱི་ལོ༡༠༣༨ལོར་སུང་བྱང་མའི་རྒྱལ་རབས་ལ་ངོ་ལོག་བྱས་ཏེ་རང་ཉིད་རྒྱལ་པོ་བྱས་པའི་མིང་ལ་ལི་ཅིང་ཙུང་ནའམ་ཞིའོ་ཟེར་ཞིང་། རྒྱལ་རབས་ཀྱི་མིང་ལ་ཤིས་ཞཱ་ཟེར། རྒྱལ་ས་ནི་ཤིན་ཆིང(兴庆)(དེང་སང་གི་ཉིང་ཞཱ་ཡིང་ཀྲེའུ་ཡི་ཤར་རྒྱུད)ཡིན་ཞིང་། དར་རྒྱས་ཆེ་ཤོས་སྐབས་སུ་གཤམ་འོག་ཏུ་ཀྲའུ་ཉི་ཤུ་རྩ་གཉིས་ཡོད་པ་དེ་དག་གི་ནང་དུ་ད་ལྟའི་ཉིང་ཞཱ་དང་། ཧྲའན་ཤིས་བྱང་རྒྱུད། ཀན་སུའ་ནུབ་བྱང་རྒྱུད། མཚོ་སྔོན་བྱང་ཤར་རྒྱུད། ནང་སོག་གི་ས་ཆ་དུམ་བུ་གཅིག་བཅས་ཚུད་ཡོད་པ་དང་། ཡུལ་མིའི་ལྡོང་བྱང་ཤར་ཆང་རིགས་དང་། རྒྱ་རིགས། སོག་རིགས་བཅས་ཡོད། རྒྱལ་རབས་འདིར་རྒྱལ་པོ་མི་རབས་བཅུ་བྱུང་ཞིང་། རུས་མིང་ནི་ལི་ཡིན། སྤྱི་ལོ༡༠༣༨ནས༡༢༢༧བར་ལོ་བརྒྱ་དང་དགུ་བཅུའི་བར་དུ་སྲིད་དབང་བཟུང་། མཐར་སོག་པོའི་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་དམག་དྲངས་ནས་རྒྱལ་པོ་བསད་དེ་མི་ཉག་ཕྱི་མའི་ཡུལ་ཁམས་ཐམས་ཅད་དབང་དུ་བསྡུས་ནས་ཤིས་ཞཱ་རྒྱལ་རབས་མཇུག་བསྒྲིལ་བ་ཡིན་ན་ཡང་།  མི་ཉག་སྔ་མའི་རྒྱལ་པོ་སྲིད་ཅུང་ཟད་ཀྱང་མ་ཉམས་པར་བཞུགས་ནས་རང་ཉིད་ཀྱི་སྲིད་རང་གིས་སྐྱོང་བར་མཛད་ཡོད་པར་བཤད་དོ། །

གཞན་ཡང་མི་ཉག་གི་ས་ཆ་ཧ་ལ་ཤན་ཞེས་པ་དེ་རྒྱའི(贺兰山)ཟེར་བ་དེ་རེད་སྙམ་ཡང་དཔྱད་གཞིའི་ཡིག་ཆ་མ་རྙེད་པས་བརྟག་པར་བྱ་དགོས་སོ། །

ལེའུ་བཅོ་ལྔ་པ། མཛེས་མ་དང་གླུ་མའི་ངོ་སྤྲོད།

སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ངོ་སྤྲོད། 

མི་ཉག་གི་སེང་ལྕམ་འབྲུག་མོ་ནི། སྐྱ་ལོ་དཔོན་ཤོག་གི་མགོ་དཔོན་བསྟན་པ་རྒྱལ་མཚན་གྱི་སྲས་མོ་དང་། གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་དང་གླིང་དཀར་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་སྟེ། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་པར་ཡང་བཤད་སྲོལ་ཡོད། གླིང་གི་རྟ་རྒྱུག་གི་རྒྱལ་འཇོག་ཐོག་ཏུ་སེང་ལྕམ་འབྲུག་མོ་དང་སྐྱ་ལོ་ཚང་གིས་གཉེར་བའི་རྒྱུ་ནོར་འབོར་ཆེན་རྒྱན་བཞག་ནས། རྟ་རྒྱུག་རྒྱལ་འཇོག་བྱས། གླིང་རྗེ་གེ་སར་རྒྱལ་པོ་གསེར་ཁྲིར་མངའ་གསོལ་ནས་སེང་ལྕམ་འབྲུག་མོ་བཙུན་མོར་ཁབ་ཏུ་བཞེས། འབྲུག་མོ་ནི་གཤིས་རྒྱུད་བཟང་ཞིང་ཚུལ་ལྡན་ཞིག་ཡིན་པས་གླིང་རྗེ་གེ་སར་རྒྱལ་པོ་ལ་ཞབས་ཕྱི་ལེགས་པོ་ཞུས་ཡོད། གླིང་རྗེ་གེ་སར་རྒྱལ་པོ་བྱང་ཕྱོགས་སུ་བདུད་འདུལ་བར་ཆས་ནས་ཚུར་གླིང་ཡུལ་དུ་མ་སླེབས་གོང་ལ་ཧོར་གླིང་དམག་འཁྲུག་བྱུང་སྟེ་ཧོར་དམག་གིས་གླིང་ལ་བསྐོར་རྒོལ་བྱེད་པར་འབྲུག་མོས་དམག་འབངས་ཁྲིད་ནས་དཔའ་ངར་ཆེན་པོས་ཧོར་དམག་ལ་འགོག་རྒོལ་བྱས། ཇ་མཁར་རིང་མོ་ཧོར་ལ་ཤོར་རྗེས་འབྲུག་མོས་གླིང་གི་དམག་འབངས་བདེ་འཇགས་སུ་འགོད་པའི་ཆེད་དུ། དཔའ་མོ་གཅིག་པུ་ཧོར་གྱི་དམག་སྒར་དུ་ཕྱིན་ནས་མཛའ་མཐུན་ཡོང་རྒྱུའི་རེ་བ་བཏོན། མོ་ཧོར་ཡུལ་དུ་ཡུན་རིང་བཞུགས་དགོས་བྱུང་ཡང་རང་ཡུལ་དང་གླིང་རྗེ་གེ་སར་རྒྱལ་པོ་རྟག་པར་སེམས་ལ་དྲན། ཧོར་རྒྱལ་བཏུལ་རྗེས་འབྲུག་མོ་གླིང་ཡུལ་དུ་ཚུར་བྱོན། ཧོར་འདུལ་ལས་མོ་དང་གླིང་རྗེ་གེ་སར་རྒྱལ་པོ་བར་གྱི་བློ་བརྟན་འགྱུར་མེད་ཀྱི་མཛའ་བརྩེའི་རང་མདངས་མ་ཉམས་པའི་གནས་ཚུལ་ཤིན་ཏུ་རྒྱས་པར་བཀོད་ཡོད་པར་བཤད། ཁོང་གི་མཚན་ལ་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་ཡང་ཟེར་སྲོལ་ཡོད། མི་ལ་ལས་བསམ་ཚུལ་ལ་སྨན་འབྲུག་མོའི་ཕ་ཡུལ་མི་ཉག་ཨེ་ཡིན་བསམ་མཁན་ཡང་ཡོད་སྲིད་རྒྱུ་རེད་སྙམ། དེ་ནི་སེམས་འཚེར་བྱ་གཏན་ནས་མི་དགོས་ཏེ། དཔེར་ན། དེང་སང་རྟའུ་རྫོང་ལུང་བསྟན་ཤང་གི་ས་ཆའི་ཐོག་ཏུ་འབྲུག་མོའི་སྦྲ་ཕུབ་སའི་ཤུལ་དང་དབུ་སྐྲ་བཀྲུ་སའི་མཚོ་བཅས་ཆ་ཚང་བ་ཡོད་ཅིང་། གཞན་ཡང་མི་ཉག་གི་ས་ཆ་མང་པོ་ན་འབྲུག་མོས་ཐག་འཐག་སའི་ཤུལ་རྗེས་དང་། གནའི་བཤད་རྒྱུན་མང་པོ་ཞིག་ཡོད། རྗེས་སུ་དེའི་སྐོར་ལ་བརྟག་དཔྱད་ཞིབ་འཇུག་བྱེད་བསམ་མཁན་ཡོད་ཚེ་རྩོམ་པ་པོ་ལ་འབྲེལ་གཏུག་བྱས་ན་ཆོག་པས་དེ་ལུགས་ཞུ།  མོ་སྐུ་ན་ཆུང་ངུའི་སྐབས་སུ་ཉག་རོང་ནས་ཡུན་རིང་བཞུགས་མྱོང་བར་མི་རྒན་ཚོས་བཤད་སྲོལ་ཡོད་དོ། །

བོད་ཀྱི་མཛངས་མ་སྒྲོན་མ་ཚེ་རིང་གི་ངོ་སྤྲོད།

མཛེས་མ་སྒྲོན་མ་ཚེ་རིང་ནི་ཕ་ཚེ་དབང་རྡོ་རྗེ་དང་མ་ལྷ་མོ་སྒྲོན་མ་གཉིས་ཀྱི་རིགས་རྒྱུད་དུ།  རབ་བྱུང་བཅུ་དྲུག་པའི་ཆུ་པོ་ཁྱི་ལོ་སྟེ་སྤྱིལོ༡༩༨༢ལོར་དར་མདོ་རྫོང་སྐྱ་ཀེའི་ཡུལ་ཤོག་གི་ཨ་བརྒྱ་གྲོང་སྟོད་པ་སྡེ་པའི་གཞིས་ཀ་ནང་པ་ཚང་གི་ཁྱིམ་དུ་སྐྱེས།  ཁོང་གིས་སློབ་སྦྱོང་གཙོ་བོ་བྱེད་རྒྱུ་ནི་བོད་ཡིག་དང་དབྱིན་ཡིག་གཉིས་བྱས་ཏེ་སློབ་སྦྱངས་མཛད་ཡོད། ཕ་ཡུལ་གྱི་མི་ཚོས་མོའི་ཆུང་མིང་ལ་མོས་ཇག་ཅེས་འབོད་སྲོལ་ཡོད། བུ་མོ་འདི་ནི་སྐྱེ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ། གཤིས་རྒྱུད་འཇམ་ལ། ཤེས་ཡོན་ལྡན་པ་ཞིག་ཡིན་པར་བཤད། སྐྱེས་གཟུགས་ཤིན་ཏུ་མཛེས་པས་སྤྱི་ལོ༢༠༠༣ལོར་མ་ལེ་ཤི་ཡ་རུ་རྒྱལ་ཁབ་སུམ་ཅུ་སོ་གཉིས་ཀྱི་མཛེས་མའི་ཁྲོད་དུ་སྤྱོད་བཟང་གི་འཛེས་མའི་གཟེངས་རྟགས་ཨང་ལྔ་པའི་བྱ་དགའ་ཐོབ། ༢༠༠༣ལོའི་ཟླ་བ༡༠པའི་ཚེས༧ཉིན་མོ་སི་ཁོའི་རྒྱལ་ཁབ་ཀྱི་ནང་དུ་རྒྱལ་ཁབ་བཞི་བཅུ་ཞེ་ལྔའི་མཛེས་མའི་ཁྲོད་དུ་ཆས་གོས་ཀྱི་གཟེངས་རྟགས་ཡག་ཤོས་ཀྱི་བྱ་དགའ་ཐོབ།  འཛམ་གླིང་གི་འཛངས་མ་དང་མཛེས་མའི་གྲས་སུ་ཚུད་ཡོད་པར་བཤད།  སྤྱིར་བྱ་དགའ་དེ་ལྟ་བུ་ཞིག་ཐོབ་དགོས་ན་ཆ་རྐྱེན་གསུམ་ཙམ་ཚང་དགོས། དཔེར་ན། གཅིག་སྐྱེ་གཟུགས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་དགོས། གཉིས་ཁྱོན་ཡོངས་ནས་རིག་གནས་དང་བྱང་ཚད་བཟང་ཞིང་འཇོན་ཐང་ཡོད་དགོས། གསུམ་ཚན་རིག་སོགས་ཀྱི་ལམ་ནས་དྲི་བ་ཅི་དང་ཅི་བྱས་ན་ལན་ཡག་པོ་རྒྱག་ཤེས་དགོས། ད་སྐབས་མོས་ཚོང་ལས་སོགས་གཙོ་བོ་གཉེར་བཞིན་ཡོད་ཅེས་བཤད། སྤྱིར་ན་གནའ་ནས་ད་ལྟའི་བར་དུ་མི་ཉག་ནི་མཛེས་མའི་ཕ་ཡུལ་ལྟ་བུ་ཞིག་ཡིན་ཞིང་། དཔེར་ན། གོང་ཞུས་ལྟར་བོད་རྒྱལ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་ཡ་གྱལ་མི་ཉག་རུ་ཡོང་བཟའ་དང་། འཛམ་གླིང་གླིང་རྗེ་གེ་སར་རྒྱལ་པོ་བཙུན་མོ་མཛེས་མ་སེང་ལྕམ་འབྲུག་མོ་སོགས་ལྟ་བུ་དང་། ད་ལྟའི་མཛེས་མ་ཡོད་པ་རྣམས་ནི་གོང་ཞུས་གྱི་མི་ཉག་གི་འཛངས་མ་སྒྲོན་མ་ཚེ་རིང་དང་གཡུང་དྲུང་ལྷ་མོ་སོགས་ལྟ་བུ་ཀུན་གྱིས་ཤེས་གསལ་ལྟར་རོ།   །

ཚངས་དབྱངས་སྒྲོལ་མའི་ངོ་སྤྲོད།

དེ་ཡང་གླུ་མ་ཚངས་དབྱངས་སྒྲོལ་མ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་མངའ་སྡེ་ཞིག་ཏུ་སྐྱེས།  སྤྱི་ལོ༡༩༧༤ལོར་འཇོལ་རྫོང་རིག་རྩལ་རུ་ཁག་ནང་དུ་ཞུགས། ༡༩༧༨ལོར་ཡུན་ནན་གྱི་འཐུས་མི་རུ་ཁག་ཏུ་བདམ་ཐོན་བྱུང་ནས་པེ་ཅིན་དུ་རྒྱལ་ཡོངས་མི་རིགས་དམངས་ཁྲོད་གླུ་ལེན་མཁན་གྱི་འགན་ཁུར་རྗེས་སླར་ཡང་ཡུན་ནན་ཞིང་ཆེན་དུ་མངགས་ནས་གླུ་གར་ཚོགས་པའི་གླུ་ལེན་མཁན་གྱི་འགན་ཁུར་བྱས། ༡༩༧༩ལོར་ཧྲང་ཧའེ་རོལ་དབྱངས་སློབ་གླིང་ནས་རྒྱུགས་འཕྲོད་ནས་ཆེད་ལས་ལ་འབད་པ་ལྷོད་མེད་དང་། ༡༩༨༣ལོར་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཏེ་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ད་ལྟའི་བར་དུ་ཡུན་ནན་ཞིང་ཆེན་གླུ་གར་ཚོགས་པ་རུ་གླུ་མ་ཞིག་གི་ལས་འགན་དང་དུ་བླངས་ཡོད། ༡༩༨༥ལོར་ཁོ་མོས་ཐེངས་དང་པོ་རུ་རྒྱལ་ཡོངས་མི་རིགས་གླུ་དབྱངས་འགྲན་བསྡུར་ཆེན་པོའི་ནང་བྱ་དགའ་ཨང་དང་པོ་བླངས་པ་མ་ཟད་ཆེས་མཐོ་བའི་གསེར་གྱི་རྨ་བྱའི་རྟགས་མ་ཡང་བླངས་པ་རེད། ༡༩༨༩ལོར་ཚངས་དབྱངས་སྒྲོལ་མས་བླངས་པའི་གླུ་དབྱངས་གངས་རིའི་གསེར་གྱི་རྨ་བྱ་ཞེས་པ་དེས་རྒྱལ་ཡོངས་སྒྱུ་རྩལ་བརྙན་འཕྲིན་འགྲན་བསྡུར་ནང་ཕུལ་བྱུང་གི་བྱ་དགའ་བླངས། ༡༩༩༠ལོར་ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་བརྙན་འཕྲིན་བྱ་དགའ་ཨང་དང་པོ་ལོན། ༡༩༩༢ལོར་ཁྲིན་ཏུའུ་དམག་ཁུལ་ཁང་དམག་དར་གླུ་གར་ཚོགས་པས་གདན་འདྲེན་ཞུས་ནས་གླུ་གར་ཆེ་གྲས་ཀྱི་བོད་ལྗོངས་ཉི་འོད་ཅེས་པ་ལེན་པའི་འགན་ཁུར་བྱས་ཏེ་དམག་ཡོངས་ཀྱི་སྒྱུ་རྩལ་ལྷན་འཛོམས་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོ་དང་རིག་གནས་པུའུ་ཡིས་རིག་གནས་བྱ་དགའ་ཡང་ཐོབ་ཡོད། ༡༩༩༩ལོར་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་གནས་ཆེན་ཁ་བ་དཀར་པོའི་བུ་མོ་ལ་རྒྱལ་ཡོངས་སུmtvའགྲན་བསྡུར་ཆེན་པོའི་ནང་སྐར་འོད་ཀྱི་བྱ་དགའ་ཞེས་པ་དེ་ཐོབ། ༡༩༨༥ལོའི་ལོ་མཇུག་ཏུ་མོས་རྒྱལ་ཡོངས་ཀྱི་མི་རིགས་གླུ་དབྱངས་འགྲན་བསྡུར་ཐེངས་དང་པོའི་ནང་གསེར་གྱི་རྨ་བྱའི་བྱ་དགའ་ཨང་དང་པོ་བླངས་ཡོད་པས་ཡུན་ནན་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཁོང་ལ་གངས་རིའི་གསེར་གྱི་རྨ་བྱ་ཞེས་པའི་མཚན་སྙན་གནང་། དེ་ནས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཨ་མེ་རི་ཁ་དང་ཁ་ན་ཏ། མོ་ཞི་ཁོ། པ་ཞི། འཇར་པན་སོགས་རྒྱལ་ཁབ་དང་ས་ཁུལ༢༠ལྷག་ཙམ་དུ་འཚམས་འདྲི་ཞུ་སར་སོང་བ་ན་རྒྱལ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཁྱབ་པའི་སེམས་ཀྱི་ཉི་ཟླའི་དེང་རབས་ཅན་གྱི་བོད་རིགས་གླུ་གཞས་མཁས་ཅན་ཞིག་ཏུ་གྱུར་ཡོད། ཁོང་ནི་རྒྱལ་ཕྱི་ནང་གཉིས་ཀྱི་གླུ་གར་སྟེགས་བུར་སྟེང་དུ་བུད་མྱོང་བའི་བོད་ཀྱི་གླུ་མ་ཞིག་ཡིན་ལ། བྱ་དགའ་རབ་དང་རིམ་པ་ལོན་པ་ནི་མོས་མི་ཚེ་གཅིག་གི་སློབ་སྦྱོང་དང་། དགའ་མགུ། ཉམས་མྱོང་། རེ་བ་བཅས་ལ་བདེན་དཔང་བྱས་པ་རེད། དེ་དང་མཉམ་དུ་མོས་སྔ་གཞུག་ཏུ་ཉི་ཟླའི་གླུ་དང་། མཛེས་སྡུག་ལྡན་པའི་སྐལ་བཟང་མེ་ཏོག བདེ་ཆེན་སེམས་ཀྱི་ཉི་ཟླ། ཕ་ཡུལ་གྱི་ཁ་བཏགས་། འཇོལ་གྱི་མཛའ་གཞས། གནས་ཆེན་ཁ་བ་དཀར་པོའི་བུ་མོ། ལུང་ཤུར་གྱི་བྲག་ཆ་སོགས་གླུ་དབྱངས་བཅུ་ཕྲག་ལྷག་པར་བསྐྲུན་འགྲེམས་སྤེལ་བྱས་པས། ཁོང་གི་མཚན་སྙན་གྱི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་ཡིན་ལ། དེ་རྗེས་འགྲན་བསྡུར་སྣ་ཚོགས་ནང་དུ་ཕུལ་བྱུང་གི་བྱ་དགའ་དུ་མ་ཞིག་ཐོབ་ཡོད་པ་མ་ཟད་འཁྲབ་སྟོན་སྣ་ཚོགས་ནང་དུ་མི་རྣམས་ཀྱིས་བསྟོད་བསྔགས་ཚད་མེད་ཐོབ་པ་ཡིན་ནོ། །

ཁོང་གི་གོ་གནས་ཐོབ་ཐང་སྐོར། ༡༩༩༣ལོར་སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་གྲོས་ཚོགས་འཚོག་སྐབས་རིག་རྩལ་ལས་རིགས་ཀྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ཀྲུང་དབྱང་གཙོ་འཛིན་རྣམས་དང་པེ་ཅིན་ལ་མཉམ་དུ་ལྷན་འཛོམས་བྱུང་སྐབས་མོས་གར་སྟེགས་སྟེང་དུ་བོད་ཀྱི་དམངས་གླུ་འགའ་ཤས་བླངས་རྗེས། ཀྲུའུ་ཞི་ཅང་ཙེ་མེན་དགའ་སྤྲོ་ཆེན་པོའི་ངང་ནས་ཚངས་དབྱངས་སྒྲོལ་མ་ལ་ཁྱེད་ས་ཆ་གང་གི་བོད་རིགས་ཡིན་ཚུལ་སོགས་བཀའ་འདྲི་གནང་བ་ལ་མོས་ང་རང་ཡུན་ནན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླའི་བོད་ཀྱི་བུ་མོ་ཞིག་ཡིན་ཚུལ་བཅས་བཀའ་ལན་ཞིབ་མོ་བཏབ། སྐབས་དེར། ཙུང་ལི་ལིའུ་ཕང་ཡང་ཚུར་ཕེབས་ནས་འཛུམ་དམུལ་དམུལ་གྱི་སྒོ་ནས་ཁོ་མོས་གླུ་དབྱངས་བླངས་པ་ལ་བསྔགས་བརྗོད་དང་སྐུལ་མ་ཡང་ཡང་བཏང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་མུ་མཐུད་ནས་སྐབས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནང་བདམས་ཐོན་བྱུང་ཡོད་པ་རེད། རྒྱལ་ཁབ་རིག་གནས་པུའུ་ཡིས་ཕུལ་བྱུང་ཆེད་མཁས་པ་ཞེས་པའི་མཚན་ཐོབ་གནང་ཡོད། ༢༠༠༠ལོར་ཡུན་ནན་ཞིང་ཆེན་གྱི་གཞོན་ནུ་གར་སྟེགས་འཁྲབ་སྟོན་སྒྱུ་རྩལ་པ་ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་སོགས་དུ་མ་ཐོབ་ཡོད། ཁོང་གི་ལོ་རྒྱུས་རྒྱས་པར་ཤེས་འདོད་ན་གནའ་རབས་དང་དེང་རབས་བུད་མེད་གྲགས་ཅན་ཚིག་མཛོད་དང་། ཀྲུང་གོའི་རོལ་མོ་མཁས་ཅན་གྱི་ཚིག་མཛོད། ཀྲུང་གོའི་གླུ་དབྱངས་མཁས་པ་དང་ཕྱི་རྒྱལ་གླུ་དབྱངས་མཁས་པའི་ཚིག་མཛོད། དེང་རབས་གཞོན་ནུ་གྲགས་ཅན་གྱི་ཚིག་མཛོད། ཁམས་པའི་འཛུམ་མདངས། སི་ཁྲོན་གྱི༢༠༡༣ལོར་ཕུད་པའི་དུས་དེབ་གངས་ལྗོངས་ཉི་གཞོན་སོགས་ལ་གཟིགས་དང་ཤེས་པར་འགྱུར་རོ།   །ཁོང་གི་གླུ་དབྱངས་ཀྱི་སྒྲ་དབྱངས་སྙན་མོ་ནི་ནམ་ཡང་ང་རང་གི་རྣ་ནང་དུ་འཁོར་ཡོད་པས། ངས་ཁོང་ལ་སྙན་དབྱངས་ལྷ་མོ་ཞེས་པའི་མིང་གསར་པ་ཞིག་བཏགས་ཡོད། རྒྱུ་མཚན་ནི། མོའི་གླུ་དབྱངས་རྣམས་མི་རིགས་སུ་ཞིག་གིས་ཉན་ན་རྣ་བར་སྙན་ཞིང་། སྐྱེ་གཟུགས་ནི་མཛེས་ཤིང་ལྟ་ན་སྡུག་པ། ངང་རྒྱུད་འཇམ་པ། ཆེད་སྦྱོང་གི་རོལ་དབྱངས་ལ་མཁས་པ་སོགས་ཀྱི་ཡོན་ཏན་དུ་མས་ཕྱུགས་པ་ཞིག་ཡིན་ནོ།   །

ཀརྨ་བཅིངས་འགྲོལ་སྒྲོལ་མའི་ངོ་སྤྲོད།

དེ་ཡང་གླུ་མ་ཀརྨ་བཅིངས་གྲོལ་སྒྲོལ་མ་ནི་ཕ་དོན་འགྲུབ་ཚེ་རིང་དང་མ་བསོད་ནམས་གཡང་འཛོམས་གཉིས་ཀྱི་རིགས་སུ། རབ་བྱུང་བཅུ་དྲུག་པའི་ནང་དུ་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གཏེར་མ་ལུང་ཡུལ་ཤོག་གི་རྐང་གསུམ་སྡེ་པའི་ནང་དུ་སྐྱེས།  མོ་ཆུང་དུས་ནས་གླུ་ལེན་རྒྱུར་ཧ་ཅང་དགའ་བས་ནམ་རྒྱུན་སྡེ་པ་དེའི་རྒན་རབས་དག་གི་ཟུར་དུ་སོང་ནས་གནའ་བོའི་དམངས་གཞས་ཀྱི་དབྱངས་རྟ་དང་གླུ་ཚིག་སོགས་ལ་སློབ་སྦྱོང་བྱེད་པར་ཤིན་ཏུ་དགའ་མོད། འོན་ཀྱང་ཁོ་ཚོའི་ལུང་པའི་གོམས་གཤིས་ལ་བྱིས་པ་ལོ༡༣མ་ལོན་གོང་སྡེ་པའི་གཞུང་གི་གླུ་གར་རྩེད་རིགས་ཀྱི་ལས་སུ་ཞུགས་མི་ཆོག་ཅིང་།  ཁྱད་པར་དུ་བུ་མོ་ཆུང་ཆུང་ཚོ་གླུ་ལེན་གར་རྩེད་ལ་ཞུགས་ན་མ་རུང་བའམ་མ་འོས་པའི་བསམ་བློའི་གཤིས་ཀ་ཞིག་ཆགས་ཡོད་པས།  ཁོ་མོའི་དགའ་ཕྱོགས་དང་ཕུགས་བསམ་གྱི་རྨི་ལམ་དེ་མངོན་འགྱུར་བྱ་རྒྱུ་ཆེས་དཀའ་བའི་གནས་སུ་གྱུར་ཡོད་ནའང་། ཁོ་མོའི་ལྷན་སྐྱེས་སུ་གྲུབ་པའི་རང་གཤིས་ནི་འགྲོ་འདུག་རྒོད་ཅིང་ཚུགས་ཐུབ་པ་ཞིག་ཡིན་ཞིང་། གཤིས་རྒྱུད་དྲང་བ་ལ་ངན་སེམས་མེད་པ་ཞིག་ཡིན་པས།  སྡེ་པའི་རྒན་རྒོན་རྣམས་ཀྱིས་ཁོ་མོར་གླུ་གཞས་སློབ་པར་སྤྲོ་ཞིང་།  ད་དུང་ཁོ་མོར་གནའ་བོའི་གཏམ་རྒྱུད་དང་ས་གནས་ཀྱི་འདས་ཟིན་པའི་ལོ་རྒྱུས་སོགས་རྒྱུན་པར་བཤད་ཀྱིན་ཡོད།  དེ་ལྟར་ན་ཁོ་མོ་གླུ་གཞས་དང་བྲོ་གར་ལ་དུང་བའི་བྱ་སྤྱོད་དེ་རིམ་གྱིས་སྡེ་པའི་མང་ཚོགས་ཀྱི་མིག་ལམ་དུ་གོམས་ཤིང་ཚང་མས་རྒྱབ་སྐྱོར་བྱས། དེ་ནས་ཁོ་མོ་ལོ་དགུའི་སྟེང་དུ་སྡེ་པའི་ཉེ་འདབས་ཀྱི་སློབ་གྲྭ་ཞིག་ཏུ་ཕྱིན། སློབ་གྲྭ་ནས་ཀྱང་རྒྱུན་པར་གླུ་གར་རྩེད་རིགས་སློབ་པར་དགའ་ཞིང་། དགེ་རྒན་གྱིས་ཁོ་མོའི་ཁྱད་ཆོས་ལྡན་པའི་སྐད་ངག་སྙན་མོ་དེ་ཐོས་ནས་སྤྲོ་བ་སྐྱེས་ཞིང་རྒྱབ་སྐྱོར་དང་སྐུལ་མ་གང་ཐུབ་བྱས།  དེ་ནས་བཟུང་ཁོ་མོ་གླུ་གར་གྱི་ཕྱོགས་སུ་རང་ཉིད་ཀྱི་མདུན་ལམ་འཚོལ་བར་སྔར་ལས་ཀྱང་སེམས་ཤུགས་ཆེ་རུ་བསྐྱེད་ཅིང་། སློབ་སྦྱོང་གི་ཞོར་དུ་རྒྱུན་པར་རང་འགུལ་གྱིས་དགེ་རྒན་རྣམས་ཀྱི་མདུན་དུ་སོང་ནས་སྒོར་གཞས་དང་། བརྩེ་གཞས།  ངལ་རྩོལ་གྱི་གཞས་དང་ཕོ་མོའི་དྲིས་ལན་སྐོར་གྱི་གཞས་སོགས་འདྲ་མིན་སློབ་བཞིན་ཡོད།  དེ་ལྟར་ཁོ་མོ་ལོ༡༦ལ་ཕྱིན་པའི་ཉིན་ཞིག་ལ།  ཡུན་ནན་དམག་ཁུལ་གྱིས་གླུ་གར་བ་བསྡུ་ལེན་རྒྱུའི་བརྡ་ཐོ་ཞིག་འབྱོར་བ་དེ་མོའི་སློབ་ཆུང་དགེ་རྒན་གྱིས་མོར་བརྡ་བཏང་བ་ཡིན་ནའང་ཁོང་ལ་ཁྱིམ་མི་རྣམས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས། མོ་ལ་གླུ་གར་འཆམ་མཁན་གྱི་དམག་མི་བྱེད་རྒྱུའི་གོ་སྐབས་ཞིག་ཐོབ་ཡོད་པ་དེ་སྤྲོ་བ་ཆེན་པོ་སྐྱེས་ནས་མཚན་མོ་ཞིག་ལ་ལྐོག་ནས་རྒྱལ་ཐང་ལ་ཕྱིན་ཏེ་ངོ་རྒྱུགས་སྤྲད། ངོ་རྒྱུགས་སྤྲད་སྐབས་མོས་ཕ་ཡུལ་གྱི་དམངས་གཞས་ཤིག་བླངས་པས།  ཚང་མ་ཤིན་ཏུ་མགུ་ནས་དུས་ཐོག་ཏུ་བསྡུ་ལེན་བྱ་རྒྱུའི་ཐག་བཅད།  དེ་ནས་བཟུང་དམག་ཁུལ་དུ་སློབ་སྦྱོང་དང་གླུ་གར་སོགས་ཆེད་སྦྱོང་བྱས་ཤིང་།  སྒྲིག་ལམ་དམ་པའི་དམག་མིའི་རང་གཤིས་སྔར་ལས་རང་ཚུགས་ཅན་དང་བློ་སྤོབས་ཅན་དུ་གྱུར།  དུས་ཡུན་དེ་དག་གི་རིང་ལ་ཁོ་མོ་ཡུན་ནན་དང་བོད་ལྗོངས།  སི་ཁྲོན་དང་ཞིན་ཅང་སོགས་སུ་ཕྱོགས་སོ་སོའི་དམག་ཁུལ་དུ་ཕྱིན་ནས་གླུ་གར་འཁྲབ་སྟོན་གང་མང་བྱས་ཡོད།  ཁོང་གིས་ལོ༢༤ཐོག་བླངས་པའི་གླུ་གཞས་དཔེར་ན་ཕ་སྐད་གཙང་མའི་དམངས་གཞས་ཆེད་སྒྲིག་ཕ་ཡུལ་གྱི་སྙན་གཞས་ཞེས་པ་ཞིག་ཚོང་རར་འགྲེམ་སྤེལ་བྱས་ཏེ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།  མོས་དེང་དུས་སུ་མི་རིགས་ཀྱི་གླུ་གར་པས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་མདུན་ལམ་འཚོལ་ཤིན་ཏུ་དཀའ་སྟེ།  རྒྱུ་མཚན་ནི་དཔལ་འབྱོར་གྱི་དུས་རབས་ཡིན་པས་རེད་ཅེས་བཤད། མོའི་གླུ་གཞས་ཀྱི་མིང་རྣམས་ནི། ཕ་ཡུལ་གྱི་སྙན་གཞས་དང་།  སྐར་འོད་ལམ་ཆེན།  སེམས་ཀྱི་སྒྲ་དབྱངས།  སྤྲོ་དགའི་ལྷན་འཛོམས།  བོད་ཀྱི་བུ་མོ།  ཁྱེད་ལ་དུང་བའི་སྒྲོལ་མ།  ཕ་ཡུལ་གྱི་དྲིན་ལན་གླུ་ཡིས་འཇལ།  བཀྲ་ཤིས་སྐོར་བྲོ་སོགས་ཡིན་ནོ། །ཁོ་མོར་བྱ་དགའ་ཐོབ་ཚུལ་ནི་གསེར་གྱི་རྟགས་མ་དང་བོད་ཀྱི་འཛངས་མ་ཞེས་པའི་གཟེངས་རྟགས་མང་པོ་ལོན་ཡོད་ཀྱང་འདིར་ཡིག་ཚོགས་མང་བས་མ་བྲིས།  མོ་རང་དགེ་རྩ་ཚོགས་པ་མང་པོའི་ནང་དུ་ཞུགས་ནས་གླུ་བླངས་ཤིང་།  གླུ་ཡོན་རྣམས་སྤྱི་ཚོགས་ཐོག་གི་སློབ་མ་དཀའ་ངལ་ཅན་དང་རྒྱུ་མེད་རྣམས་ལ་རོགས་རམ་ཤིན་ཏུ་བཟང་པོ་མཛད་ཡོད།  མོ་ནི་རང་རིགས་དང་རང་རྒྱལ་ལ་ཤིན་ཏུ་དགའ་མཁན་གྱི་གླུ་མ་ཞིག་ཡིན་ནོ། །༢༠༡༢ལོར་ཁོང་གིས་ཁྲིན་ཏུའུ་བོད་མིའི་ཁྲོམ་རའི་ནང་དུ་ཐོས་པ་དགའ་ཞེས་པའི་བོད་ནུབ་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པའི་ཇ་ཟས་གསོལ་ཚིགས་གླིང་ཞིག་གསར་དུ་བཙུགས་ཤིང་།  སྣ་མང་རྫས་ཀྱིས་མ་སྦག་པའི་ཁྱད་ལྡན་བོད་ཟས་དང་བོད་ཇའི་རིགས་གང་མང་ཡོད་ལ།  ཁྲིན་ཏུའུ་ཀྱི་བོད་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་སའི་འདུ་གནས་ལེགས་ཤོས་ཤིག་ཡིན་ནོ།   །

གཡུང་དྲུང་ལྷ་མོའི་ངོ་སྤྲོད་མདོར་བསྡུས།

   གཡུང་དྲུང་ལྷ་མོ་ནི་མི་ཉག་གི་བོད་རིགས་ཡིན།  ༡༩༧༠ལོའི་ཟླ་བ་༨པའི་ཚེས་༢༥ཉིན་ལ་སི་ཁྲོན་ལིའང་ཧྲན་ཁུལ་ཚྭ་ཐོག་རྫོང་གི་གླིང་དགུ་མཚོ་འགྲམ་དུ་སྐྱེས།  གླིང་དགུ་མཚོ་ནི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་ས་ཆ་ལ་གནས་ཡོད།  སི་ཁྲོན་ས་ཁོངས་སུ་སུམ་ཆ་གཉིས་ཙམ་བཟུང་ཡོད་།  ༡༩༨༣ལོ་ལ་གདོད་མའི་མ་རྒྱུད་སྤྱི་ཚོགས་ཀྱི་བུ་མོའི་རྒྱལ་ཁབ་དང་ཁ་བྲལ་ནས་ཧྲང་ཧེ་རོལ་དབྱངས་སློབ་གླིང་དུ་རྒྱུགས་འཕྲོད་དེ་སློབ་སྦྱོང་ལ་ཞུགས།   ༡༩༨༩ལོ་ལ་གཡུང་དྲུང་ལྷ་མོ་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ནང་དུ་ལས་ཀ་བྱས།  སྐབས་དེར་མོ་རང་ནི་རྒྱལ་ཡོངས་ནང་ནས་ཆེས་ལོ་ན་གཞོན་པའི་ཁེར་ལེན་གླུ་མ་ཞིག་ཡིན། ༡༩༩༠ལོ་ལ་མོ་ནི་ཨ་མེ་རི་ཁར་བཅའ་སྡོད་བྱས།   དེའི་རྗེས་བཟའ་ཚང་འཐོར་ནས་ཨ་མེ་རི་ཁ་རུ་ལོ་བཅུའི་རིང་ལ་ཁེ་རྐྱང་གི་འཚོ་བ་རོལ།  དེའི་རྗེས་དབྱི་ཐ་ལི་རྒྱལ་ཁབ་དུ་གསོན་དཔེ་ལས་སྣེ་ལ་ཞུགས།  ༡༩༩༡ལོ་ལ་མོས་ཡོ་རོབ་གླིང་ཆེན་ཧྲིལ་པོ་ལ་ཡུལ་སྐོར་སྤྲོ་གསེང་བྱས།  ༡༩༩༣ལོའི་ཟླ་བ་༢་པ་ནས་བཟུང་གཡུང་དྲུང་ལྷ་མོས་སྔོན་རྗེས་སུ་འཇར་པན་དང་ སིང་ཀ་ཕོར་།   ཐའེ་ཝན་ས་ཁུལ་དང་རྒྱལ་ཁབ་སོགས་ལ་རང་མོས་འཆད་ཁྲིད་དང་ འཁྲབ་སྟོན་གྱི་ལས་ཀ་བསྒྲུབས།

   ༡༩༩༥ལོ་ལ་མོས་གོས་ཆས་ཚོང་རྒྱབ་པ་དང་ཆབ་གཅིག་ཏུ་གསོན་ཉམས་ལྡན་པའི་ལས་ཀ་བྱས།  དེ་མ་ཟད་ཧའོ་ལས་ཝུའུ་གློག་བརྙན་ཁང་དུ་ཞུགས་ནས་འཁྲབ་སྟོན་གྱི་ལས་ཀ་དང་གླུ་དབྱངས་སྦྲགས་གཏོང་གི་ལས་ཀ་བཅས་བྱས། 

༡༩༩༦ལོ་ལ་པེ་ཅིན་ཧྲང་ལིང་ཏན་དུ་ཀྲུང་གོ་རུ་བཅའ་སྡོད་བྱས་ཡོད་པའི་ནོར་ཝེ་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གི་ཕྱི་འབྲེལ་པ་ཧྲི་ཏ་ཝའུ་དང་མཇལ་འཕྲད་བྱུང་བ་ཡིན།   ཡིན་ན་ཡང་ཁོང་གཉིས་ཀྱི་མཛའ་བརྩེ་དེ་ལོ་བདུན་གྱི་རིང་ལས་རྒྱུན་སྐྱོང་བྱེད་མ་ཐུབ་པར་ཡང་སོ་སོར་ཁ་གྱེས་པ་རེད།

༡༩༩༧ལོ་ནས་བཟུང་མོས་རྩོམ་ཡིག་འབྲི་རྒྱུའི་མགོ་བཙུགས།  ཁོང་གིས་བརྩམས་ཆོས་ནི། བུ་མོའི་རྒྱལ་ཁབ་ནས་ཕྱིར་འགྲོ་བ་དང་།  ཀྲུང་གོའི་དམར་པོ་དེ་ནོར་ཝའེ་སྔོན་པོར་ཐུག་པ།  ཁྱེད་ཀྱང་ལེགས་པོ་རེད་སོགས་རྩོམ་ཡིག་དེབ་༡༣བརྩམས་པ་མ་ཚད་ཡིག་རིགས་༢༧ལ་ཡིག་བསྒྱུར་བྱས་པ་ཡིན་ནོ།   ། 

   ༢༠༠༣ལོ་ལ་མོ་རང་ཉིད་ཀྱི་བརྩམས་སྒྲུང་ནི་མ་མཚོ་ལས་ཁ་བྲལ་བ། ཞེས་པ་དེས་ཨ་མེ་རི་ཁར་སྙན་གྲགས་ཆེན་པོ་བཞག།  དེའི་དུས་སུ་ནའུ་ཡོག་ཚགས་པར་ནང་དུ་བཀོད་པས་སྙན་གྲགས་ཇེ་ཆེར་སོང་།  མོས་རང་ཉིད་ལ་ཁྱད་འཕགས་ཏུ་ཡོད་པའི་མགྲིན་དབྱངས་དང་མཛེས་སྡུག་ཤེས་རིག་ཡོན་ཏན།  རང་བཞིན་སྤྱང་པོ་བཅས་དགེ་མཚན་གྱིས་གླིང་དགུ་མཚོའི་ཕྱི་རོལ་གྱི་འཇིག་རྟེན་མིའི་སེམས་འཐུལ་ཡོད་པ་ཡིན།  དེར་བརྟེན།  འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ས་ཁུལ་དེ་ནི་ཆེས་ངོ་མཚར་བ་དང་མཛེས་སྡུག་ལྡན་པའི་ས་ཁུལ་ཞིག་ཡིན་པར་ཁས་བླངས་པ་རེད། 

༢༠༠༥ལོ་ལ་མོས་ལོ་བདུན་གྱི་མཛའ་བརྩེ་དང་ལྐོག་ཏུ་འཐུལ་བའི་དྲི་ཞིམ་བཅས་དེབ་གཉིས་པར་སྐྲུན་བྱས།

༢༠༠༧ལོ་ལ་ཧུའུ་ནན་ཞིང་ཆེན་བརྙན་འཕྲིན་ཁང་གིས་རྩ་འཛུགས་བྱས་པའི་སེམས་སྤྲོ་པའི་བུ་སློབ་ཞེས་པ་དེའི་ཞིབ་དཔྱོད་པ་བྱས།

༢༠༠༨ལོ་ལ་རང་ཉིད་ཀྱི་ལོ་རྒྱུས་མེ་ཏོག་བཏགས་པའི་བུ་མོ་ཞེས་པའི་བརྩམས་ སྒྲུང་པར་སྐྲུན་བྱས། 

༢༠༡༠ལོ་ལ་སུའུ་ཀྲུའུ་ཡི་ཆེས་མཛེས་པའི་ལྷའི་ཕོ་ཉ་ལ་ཞིབ་དཔྱོད་བྱས།

༢༠༡༡ལོ་ལ་ཁྲུང་ཆིན་ཚགས་པར་གྱིས་ཐའེ་ཅིང་ཐེབས་རྩ་ལྷན་ཚོགས་གྱི་གཅེས་ སེམས་གཟུགས་སྣང་གི་གཞུང་ཚབ་ཆེན་མོ་བྱས།

༢༠༡༣ལོ་ལ་འབྲུག་ཡུལ། ངའི་སྐྱེ་བ་སྔོན་མའི་རྒྱལ་ཁབ་ཅེས་པའི་བརྩམས་སྒྲུང་པར་སྐྲུན་བྱས།

བྱ་དགའ་ཐོབ་པའི་གནས་ཚུལ། 

༢༠༠༧ལོའི་ནང་དུ་"༢༠༠༧ལོའི་རྩོམ་ཡིག་བགྲོ་གླེང་"ཐོག་ལོ་དེའི་ཆེས་ལེགས་པོའི་རྩོམ་ཡིག་གི་བྱ་དགའ་ཐོབ།

༢༠༠༩ལོ་ལ་"ཤིས་ཁྲང་༢༠༠༩ལོའི་ཁྲོན་ཚོང་གི་ཆེས་ཡིད་དབང་འཕྲོག་པའི་བུ་མོ་བཅུ་"ཞེས་པའི་བྱ་དགའ་ཆེན་པོ་ཐོབ་པ་དང་དུས་མཚུངས་སུ་"རང་བཞིན་དང་ཁྱད་ཆོས་ལྡན་པ་"ཞེས་པའི་བྱ་དགའ་ཡང་ཐོབ་ཡོད་པ་ཡིན། གོང་གི་གླུ་མ་རྣམས་ནི་གླུ་མ་ཡང་ཡིན་ལ་མཛེས་མའང་ཡིན་པ་ཚང་མས་ཤེས་པར་བྱ་དགོས་སོ། །

སྨད་གནས་ཀྱི་གླུ་མ་ནམ་མཁའ་བུ་ཁྲིད་ཀྱི་ངོ་སྤྲོད།

མཛེས་མ་ནམ་མཁའ་བུ་ཕྲུག་ནི་ཕ་རྒན་གཟི་ཚ་ཚེ་རིང་གཡུང་དྲུང་དང་མ་རྒན་རྒྱམ་པོ་འབྲུག་མོ་གཉིས་ཀྱི་རིགས་རྒྱུད་དུ།  རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོ་སྟེ་སྤྱི་ལོ་༡༩༦༣ལོར་ལིའང་ཧྲན་རང་སྐྱོང་ཁུལ་སྨད་གནས་སྒོ་ནོ་རྫོང་ཧོབ་ངར་བོད་རིགས་ཡུལ་ཤོག་གི་ལ་དགུ་ས་སྡེ་པ་རུ་སྐྱེས།  མོས་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་པ་བྱས་ནས་སྦྱངས་འབྲས་བཟང་པོ་ཐོབ།  དེང་སང་མོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲམ་སྟོན་པ་དང་།  མཚན་སྙན་ལྡན་པའི་འཁྲབ་ཁྲིད་པ།  རོལ་མོ་བ།  སྐད་གྲགས་ཅན་གྱི་རྟགས་མ་ཇུས་འགོད་བྱེད་མཁན་བཅས་ཡིན།  མོས་དེང་སང་སི་ཁྲོན་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གོའི་ཅེ་ཙིའི་སི་ཁྲོན་ནུབ་ཕྱོགས་དམངས་ཁྲོད་གླུ་དབྱངས་སྡེ་ཁག་གི་མགོ་ཁྲིད་ཀྱི་འགན་ཁུར་བཞིན་ཡོད།  མོ་ཡིས་ཚིག་དང་གདངས་རྩོམ་པའི་གླུ་དབྱངས་ནང་དུ་གནམ་ས་གཉིས་ལ་བཀྲ་ཤིས་པར་ཞུ་ཞེས་པ་ལ་སྤྱི་ལོ༢༠༠༩ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་དུས་ཆེན་གྱི་བྱ་དགའ་བཟང་པོ་ཐོབ་ཡོད་པ་མ་ཚད།   མཛེས་སྡུག་ལྡན་པའི་ཕ་ཡུལ་ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་མ་བྱེད་པའི་དགུང་ཚོགས་ཐོག་ཏུ་འཁྲབ་སྟོན་བྱས་པ་དང་།   ད་དུང་མཛའ་བརྩེ་ཡུན་དུ་གནས་པར་སྨོན་ཟེར་བ་དང་།   བཀྲ་ཤིས་པའི་སྨོན་འདུན།  དར་མདོའི་ཟླ་བ།  ངས་ཅེ་ཙིར་ཁྱེད་ལགས་བསྒུག་ནས་ཡོད།  ཅེ་ཙིར་བུ་མོ་ཟེར་བ་སོགས་རོལ་དབྱངས་སྙན་པོ་མང་པོ་ཡོད།  

༢༠༠༩ལོར་མོས་ད་དུང་ཁྲིན་ཏུའུ་ཅིང་ཧྲ་གནའ་ཤུལ་གྱི་ཉི་མར་བསྟོད་པ་ཞེས་པའི་འཁྲབ་ཚན་གྱི་སྤྱི་ཁྱབ་འཁྲབ་པའི་ལས་འགན་ཁུར་ཞིང་།   ༢༠༠༩ལོར་མོས་ཁྲིན་ཏུའུ་ཡི་སྐབས་དང་པོའི་ནགས་ཚལ་རིག་གནས་དུས་སྟོན་གྱི་མགོ་འཛུགས་པའི་མཛད་སྒོའི་སྤྱི་ཁྱབ་འཁྲབ་པའི་ལས་འགན་ཁུར།  ༢༠༠༩ལོར་མོས་ཆུང་ལེའི་སྐབས་དང་པོའི་དར་གོས་ལྷོ་ལམ་དང་ཝུན་ཅིན་རིག་གནས་ཡུལ་སྐོར་དུས་སྟོན་གྱི་ཇུས་འགོད་པ་དང་།      སྤྱི་ཁྱབ་འཁྲབ་ཁྲིད་པའི་འགན་ཁུར། ༢༠༠༩ལོར་རིག་གནས་པུའུ་ཡིས་པེ་ཅིན་ཏུ་བསྡུས་འཚོགས་བྱས་པའི་འཁྲབ་ཚན་སྤུས་ལེགས་མཉམ་འཁྲབ་ཟེར་བའི་འཁྲབ་སྟོན་བྱེད་སྐབས།  མོས་མཛེས་སྡུག་ལྡན་པའི་སི་ཁྲོན་ཟེར་བའི་འཁྲབ་ཚན་གྱི་ཇུས་འགོད་པ་དང་།     སྤྱི་ཁྱབ་འཁྲབ་ཁྲིདཔའི་ལས་འགན་ཁུར།   ༢༠༡༠སི་ཁྲོན་ཞིང་ཆེན་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་སྟོན་སྐབས་སུ་མོས་སྤྱི་ཁྱབ་འཁྲབ་ཁྲིདཔའི་འགན་ཁུར་བར་མ་ཟད།    ཁྲིན་ཏུའུ་ས་ཁུལ་གྱི་ཁྱིམ་ནི་ཁྲིན་ཏུའུ་ཡོད་ཅེས་པའི་ཇུས་བཀོད་བྱས་པ་དང་།      སྤྱིའི་འཁྲབ་ཁྲིད་ལས་འགན་ཁུར།  ༢༠༡༡ལོར་མོས་སྐབས་གསུམ་པའི་རྒྱལ་སྤྱིའི་དངོས་མིན་རིག་གནས་ཤུལ་རྫས་དུས་སྟོན་མཇུག་གྲོལ་དགུང་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པའི་འགན་ཁུར།   ༢༠༡༢ལོར་སྐབས་བཞི་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྒྱུ་རྩལ་ལྷན་འཛོམས་སྤྱིའི་འཁྲབ་སྟོན་བྱེད་སྐབས།  ནམ་མཁའ་བུ་ཕྲུག་ལྷན་འཛོམས་འཁྲབ་ཁྲིད་ནང་དུ་ཞུགས་པ་མ་ཟད།  བཀྲ་ཤིས་པའི་སི་ཁྲོན་ཞེས་པའི་འཁྲབ་ཚན་གྱི་ཇུས་འགོད་པ་དང་།  སྤྱི་ཁྱབ་འཁྲབ་ཁྲིདཔའི་གཙོ་འགན་ཁུར་ཅིང་།  འཁྲབ་ཁྲིདཔའི་བྱ་དགའ་ཐོབ།    བཀྲ་ཤིས་པའི་སི་ཁྲོན་ཞེས་པར་ཐེངས་འདིའི་འཁྲབ་སྟོན་གྱི་གསེར་གྱི་བྱང་བུའི་བྱ་དགའ་ཞིག་ཀྱང་ཐོབ་པ་ཡིན་ནོ།  །གཞན་ཡང་དེང་སང་རྔ་བ་ཁུལ་རྐ་ཁོག་རྫོང་གི་ཧ་ལ་མ་མཉམ་སྡེབ་ཀྱི་གླུ་མ་ཚེ་རིང་སྐྱིད་དང་།  གཡང་སྐྱིད།  མ་ཅིག་སྐྱིད་བཅས་ཀྱི་མི་རྒྱུད་ནི་མི་ཉག་ལས་ཆད་པ་ཡིན་ནོ།  །

ལེའུ་བཅུ་དྲུག་པ། རང་ཡུལ་དང་འབྲེལ་ཡོད་ཀྱི་རྒྱལ་ཕྲན་སྐོར།

འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།

དེ་ཡང་དུས་རབས་དགུ་བའི་གོང་དུ་བྱུང་བའི་འབྲུག་ཡུལ་གྱི་གནས་ཚུལ་རྣམས་གསལ་བོ་ཤེས་རྟོགས་བྱུང་མེད་པ་དང་། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་ཏུ་བསླེབས་ཤིང་། གནས་དེར་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཁ་ཇེ་རྒྱས་སུ་ཕྱིན་པ་རེད། དུས་རབས༡༢བའི་ནང་དུ་འབྲུག་ཏུ་འབྲུག་པ་བཀའ་བརྒྱུད་དར་སྤེལ་བྱུང་བ་དང་། དེ་ནས་འབྲུག་གི་ཆབ་སྲིད་ཀྱི་ལོ་རྒྱུས་རྣམས་བོད་ཀྱི་ཆོས་བརྒྱུད་ཀྱི་ལམ་ལུགས་རྨང་གཞིར་བཟུང་བའི་སྟེང་ནས་གོང་འཕེལ་དུ་བྱུང་བ་དང་། འབྲུག་ཡུལ་ནི། ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་མང་ལ་བརྟེན་ནས་རིམ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་པར་གྱུར་ཡོད། དུས་རབས་བདུན་པའི་དཀྱིལ་ནས་དུས་རབས་དགུ་བའི་བར་དུ་བོད་ཀྱི་རྒྱལ་རབས་ཀྱི་སྲིད་དབང་གི་འོག་ཏུ་གནས་ཡོད་པར་བཤད་པ་དང་། དེའི་རྗེས་སུ། འབྲུག་ཡུལ་དུ་གཅིག་གྱུར་གྱི་དབང་བསྒྱུར་མེད་པར་ས་གནས་ཁག་ཁ་འཐོར་དུ་གནས་པའི་ཡུལ་གྱི་དཔོན་པོ་བྱུང་བ་དང་། སྤྱི་ལོ༡༦༡༦ལོའི་ནང་དུ། བོད་ཀྱི་གཙང་སྟོད་ནས་ཡིན་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ཡུལ་དུ་ཕེབས་ནས། ཁོང་གིས་འབྲུག་ཡུལ་ནི་གཅིག་གྱུར་གྱི་ཡུལ་གྲུ་ཞིག་ཏུ་བཟོས་ཤིང་། འབྲུག་པའི་རིག་གཞུང་གི་ངོ་བོ་སོགས་བོད་ཀྱི་ཤེས་རིག་གི་ཁྱད་ཆོས་ལས་ཁ་བྲལ་དུ་གནས་པར་འབད་བརྩོན་གནང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནི་བོད་ཀྱི་གཙང་རྭ་ལུང་དགོན་པ་ནས་ཡིན་པ་དང་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འཛིན་མཁན་འབྲུག་པ་མི་ཕམ་པ་བསྟན་པའི་ཉི་མ་དང་སྡེ་བ་སྐྱིད་ཤོད་པའི་སྲས་མོ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ཡིན། གཞོན་དུས་ཁོང་ནི་རྒྱལ་དབང་འབྲུག་ཆེན་གྱི་ཡང་སྲིད་ངོས་འཛིན་མཛད་དེ་གཙང་རྭ་ལུང་དགོན་པར་ཁྲི་འདོན་གནང་ན་ཡང་འབྲུག་ཆེན་པདྨ་དཀར་བོའི་རྗེས་འབྲངས་པ་ལྷ་རྩེ་ངག་དབང་བཟང་པོ་སོགས་ཀྱིས་ངོས་ལེན་མ་གནང་པ་དང་། ཡིན་ཡང་། ཁོང་གིས་མུ་མཐུད་དུ་འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་རྭ་ལུང་དུ་མུ་མཐུད་དུ་རྒྱུན་བཞུགས་དང་ཁྲི་འཛིན་གནང་བ་ལ་གཞན་གྱིས་དབྱེན་སྦྱོར་སྣ་མང་བརྩམས་པ་དང་། བོད་ཀྱི་གཙང་པ་སྡེ་སྲིད་ལགས་ཀྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འཛིན་བཟུང་བྱེད་པར་གྲ་སྒྲིག་བྱས་པ་ལ་བརྟེན་ནས། སྤྱི་ལོ༡༦༡༦ལོར་ཁོང་བོད་ནས་ཕྱོགས་ཐོན་མཛད་དེ་འབྲུག་ཏུ་ཕེབས་པ་དང་དེའི་ནུབ་ཕྱོགས་ཀྱི་ས་གནས་ཁག་ཏུ་རྟེན་གཞི་བྱས་ནས་རྒྱུན་བཞུགས་གནང་བ་མ་ཟད། ཐིམ་པུ་ལུང་གཞོངས་ཀྱི་སྟོད་ཕྱོགས་སུ། སྤྱི་ལོ༡༦༢༠ལོར་འབྲུག་པ་བཀའ་བརྒྱུད་ཀྱི་ཆག་རི་དགོན་པ་ཕྱག་འདེབས་མཛད་ཅིང་། འབྲུག་ཡུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་རིམ་བཞིན་གསར་བཏོད་གནང་བ་རེད། ད་དུང་སྤྱི་ལོ༡༦༢༩ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་ཐིམ་པུ་ཕྱོགས་སུ་བསམ་སྟོད་ཀ་རྫོང་སྟེ་སྲིད་འཛིན་གྱི་ལྟེ་བ་གསར་འཛུགས་གནང་ཞིང་། དུས་རབས༡༢ནས་འབྲུག་གི་ནང་དུ་དར་ཁྱབ་བྱུང་བའི་ལྷ་པ་བཀའ་བརྒྱུད་དང་རྙིང་མའི་ཆོས་བརྒྱུད་བཅས་ཀྱིས་བདག་འཛིན་བྱས་པའི་ས་ཆ་ཁ་ཤས་ཤིག་ལ་དབང་བསྒྱུར་མཛད་ཅིང་། དེ་ནས་རིམ་གྱིས་འབྲུག་གི་ས་ཁུལ་ཡོངས་སུ་ལས་འགུལ་སྣ་མང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་ལ་བརྟེན་ནས། འབྲུག་ཡོངས་རྫོགས་གཅིག་གྱུར་གྱི་དབང་བསྒྱུར་མཛད་པའི་ཐབས་ཤེས་བཤམས་པ་རེད། འབྲུག་གི་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་བཟོས་ཤིང་། བོད་ཀྱི་སྡེ་བ་གཞུང་གི་སྲིད་ཀྱི་དབང་བསྒྱུར་ལས་ལོགས་སུ་བགར་བ་དང་།ཞབས་དྲུང་ཞེས་པའི་མིང་གི་གོ་གནས་སོགས་བཟུང་སྟེ་འབྲུག་གི་དགོན་སྡེ་དང་མི་སྡེ་ཁག་གི་སྲིད་འཛིན་སྐྱོང་གི་ལམ་ལུགས་གསར་དུ་བཏོད་ཡོད། དེ་ནས་སྤྱི་ལོ༡༦༥༡ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་སྐུ་འདས་གྲོངས་སུ་ཕྱིན་པ་རེད། དེའི་རྗེས་སུ་སྲིད་ཀྱི་དབང་ཆ་མཐའ་དག་ཁོང་གི་རྗེས་འབྲངས་བ་ཡིན་པའི་ས་གནས་དཔོན་སློབ་རྣམས་ཀྱིས་མཇུག་སྐྱོང་གནང་བ་དང་། ཁོང་སྐུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ནི་ས་གནས་དཔོན་སློབ་རྣམས་ཀྱི་ལོ་ངོ༥༤རིང་དུ་གསང་རྒྱ་མཛད་དེ་མུ་མཐུད་དུ་ཁོང་གི་ལས་དོན་རྣམས་རྒྱུན་འཛིན་གནང་པ་རེད། ད་ལྟའང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འདས་གྲོངས་སུ་ཕྱིན་པའི་ཉིན་མོ་དེ་འབྲུག་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་ལྟར་དུ་བོད་ལུགས་ཀྱི་ཟླ་བཞི་བའི་ཚེས་བཅུ་ལ་སྲུང་བརྩི་ཞུ་བཞིན་པ་རེད། དེ་ནས་རིམ་གྱིས་འབྲུག་གི་ས་གནས་ཁག་ཏུ་ལོ་ངོ་ཉིས་བརྒྱའི་རིང་དུ་མི་དམངས་ནང་ཁུལ་ལ་སྲིད་དབང་རྩོད་ལེན་དང་འཐབ་འཛིང་ནང་འཁྲུག་གི་རྒྱུན་མ་ཆད་པར་བསྟུད་མར་བྱུང་བ་ཁག་བརྒྱུད་ནས། སྤྱི་ལོ༡༨༨༥ལོར་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གིས་འབྲུག་གི་སྲིད་དབང་མཐའ་དག་གཅིག་ཏུ་བསྒྲིལ་པ་དང་། དེ་སན་ཨིན་ཇི་དང་རྒྱ་གར་མཉམ་དུ་མཐུན་སྒྲིལ་གྱི་ཆིངས་ཡིག་རྒྱུད་འཛིན་བྱས་པ་རེད། ཨོ་རྒྱན་དབང་ཕྱུག་ནི་སྤྱི་ལོ༡༨༦༢ལོར་ཀྲོང་གསར་རྫོང་གི་དཔོན་སློབ་ཀྱི་གོ་གནས་འཛིན་པའི་འཇིགས་མེད་རྣམ་རྒྱལ་དང་ཨ་ཞེ་པད་མ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཡབ་དམ་པའི་དཔོན་སློབ་ཀྱི་གོ་གནས་རྒྱུན་འཛིན་དང་ཆབ་སྲིད་ཀྱི་དགྲ་བོ་རྣམས་ཕམ་པར་མཛད་པ་ལ་བརྟེན་ནས།འབྲུག་གི་རྒྱལ་ས་རྙིང་བ་སྤུ་ན་ཁའི་མི་དམངས་ཀྱིས་ཁོང་ནི་འབྲུག་གི་རྒྱལ་བོར་བདམས་པ་དང་། སྤྱི་ལོ༡༩༠༧ལོའི་ཟླ༡༢པའི་ཚེས༡༧ཉིན་ལ་འབྲུག་གི་རྒྱལ་བོའི་དབུ་ཞྭ་ལེགས་པར་བསྣམས་ཡོད་པ་རེད། སྤུ་ན་ཁ་ནི་འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པའི་ནང་གི་གཅིག་ཡིན་པ་དང་། དེ་ནི་སྤྱི་ལོ༡༩༥༥ལོའི་བར་དུ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་དང་སྲིད་འཛིན་གྱི་ས་གནས་ཤིག་ཏུ་གྱུར་ཡོད། དེའི་རྗེས་སུ་རྒྱལ་ས་ཐིམ་པུ་ལ་གནས་སྤོར་གནང་ཡོད། སྤྱི་ལོ༡༩༡༩ལོའི་ནང་དུ་ཁོང་གིས་ཨིན་ཇི་དང་མཉམ་དུ་སྤུ་ན་པའི་ཆིངས་ཡིག་བཞག་ནས་ཨིན་ཇིའི་རྒྱ་གར་གཞུང་གིས་འབྲུག་རྒྱལ་རབས་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་བཟོས་པ་རེད། སྤྱི་ལོ༡༩༢༦ལོར་ཨོ་རྒྱན་དབང་ཕྱུག་སྐུ་གྲོངས་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་རྒྱལ་བོའི་རྒྱུན་འཛིན་གནང་ནས་སྲིད་ཀྱི་གོ་གནས་བཟུང་བ་རེད། སྤྱི་ལོ༡༩༤༧ལོར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ། རྒྱ་གར་གྱི་གཞུང་གསར་བས་འབྲུག་ཡུལ་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་ཡོད། ལོ་དེར་རྒྱ་གར་དང་འབྲུག་གཉིས་ཀྱིས་ཞི་བདེ་དང་མཛའ་མཐུན་གྱི་ཆིངས་ཡིག་ལ་མཚན་རྟགས་བཀོད་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ནང་དུ་རྒྱ་གར་གྱིས་འབྲུག་ལ་བཀོད་འདོམས་བྱེད་པ་ལས་འབྲུག་གི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་འགན་ལེན་བྱས་ཡོད། སྤྱི་ལོ༡༩༥༢ལོར་ཁོང་གི་སྲས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་རྒྱལ་བོའི་གོ་གནས་བཞེས་པ་དང་། དེ་ནས་འབྲུག་རྒྱལ་ཁབ་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་བྱུང་ཞིང་། སྤྱི་ལོ༡༩༧༡ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ཡོད། ཁོང་གིས་འབྲུག་ཏུ་རྒྱལ་ཡོངས་གྲོས་ཚོགས་དང་རྒྱལ་བོའི་དམག་དཔུང་དང་མཐོ་རིམ་ཁྲིམས་ཁང་སོགས་བཙུགས་ནས་དེང་རབས་སུ་ཕྱོགས་སུ་བསྐྱོད་པའི་མགོ་བརྩམས་ཡོད། སྤྱི་ལོ༡༩༧༢ལོར་རྒྱལ་བོ་འཇིགས་མེད་སེང་གེ་དབང་ཕྱུག་གློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། ཁོང་གིས་སྲས་འབྲུག་རྒྱལ་བཞི་བ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ལགས་དགུང་ལོ་བཅུ་བདུན་སྟེང་རྒྱལ་བོའི་ཁྲི་ལ་འཁོད་ཅིང་། སྤྱི་ལོ༡༩༧༤ལོའི་ཟླ༦ཚེས༢ཉིན་ལ་འབྲུག་རྒྱལ་པོའི་དབུ་ཞྭ་གསོལ་བ་རེད། ཁོང་ནི་འཛམ་གླིང་འདིའི་ནང་གི་རྒྱལ་བོ་གཞོན་ཤོས་དེ་ཆགས་པ་དང་། འབྲུག་དང་། རྒྱ་གར། ཨིན་ཇི། ཨ་རི་སོགས་ཀྱི་མཐོ་སློབ་ཁག་ཏུ་དེང་རབས་ཀྱི་ཤེས་ཡོན་སྣ་མང་ལ་སློབ་སྦྱོང་བྱས་མྱོང་བའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་གནས་ཚུལ་ལ་ཤེས་རྟོགས་ཟབ་པ་དང་འབྲུག་ཏུ་དེང་གི་ཤེས་ཡོན་སློབ་གསོ་དང་། ཆབ་སྲིད་འཛིན་སྐྱོང་། ཡུལ་སྐོར་ལྗོངས་རྒྱུ། དཔལ་འབྱོར་བཅོས་བསྒྱུར། རྒྱལ་ཡོངས་བདེ་སྐྱིད། དམངས་གཙོའི་ལྟ་གྲུབ་ལ་སོགས་གོང་འཕེལ་དང་ཡར་རྒྱས་སུ་བཏང་བའི་རླབས་ཆེན་གྱི་མཛད་རྗེས་ཡོད་པ་ཞིག་ཡིན། འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཡང་སྲིད་ཀྱི་སྐོར་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སོགས་རྩོད་རྙོག་སྣ་མང་གི་ཁྲོད་དུ་འབྲུག་སྡེ་སྲིད་དང་། རྗེ་མཁན་པོ། དཔོན་སློབ་གསུམ་གྱིས་ངོས་འཛིན་སྟངས་མི་འདྲ་བ་མང་བོ་རིམ་པར་བྱོན་པ་དང་འབྲུག་གཞུང་གིས་ཁོང་གི་སྤྲུལ་སྐུ་ལ་བཀག་སྡོམ་གྱི་བྱེད་ཐབས་ཀྱང་མཛད་པ་རེད། གཞན་ཡང་། རྒྱ་གར་གྱི་མོན་རྟ་དབང་དགོན་པ་དང་། བོད་སོགས་སུའང་ཁོང་གི་ཡང་སྲིད་བྱུང་ཡོད་པ་སྟེ། དེང་སང་ཨི་ཏ་ལིར་བཞུགས་པའི་བོད་རིགས་མཁས་དབང་ནམ་མཁའི་ནོར་བུ་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ཡིན་པར་བཤད་དོ། །ད་དུང་དེང་སང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་ལ་ངོས་འཛིན་གནང་བའི་ཕྲུ་གུ་ལོ་ཆུང་ཆུང་ཞིག་ཡོད་པ་སྤྱི་ལོ༢༠༠༥ལོ་ནས་བཟུང་ཕ་མ་དང་མཉམ་དུ་བཟང་བཙོན་དུ་བཞག་ཡོད་པར་བཤད་པ་རེད། སྤྱི་ལོ༢༠༠༦ལོའི་ཟླ༡༢བའི་ཚེས༡༤ཉིན་དུ་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་གིས་རྒྱལ་བོའི་སྲིད་དབང་གི་གོ་གནས་ལས་དགོངས་པ་ཞུས་ནས། སྲས་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོ་བཞག་གནང་བ་རེད། སྤྱི་ལོ༢༠༠༨ལོའི་ཟླ༡༡པའིཚེས༦ཉིན་དུ་འབྲུག་གི་གནའ་བོའི་གྲོང་ཁྱེར་རྙིང་བ་སྤུ་ན་ཁ་རུ་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་གི་སྟེང་དུ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་རྒྱལ་བོའི་དབུ་ཞྭ་དེ་གསོལ་བ་རེད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ཐེ་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་མང་བོ་མཉམ་ཞུགས་གནང་ཡོད། སྲས་འཇིགས་མེད་གེ་སར་ནི་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལ་བཙུན་མོ་བཞི་ཡོད་པའི་ནང་གི་གསུམ་པ་ཨ་ཤེ་ཚེ་རིང་གཡང་སྒྲོན་གྱི་སྲས་རྒན་པ་ཡིན། ཁོང་གིས་ཆུང་དུས་འབྲུག་ཏུ་གཡང་ཆེན་པུ་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་དང་། དེ་ནས་རིམ་བཞིན་ཨ་རི་ནང་དུ་མཐོ་སློབ་ཁག་ཁ་ཤས་ལ་འགྲིམས་པའི་རྗེས་སུ་ཨིན་ཇིའི་ཨོ་པུ་སི་ཕིར་ཏྲི་སློབ་ཆེན་དུ་ཕྱི་ཕྱོགས་ཀྱི་ཞབས་ཞུ་སྒྲིག་གཞི་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་ལ་སློབ་གཉེར་བྱས་ནས་སློབ་ཐོན་ཕྱིན་པ་རེད། སྤྱི་ལོ༢༠༡༡་ལོའི་ཟླ༥བའི་ཚེས༢༠ཉིན་དུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོ་གནང་བའི་སྐབས་སུ། ཁོང་ནི་སྤྱི་ལོ༢༠༡༡ལོའི་ཟླ༡༠བའི་ཚེས༡༣ཉིན་དུ་སྤུ་ན་ཁ་གྲོང་ཁྱེར་དུ་རང་ལོ་ཉེར་གཅིག་ཡིན་པའི་འབྲུག་གི་མི་སེར་དཀྱུས་མ་རྗེ་བཙུན་པདྨ་ལགས་ན་འཁྲུངས་བསྐྱོན་རྒྱུ་ཡིན་པར་གསལ་བསྒྲགས་བསྐྱངས་པ་རེད། དེ་ལྟར་དུ་ཉིན་དེར་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྗེ་བཙུན་པད་མ་མཆོག་འབྲུག་གི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད།

དབྱིན་ཡིག་གི་མིང་ལ། Kingdom  of Bhutan

བསྡུས་མིང་། འབྲུག་པ།

གནས་སའི་གླིང་ནི། ཡ་གླིང་ཡིན།

རྒྱལ་ས་ནི། གྲོང་ཁྱེར་གཙོ་བོ་དང་། པ་ལོ། ཕོས་རྣ་ཁ་བཅས་རེད།

རྒྱལ་ཁབ་དབུ་བརྙེས་པའི་དུས་ཚོད། ༡༩༠༧ལོ་ཡིན།

རྒྱལ་གླུ་ནི།  ཀླུའི་རྒྱལ་པོ་ཞེས་པ་དེ་ཡིན།

རྒྱལ་ཁབ་ཚབ་རྟགས། BHU

གཞུང་ཕྱོགས་སྐད་ཡིག ཙོང་ཁའི་སྐད།

དངུལ་སྒོར།  ནོས་ཨིར་ཐི་ལའོ་མོའུ་ཞེས་པ་དེ་ཡིན།

དུས་ཁུལ། UTC+6

ཆབ་སྲིད་སྒྲིག་གཞི། དབྱི་ཧི་གྲོས་ཚོགས་རྩ་ཁྲིམས་ཀྱིས་ཐག་བཅད་པའི་རྒྱལ་པོའི་ལམ་ལུགས་ཡིན།

རྒྱལ་ཁབ་ཀྱི་གཙོ་འཛིན་ནི། རྒྱལ་པོ་ཡིན།

མི་གྲངས་ཚད།  ༧༠༨༢༧(༢༩༡༡ལོར)

མི་གྲངས་འདུས་ཚད། སྤྱི་ལེ་གྲུ་བཞི་མ་རེ་ལ་མི༡༨.༠ (༢༩༡༡ལོར)

མི་རིགས་གཙོ་བོ། འབྲུག་པ་མི་རིགས། བལ་པོ་མི་རིགས།

ཆོས་ལུགས་གཙོ་བོ། སངས་རྒྱས་ཆོས་ལུགས་རེད།

རྒྱལ་ཁོངས་རྒྱ་ཁྱོན།  སྤྱི་ལེ་གྲུ་བཞི་མ༣༨༣༩༤ཡོད།

རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་ཨ་སྒོར་དུང་ཕྱུར༢༡.༩༦ (༢༠༠༢ལོར)ཡོད།

མིའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་ཨ་སྒོར༢༩༥༤༡.༠ (༢༠༡༢ལོར)

རྒྱལ་ཡོངས་ཁ་པར། +975

རྒྱལ་ཡོངས་ས་ཁུལ་བསྡུས་མིང་།,bt

འགྲོ་ལམ་བཤུལ་བགྲོད། གཡོན་ཕྱོགས་ལ་ཁ་ལོ་སྐོར་བ།

རྒྱལ་ཁབ་ཀྱི་མེ་ཏོག་ནི།  མེ་ཏོག་སྔོན་པོ་སྤུ་ཅན་ཡིན།

རྒྱལ་ཁབ་ཀྱི་མཚོན་རྟགས། འབྲུག་རིས་ཡིན།

མིའི་རིགས་འཕེལ་རྒྱས་གྲངས་ཚད། ༠.༥༣༨ (འབྲིང༢༠༡༣ལོར།) རྒྱབ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་ནི།  ཡུམ་བུ་ཡིན།

འབྲུག་པ་རྒྱལ་པོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲིད་འཛིན་ས་ཁུལ་འབྱེད་མཚམས་ནི། ནུབ་ཕྱོགས་ས་ཁུལ་དང་།  ཀྲུང་དབྱང་ས་ཁུལ།  ལྷོ་ཕྱོགས་ས་ཁུལ།  ཤར་ཕྱོགས་ས་ཁུལ་ཆེན་པོ་བཞི་དང་དེ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་པ་ཡིན་ནོ།  །ཞར་བྱུང་མཁས་པ་དམུ་དགེ་བསམ་གཏན་གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས།  མི་ཉག་ནི་བོད་ཡིན་ཏེ།  མི་ཉག་དང་།  འབྲུག་པ་རྒྱལ་པོ་གཉིས།  བོད་རྒྱལ་གྱི་སྤུན་གཉིས་སོ་སོར་ཁམས་ཀྱི་རྒྱལ་པོ་བྱས་པ་ཡིན་ཞེས་གསུངས་སོ།  །

འབྲས་ལྗོངས་ཀྱི་ངོ་སྤྲོད་མདོར་བསྡུས།

འབྲས་ལྗོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༧༢༠༠ཡོད་ཅིང་། ༡༩༩༧ལོར་མི་འབོར་ནི་མི་འབུམ་ལྔ་ཡོད་པའི་ནང་བརྒྱ་ཆ༧༥ནི་བལ་བོའི་མི་རིགས་ཡིན་པ་དང་། དེ་མིན་ནི་ཕུའུ་ཇུ་ཡ་མི་རིགས་དང་ལུའེ་པུའུ་ཁྲ་ཞེས་པའི་མི་རིགས་གཉིས་ཡིན་ལ་དེའི་ནང་ལུའེ་པུའུ་ཁྲ་མི་རིགས་ལ་འབྲས་ལྗོངས་རིགས་ཡང་ཟེར། རྒྱུན་དུ་སྤྱོད་པའི་སྐད་རིགས་ནི་ཕུའུ་ཇུ་ཡའི་སྐད་དང་བལ་བོའི་སྐད་ཡིན། དབྱིན་ཡིག་ནི་གཞུང་སྤྱོད་སྐད་ཡིག་ཡིན། དད་པ་བྱེད་ཡུལ་ནི་སངས་རྒྱས་ཆོས་ལུགས་དང་རྒྱ་གར་ཆོས་ལུགས་ཡིན།  རྒྱལ་སའི་མིང་ལ་སྒང་ཐོག་ཟེར། འབྲས་ལྗོངས་ཀྱི་གནས་ཡུལ་ནི་ཧི་མ་ལ་ཡི་རི་རྒྱུད་ཀྱི་ནུབ་འདབས་སུ་གནས་ཡོད་ཅིང་། རང་རྒྱལ་གྱི་ལྷ་ས་དང་།  འབྲུག་པ།  བལ་བོ།  རྒྱ་གར་སོགས་རྒྱལ་ཁབ་ཀྱི་བར་དུ་གནས་ཡོད་པས་མཚོ་འགྲམ་མེད་པའི་རྒྱལ་ཁབ་ཞིག་ཡིན། རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རི་བོ་མང་ལ་ཐང་བདེ་མོ་ཤིན་ཏུ་དཀོན། ས་ཁུལ་སོ་སོའི་མཐོ་ཚད་མི་འདྲ་བས་གནམ་གཤིས་ལའང་ཁྱད་པར་ཆེན་པོ་ཡོད། ཁོངས་ཡོངས་གྱི་ནང་བྱང་ཁུལ་དུ་ཆར་ཆུ་འབེལ་པོ་ཡོད་པས་ཚ་ཁུལ་དུས་རླུང་གནམ་གཤིས་ས་ཁུལ་ཡིན།

འབྲས་ལྗོངས་ནི་དུས་རབས༧པ་ནས་སྤྱི་ལོ༡༨༩༠ལོའི་བར་གྱི་ལོ་ངོ༡༢༠༠ལྷག་གི་རིང་ལ་རང་རྒྱལ་གྱི་ཟུར་གཏོག་ས་ཆ་ཞིག་ཡིན། བོད་ཀྱི་གནའ་ཡིག་གི་ནང་དུ་འབྲས་ལྗོངས་སུ་འབོད་པ་དང་། བལ་བོའི་མི་ཚོ་གནས་དེར་སྤོས་རྗེས་ས་གསར་ཞེས་འབོད་ཅིང་། སྔ་རབས་མི་ཉག་གིས་ས་དེར་འབྲས་ལྗོངས་ཞེས་མིང་འབོད་དོན་ནི་ཡུལ་དེར་འབྲས་མང་པོ་རྨོས་ཡོད་པའི་དོན་ནོ། །དུས་རབས༩པའི་ནང་། འབྲས་ལྗོངས་རང་ཚུགས་ཅན་གྱི་ཚོ་ཁག་ཞིག་ཏུ་གྱུར་ཡོད་ཀྱང་ཁོངས་གཏོགས་དགོན་པ་རྣམས་ནི་བོད་ཀྱི་དགོན་ཆེན་སོ་སོའི་དགོན་ལག་ཡིན།  འབྲས་ལྗོངས་ཀྱི་ལོ་རྒྱུས་དུས་རིམ་གལ་ཆེན་འགའ།

དང་པོ།  རྒྱལ་རབས་བཙུགས་པ།༡༦༤༢ལོར་ཕུའུ་ཐུ་ཡ་མི་རིགས་ཀྱི་ཕེང་ཀྲུའུ་ཁེ་ལ་མོ་ཅ་ཨེར་རྒྱལ་རབས་བཙུགས་ནས་རང་ཉིད་ཆོས་རྒྱལ་ཡིན་ཞེས་དབང་ཆ་བཟུང་བ་ནས་འབྲས་ལྗོངས་དེ་རྒྱུད་འཛིན་རྒྱལ་པོའི་རྒྱལ་ཁབ་ཅིག་ཏུ་གྱུར། ཕེང་ཁྲུའུ་ཁའེ་ལ་མོ་ཅ་ཨེར་ནི་ཁམས་མི་ཉག་ས་ཁུལ་ལ་ཡོང་བའི་ཕུའུ་ཐུ་ཡ་ཡི་སྐུ་དྲག་ཞིག་ཡིན། ཁོ་བོས་རྙིང་མ་བའི་དགེ་འདུན་པ་ཚོས་རོགས་སྐྱོར་འོག་འབྲས་ལྗོངས་ཀྱི་ཡུལ་མི་སྟེ་ལུའེ་ཕུའུ་ཁྲ་མི་རིགས་གྱི་སྟོབས་ཤུགས་ཕམ་པར་བཟོས་པ་ཡིན་ནོ།  །

གཉིས་པ། བལ་བོས་བཙན་འཛུལ་བྱས་པ།༡༧༠༠ལོར་འབྲས་ལྗོངས་དང་བལ་བོ་རྒྱལ་ཁབ་གཉིས་བར་དུ་དམག་འཁྲུགས་བྱུང་ནས་བལ་བོའི་གོར་ཁའི་དམག་དཔུང་གིས་འབྲས་ལྗོངས་རྒྱལ་པོ་བོད་ལ་བྲོས་ནས་དིང་རི་རྫོང་གི་ཁྲུན་ཕུ་གུའུ་ཞེས་པའི་ས་ཆར་ཉེན་གཡོལ་བྱེད་སྐབས། ཡུལ་དེའི་ཡུལ་བདག་ཡིན་པའི་ཏྰ་ལའི་བླ་མས་ས་ཆ་དེ་ཁོ་ལ་གནང་བ་རེད། ས་ཆ་དེ་ནི་རྗེས་མའི་གྲོ་མོ་རྫོང་ཟེར་བའི་ས་ཆ་དེ་རེད། གོར་ཁའི་དམག་དཔུང་མུ་མཐུད་ནས་དཔུང་སྐྱོད་བྱས་ནས་བོད་དུ་སླེབས་ཅིང་། སྐབས་འགའ་ཞིག་ལ་གཙང་གི་ས་ཆ་ཚང་མ་བཙན་འཛུལ་བྱས་པ་མ་ཚད་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་བཀྲ་ཤིས་ལྷུན་པོ་དགོན་པའང་གཙང་བཅོམ་བྱས་པས་ཏྰ་ལའི་དང་པཎ་ཆེན་གཉིས་ཀྱིས་རྒྱ་ནག་གོང་མར་རོགས་སྐྱོར་དམག་མི་མངགས་པའི་རེ་བ་བཏོན་པ་ཡིན་ནོ།  །

གསུམ་པ། ཆིན་རྒྱལ་རབས་ཀྱིས་དམག་མངག་ནས་རོགས་སྐྱོར་བྱས་པ།

༡༨༩༠ལོའི་ཟླ༢པའི་ཚེས༢༧ཉིན་བོད་སྡོད་ཨམ་བན་ཧྲེང་ཐའེ་དང་དབྱིན་ཇིའི་རྒྱ་ཡུལ་དུ་སྡོད་པའི་སྤྱི་ཁྱབ་ལྟ་སྐུལ་བ་ལའན་སི་ཏོན་གཉིས་ཀྱིས་བལ་བོའི་ས་ཆ་ཀ་ཏ་མན་རྡུ་རུ་ཀྲུང་དབྱིན་གྲོས་ཚོགས་བོད་དང་རྒྱ་གར་བར་གྱི་ཆིངས་ཡིག་ཅེས་པའི་དོན་ཚན་བརྒྱད་ཡོད་པའི་ཆིང་ཡིག་ཐོག་མིང་རྟགས་བཀོད། ཆིངས་ཡིག་གི་ནང་དོན་གཙོ་བོ་ནི་ཆིན་རྒྱལ་རབས་ཀྱིས་འབྲས་ལྗོངས་དབྱིན་ཇིས་སྲུང་སྐྱོབ་འོག་ཡོད་པ་ཁས་བླངས་པ་དང་། བོད་དང་འབྲས་ལྗོངས་བར་གྱི་ས་མཚམས་དབྱེ་འབྱེད་བྱེད་པར་གྲོས་མོལ་བྱས་ནས་གྲོས་ཐག་བཅད།  ཕྱུགས་འཚོ་ལུགས་དང་། ཚོང་འགྲུལ་སོགས་གནད་དོན་ལ་རྗེས་མར་ཡང་གྲོས་བྱ་བའི་གྲོས་ཐག་བཅད་ནས་བཟུང་། འབྲས་ལྗོངས་ནི་དབྱིན་ཇིས་སྲུང་སྐྱོབ་འོག་གི་རྒྱལ་ཁབ་ཅིག་ཏུ་གྱུར། ༡༨༩༣ལོའི་ཟླ་བ༡༢པའི་ཚེས༥ཉིན་དེར། ཀྲུང་དབྱིན་བོད་དང་རྒྱ་གར་བར་གྱི་མཐུད་ཆིངས་ཞེས་པའི་ཆིངས་ཡིག་བྲིས་ནས་ཕྱུགས་འཚོ་ས་དང་། ཚོང་འགྲུལ་སོགས་ཀྱི་གནད་དོན་ཐག་བཅད། དུས་རབས༡༩པའི་ནང་དུ་དབྱིན་ཇི་མི་སེར་སྤེལ་ཡུལ་

པས་བལ་བོའི་མི་འབོར་ཆེན་འབྲས་ལྗོངས་ཀྱི་ནུབ་རྒྱུད་དུ་སྤོས་བར་སྐུལ་མ་བྱས་ཏེ་ཤིང་ནགས་གཅོད་པ་དང་། འབྲས་རྨོ་རུ་བཅུག་པ་ཡིན།  མི་ཚོས་མི་དེ་ཚོར་འབྲས་ལྗོངས་བལ་བོའི་མི་ཡང་ཟེར་སྲོལ་བྱུང་ཡོད་དོ།  །

བཞི་པ། དབྱིན་ཇིས་སྲིད་དབང་ཕྱིར་སྤྲད་པ།

༡༩༡༨ལོར།  དབྱིན་ཇི་མི་སེར་སྤེལ་ཡུལ་བས་འབྲས་ལྗོངས་ཀྱི་སྲིད་དབང་ཕྱིར་འབྲས་ལྗོངས་ཀྱི་རྒྱལ་པོ་ཐ་ཞི་ལ་མོ་ཅ་ཨེར་ལ་སྤྲད་པ་རེད། ཐ་ཞི་རྒྱལ་པོས་དཔལ་འབྱོར་དང་སྤྱི་ཚོགས་ཐད་བཅོས་སྒྱུར་མང་པོ་བྱས་པའི་ནང་གླ་མེད་ལས་ཀ་ཚང་མ་མེད་པ་བཟོས་ཤིང་། དཔྱ་ཁྲལ་བསྡུ་ལེན་ལམ་ལུགས་ལ་ཞིབ་བཤེར་མཐར་ཕྱིན་པ་བྱས་ནས།  ས་བདག་སྲིད་འཛིན་གྱི་འགན་ནུས་ཚང་མ་མེད་པ་བཟོས་པ་མ་ཚད།  ས་ཞིང་བཅོས་བསྒྱུར་གྱི་མགོ་བརྩམ་པ་ཡིན་ནོ།  །

ལྔ་པ། རྒྱ་གར་གྱི་རྒྱལ་ཁོངས་སུ་ཕེབས་པ།

༡༩༤༧ལོར་རྒྱ་གར་དང་འབྲས་ལྗོངས་བར་ད་ལྟའི་གནས་ཚུལ་རང་འཇགས་སུ་འཇོག་པའི་ཆིངས་ཡིག་ཅེས་པ་བྲིས་སྟེ་མུ་མཐུད་ནས་འབྲས་ལྗོངས་ལ་ཆེད་མངགས་བྱས་ཏེ་འབྲས་ལྗོངས་སུ་གཏན་སྡོད་བྱས།

རྒྱ་གར་གྱིས་རོགས་སྐྱོར་ཐོབ་པའི་འབྲས་ལྗོངས་ཀྱི་རྒྱལ་ཁབ་ཚོགས་ཆེན་ཏང་ཞེས་པའི་རྩ་འཛུགས་ཀྱིས་མཉམ་ལས་མི་བྱེད་པའི་འགུལ་སྐྱོད་སྐུལ་སློང་བྱས་ནས་རྒྱལ་པོར་བཅོས་བསྒྱུར་བྱ་བའི་རེ་བ་བཏོན།

ལོ་དེའི་ཟླ༥པའི་ཚེས༩ཉིན་རྒྱལ་ཁབ་ཚོགས་ཆེན་ཏང་གིས་སྲིད་གཞུང་བཙུགས་ཀྱང་འབྲས་ལྗོངས་རྒྱལ་རྒྱུད་ཀྱིས་ངོ་རྒོལ་བྱས་པ་དང་། དམངས་ཚོགས་འགུལ་སྐྱོད་ཀྱང་ཉིན་བཞིན་ཇེ་ཆེར་སོང་བ་རེད།

༡༩༤༩ལོའི་ཟླ༦པའི་ཟླ་མགོར་རྒྱ་གར་གྱིས་འབྲས་ལྗོངས་ལ་དམགས་མངགས་ནས་གསར་དུ་བཙུགས་ནས་ཟླ་བ་གཅིག་མ་ཟིན་པའི་སྲིད་གཞུང་གསར་པར་བདག་སྤྲོད་བྱས་པ་མ་ཚད།

རྒྱ་གར་གྱི་མིང་ལ་ལ་ཨེར་ཟེར་བའི་མི་ཞིག་འབྲས་ལྗོངས་ཀྱི་དབུ་བཞུགས་བློན་ཆེན་དུ་བརྐོས། ༡༩༥༠ལོའི་ཟླ་བ༡༢པར་རྒྱ་གར་དང་འབྲས་ལྗོངས་བར་གྱི་ཞི་བདེ་ཆིངས་ཡིག་ཞེས་པའི་ཐོག་མིང་རྟགས་བཀོད་དེ་འབྲས་ལྗོངས་ནི་རྒྱ་གར་གྱི་སྲུང་སྐྱོབ་བྱེད་སའི་རྒྱལ་ཁབ་ཡིན་ཟེར་བར་ཁ་གཡར་ནས་རྒྱ་གར་གྱིས་འབྲས་ལྗོངས་ཀྱི་རྒྱལ་སྲུང་དང་། ཕྱི་འབྲེལ། དཔལ་འབྱོར་སོགས་དབང་ཆེན་ཚང་མ་བཟུང་བ་རེད། ༡༩༦༨ལོའི་ཟླ་བ༨པའི་ནང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་རྒྱ་གར་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་རྒྱ་གར་དང་འབྲས་ལྗོངས་བར་གྱི་ཞི་བདེ་ཆིངས་ཡིག་མེད་པ་བཟོ་དགོས་པའི་རེ་བ་བཏོན། ༡༩༧༣ལོའི་ཟླ༤པར་རྒྱ་གར་གྱིས་དམག་མངགས་ནས་འབྲས་ལྗོངས་ལ་བཙན་འཛུལ་བྱས། ༡༩༧༤ལོའི་ཟླ་བ༦པའི་ཚེས༢༠ཉིན་འབྲས་ལྗོངས་གྲོས་ཚོགས་ཀྱིས་རྒྱ་གར་གྱིས་བྲིས་པའི་འབྲས་ལྗོངས་རྩ་ཁྲིམས་ལ་གྲོས་འཆམ་བྱུང་ནས་རྒྱ་གར་སྲིད་གཞུང་གིས་མངགས་པའི་དབུ་བཞུགས་དཔོན་པོ་ནི་འབྲས་ལྗོངས་སྲིད་གཞུང་གི་འགོ་གཙོ་དང་།  གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་གཏན་འབེབ་བྱས།  ལོ་དེའི་ཟླ་བ༩པའི་ནང་།

རྒྱ་གར་གྱི་རྩ་ཁྲིམས་བཟོ་བཅོས་བྱས་པའི་གྲོས་ཆོད་ནང་འབྲས་ལྗོངས་ནི་རྒྱ་གར་གྱི་འབྲེལ་འདྲིས་ཀྱི་མངའ་ཁོངས་ཤིག་ཡིན་ཞེས་གཏན་འབེབ་བྱས་ནས་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་འབྲས་ལྗོངས་ལ་འཐུས་མི་རེ་རེ་སྣོན་པའི་གཏན་འབེབ་བྱས། ༡༩༧༥ལོའི་ཟླ་བ༢པའི་ཚེས་༣ཉིན་རྒྱ་གར་དམག་དཔུང་གིས་རྒྱལ་པོའི་ཕོ་བྲང་གི་སྲུང་དམག་མི་དགོས་པ་བཟོས་ཏེ་འབྲས་ལྗོངས་ཀྱི་རྒྱལ་པོ་བཟང་བཙོན་དུ་བཟུང་། ༡༩༧༥ལོའི་ཟླ་བ༤པའི་ཚེས༡༠ཉིན་འབྲས་ལྗོངས་གྲོས་ཚོགས་ཀྱིས་རྒྱལ་པོ་གནས་དབྱུང་གཏོང་བའི་གྲོས་ཐག་བཅད་པ་དང་། འབྲས་ལྗོངས་རྒྱ་གར་ལ་བསྲེས་རྒྱུའི་རེ་བ་བཏོན་པ་ཡིན། ༡༩༧༥ལོའི་ཟླ་བ༤ཚེས༢༤ཉིན་འབྲས་ལྗོངས་མི་དམངས་ཡོངས་ཀྱིས་རྒྱ་གར་དང་བསྲེས་མིན་གྱི་བདམ་ཡིག་འཕངས་བའི་ནང་། འབྲས་ལྗོངས་ཀྱི་མི་མང་ཆེ་བས་རྒྱ་གར་དང་བསྲེས་རྒྱུར་མོས་མཐུན་བྱས་པས་དེ་རྗེས་རྒྱ་གར་གྲོས་ཚོགས་ཀྱིས་འབྲས་ལྗོངས་རྒྱ་གར་གྱིས་བསྡུ་ལེན་བྱས་ནས་རྒྱ་གར་གྱི་མངའ་ཁོངས་ཞིག་ཏུ་བརྩི་བའི་གྲོས་ཐག་བཅད་པ་ཡིན་ནོ།  །

འབྲས་ལྗོངས་ཀྱི་རྒྱལ་རབས་འགའི་མིང་གཤམ་གསལ།  

རྒྱལ་རབས་དགུ་པ་མཐུ་སྟོབས་རྣམ་རྒྱལ། བཅུ་པ་གསེར་ཁང་རྣམ་རྒྱལ།  བཅུ་གཅིག་པ་བཀྲ་ཤིས་རྣམ་རྒྱལ། བཅུ་གཉིས་པ་དཔལ་ལྡན་རྣམ་རྒྱལ་དང་དབང་ཕྱུག་བསྟན་རྒྱལ་གཉིས་ཡིན།  རྒྱལ་སྲས་དཔལ་ལྡན་རྣམ་རྒྱལ་གྱིས་གཡུ་ཐོག་ཚང་གི་རྒྱུད་པ་སངས་རྒྱས་བདེ་སྐྱིད་ཁབ་ཏུ་བཞེས། རྗེས་སུ་བཙུན་མོ་འདས་རྗེས་ཨ་རིའི་བུ་མོ་ཞིག་མནའ་མར་བླངས་པ་དེར་བུ་རྒྱུད་གཅིག་ལས་མེད།   རྗེས་སུ་རྒྱལ་སྲིད་ཉམས་ཡོད་སྐབས་བཟའ་ཚང་ཁ་འཐོར་བ་ཡིན།  གོང་གི་རྒྱལ་རབས་དེ་དག་གི་རྒྱུད་པ་རྣམས་ནི་མི་ཉག་ལས་ཆད་པར་མཁས་པ་སྔ་མ་དག་གིས་གསུངས་སོ།  །

དཔལ་འབྱོར་གནས་ཚུལ།འབྲས་ལྗོངས་གྱི་ནོར་དོན་ཡོང་སྒོ་གཙོ་བོ་ནི་ནགས་ཚལ་དང་སྐྱེལ་འདྲེན་ནས་ཡོང་བ་ཡིན།  ཡུལ་སྐོར་དང་ཞིང་ལས་ཀྱི་ཡོང་སྒོ་ཡང་ཧ་ཅང་གལ་ཆེ།  གཏེར་ཁའི་འབྱུང་ཁུངས་ནང་ཟངས་རག་དང་། རྡོ་སོལ་ཁམ་པ།  གཡུ།  ལྕགས་སེར་པོ།  རྡོ་ཐལ་རྡོ་སོགས་ཡོད་ལ། དེའི་ནང་ཟངས་རག་དང་རྡོ་སོལ་ཁམ་པའི་བསགས་ཚད་ཧ་ཅང་མང་། ནགས་ཚལ་གྱི་རྒྱ་ཁྱོན་གྱིས་ཁྱོན་གྱི་བརྒྱ་ཆ༣༦ཟིན་ཡོད། ནགས་ཁུལ་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ཤིན་ཏུ་མང་། གླ་རྩི་དང་། སྨན་རྭ། སྡོང་ཕུང་། དཀར་ཆུང་སོགས་རིན་ཐང་ཆེ་བའི་སྨན་རྫས་ཀྱི་རིགས་ཤིན་ཏུ་མང་། འབྲས་ལྗོངས་ཀྱི་དཔལ་འབྱོར་གཙོ་བོ་ནི་ཞིང་ལས་ཡིན་ལ། ཐོན་རྫས་གཙོ་བོ་ནི་འབྲས་དང་། མ་རྨོས་ལོ་ཏོག ནས། ཞོག་ཁོག སུག་སྨེལ་བཅས་ཡིན། ཆུ་ནུས་ཀྱི་འབྱུང་ཁུངས་ཡང་ཤིན་ཏུ་འབེལ་པོ་ཡོད།  དག་རྫས་དང་ཀོ་བཟོ། ཙག་སྒྲ། ཤིང་འབྲས་ལས་སྣོན། ཆང་ཕབ་པ་སོགས་ཀྱི་ལག་ཤེས་བཟོ་ལས་ཡོད། རྒྱལ་ཡོངས་ལ་རྡོ་བཅལ་ལམ་གྱི་གཞུང་ལམ་སྤྱི་ལེ༡༧༠༠ལྷག་ཡོད།

ནགས་ལས། ཤིང་ནགས་ཀྱིས་འབྲས་ལྗོངས་ཀྱི་རྒྱ་ཁྱོན་གྱི་བརྒྱ་ཆ་༣༦ཟིན་ཅིང་དེའི་ནང་དུ་ཤོག་ཐུག་བཟོས་ཆོག་པའི་ལོ་མ་ཕྲ་རིགས་ཀྱི་ཤིང་སྡོང་ཤིན་ཏུ་མང་།ཞིང་ལས།ཞིང་ལས་ཐོན་རྫས་གཙོ་བོ་ནི་འབྲས་དང་། མ་རྨོས་ལོ་ཏོག ནས། ཞོག་ཁོག སུག་སྨེལ། ཀུ་ཤུ། ཚ་ལུ་མ། སྣ་མའི་མེ་ཏོག་བཅས་ཡོད།འཛམ་གླིང་ཐོག་སུག་སྨེལ་ཕྱིར་འཚོང་བྱེད་ཡུལ་གཙོ་བོ་ཞིག་ཡིན་ལ། ལོ་རེའི་ཐོན་ཚད་ཏུན་༢༠༠༠ཡས་མས་ཡོད།

ཕྱུགས་ལས།  འབྲས་ལྗོངས་བྱང་རྒྱུད་རི་ཁུལ་གྱི་ཡུལ་མི་ཚོས་ཟོག་དང་ལུག་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།

ནུས་པའི་འབྱུང་ཁུངས།  ཆུ་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་ཆུ་གློག་ས་ཚུགས་ཆེ་

ཆུང་༢༡ཡོད།

བཟོ་ལས། དག་རྫས། ཀོ་ལས།  ཙག་སྒྲ  འཁེལ་འཐག  ཤིང་ཏོག་ལས་སྣོན།  ཆང་ཕབ་པ་སོགས་བཟོ་ལས་དང་ལག་ཤེས་བཟོ་ལས་དུ་མ་ཡོད།

འགྲིམ་འགྲུལ། གཞུང་ལམ་༣༠ལྷག་ཡོད་ལ་རླངས་འཁོར་ཤར་བགྲོད་ཐུབ་པའི་གཞུང་ལམ་སྤྱི་ལེ༡༥༠༠ལྷག་ཡོད་པའི་ནང་སྤྱི་ལེ་༥༠༠ལྷག་ནི་སྣུམ་ལམ་ཡིན་ནོ།།

མི་ཉག་ལས་ཆད་པའི་ཤར་པའི་ངོ་སྤྲོད།

ཤར་པ་ལ་རང་རྒྱལ་གྱི་བོད་རིགས་ཀྱི་མི་ཉག་གི་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་གཏིང་ཟབ་པོ་ཡོད། ཤར་པའི་སྐད་དང་ཡི་གེ་ནི་བོད་ཡིག་དང་བོད་སྐད་གཉིས་ཡིན། ད་སྐབས་ཁོ་ཚོའི་སྡོད་ཡུལ་གཙོ་བོ་ནི་བལ་བོའི་བྱང་ཕྱོགས་ཡིན། རྒྱལ་ནང་གི་ཤར་པ་རྣམས་ཀྱི་སྡོད་ཡུལ་གཙོ་བོ་འགྲམ་གྱི་ལི་ཤིན་ཡུལ་ཚོ་དང་གཏིང་སྐྱེས་ཀྱི་ཁྲེན་ཐང་ཆུས་ཡིན། རྒྱལ་ནང་དུ་ཤར་པ་ལ་མི་གྲངས་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ཡོད་། ཁོ་ཚོའི་སྐད་ཆ་ནི་ལི་ཤིན་ཡུལ་ཚོ་ཤར་པའི་སྐད་ཀྱི་བརྡ་སྤྲོད་ཀྱི་ལུགས་ནི་བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་གཅིག་པ་ཡིན། ཁྲེན་ཐང་ཆུས་ཀྱི་ཤར་པ་ཚོའི་སྐད་ཆའི་ནང་བོད་སྐད་དང་བལ་བོའི་སྐད་ཡོད་པ་མ་ཚད།  ད་དུང་མི་ཉག་གི་ཡུལ་སྐད་ཅིག་ཀྱང་ཡོད་པར་བཤད་དོ། །

ཤར་པའི་མི་ལ་མིང་མ་གཏོགས་རུས་མིང་དེ་ཙམ་མེད།  མིའི་མིང་ནི་བོད་རིགས་དང་གཅིག་པ་ཡིན་ཡང་མིང་གི་སྔོན་དུ་ཁང་པའི་མིང་སྦྱོར་སྲོལ་ཆེར་མེད། ཁོ་ཚོར་རིགས་རུས་ཞིག་ཡོད། དེའི་ནང་ལི་སྡེ་པའི་ཤར་པ་ཚོར་རིགས་རུས་སྣ་ཁ་ལྔ་ཡོད་དེ་སེར་པ་དང་། ཤར་ཏྲ།  ས་ལ་ཀ ཆེ་པ།  འོང་པ་བཅས་སོ། །ཁྲེན་ཐང་གི་ཤར་པ་ལ་རིགས་རུས་རིགས་གཉིས་ཡོད་དེ་ཐུས་ཀ་བ་དང་། ཚོང་པ་བ་གཉིས་ཡིན། ཤར་བའི་མིའི་ཁྱད་ཆོས་ནི། རི་འཛེགས་བྱ་འགུལ་ནང་དུ་ཞུགས་པའི་མི་མང་ཆེ་བ་ནི་ཤར་པའི་མི་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས༢༠ཚུན་ནས་བཟུང་། ཤར་པ་ཚོས་རི་འཛེགས་བྱེད་མཁན་རྣམས་ལ་ལམ་ཁྲིད་དང་ཅ་ལག་ཁུར་རོགས་སོགས་བྱེད་པ་ཡིན། ཁོ་ཚོའི་ལུས་སྟོབས་ཤིན་ཏུ་བཟང་བས་གསོ་རླུང་དཀོན་པར་འགོག་པའི་ནུས་པ་ཤིན་ཏུ་བཟང་། ཁོ་ཚོའི་ནང་གི་མི་མང་པོ་ཞིག་གསོ་བསྐྱངས་བྱས་རྗེས་དབྱིན་སྐད་བཤད་ཤེས་པ་མ་ཟད། རི་འཛེགས་པའི་བྱང་རྩལ་ཧ་ཅང་བཟང་པོ་ཡོད་པས་རི་འཛེགས་དཔུང་ཁག་སོ་སོའི་ནང་ཤར་པའི་ལམ་ཁྲིད་དམ་ཁུར་བརྡ་ལེན་མཁན་མི་འགྲོ་མཁན་ནི་དཀོན་པོ་ཡིན། ཁོ་ཚོས་རང་གི་ནུས་རྩལ་གྱིས་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་མཁན་མང་པོ་ཡོད་ཅིང་།  གསོ་རླུང་མེད་ཀྱང་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་མཁན་ཆེས་མང་བ་དང་། ཇོ་མོ་གླང་མའི་རི་འཛེགས་པའི་བྱ་འགུལ་ནང་མི་ཤི་གྲངས་ཆེས་མང་བ་བཅས་ཀྱི་ཟིན་ཐོ་བཀོད་ཡོད། 

མི་རིགས་ཀྱི་ཡུལ་སྲོལ།  ཧི་མ་ལ་ཡ་རི་རྒྱུད་དུ་འཚོ་བ་རོལ་བའི་ཤར་པ་ཚོས་བཅིངས་འགྲོལ་སྔོན་གྱི་ལས་ཀ་གཙོ་བོ་ནི་མི་ཚོར་ཅ་ལག་དབོར་འདྲེན་བྱེད་པ་དང་། ཚོང་ལས་ཡིན། བཅིངས་གྲོལ་བཏང་རྗེས་གཙོ་བོ་ཞིང་ལས་དང་ཕྱུགས་ལས་གཉེར་བ་ཡིན།  ཞིང་ལས་ཀྱི་ཐོན་རྫས་གཙོ་བོ་ནི་མ་རྨོས་ལོ་ཏོག་དང་། ཞོག་ཁོག འབྲས། བྲ་བོ། སྲན་མའི་རིགས་བཅས་ཡིན། ལི་ཤིན་སྡེ་པ་ཡོད་སར་ས་དམའ་ཞིང་། ཆར་ཆུ་མང་བས་གནམ་གཤིས་འོས་ཤིང་འཚམས་པ་ཡིན་ལ། ཡུལ་དེར་སྒ་ཤུག་དང་། ཤིང་ཀ་པུར་སོགས་ཤིང་ནགས་ཤིན་ཏུ་མང་། ནགས་ཚལ་ནང་དུ་སྤྲེའུ་དང་། གླ་བ། དོམ་སོགས་ཀྱང་ཡོད།  ཡུལ་དེར་ད་དུང་དཀར་ཆུང་དང་། དབྱར་རྩྭ་དགུན་འབུ་སོགས་སྨན་རྩ་རིགས་མང་པོ་སྐྱེས་ཡོད།  ཡུལ་དེའི་རང་བྱུང་ཆ་རྐྱེན་ཧ་ཅང་བཟང་པོ་ཡིན། གྱོན་ཆས་ཐད་ཤར་པའི་སྐྱེས་པ་ཚོའི་སྣམ་བུ་ལས་བཟོས་པའི་མཐའ་ཤན་ནག་པོ་བཏང་ཡོད་པའི་སྟོད་ཐུང་ཕུ་རུང་ཐུང་ཐུང་གྱོན་པ་དང་། སྐེད་པར་རིང་ཚད་མཐོ་གང་ཡས་མས་ཡོད་པའི་གྲི་གུག་རེ་འཕྲེད་བཏགས་བྱས་ཡོད།  བུད་མེད་ཚོས་ཕྲུག་ནག་པོ་ལས་བཟོས་པའི་ལྭ་བ་དང་། ཁ་དོག་སྣ་ཚོགས་ལས་གྲུབ་པའི་ནང་གོས་ཕུ་དུང་རིང་པོ་གྱོན་ཞིང་། གསེར་དང་གཡང་ཏྲིའི་རྣ་རྒྱན་བཏགས་ཡོད། ད་དུང་མི་ཉག་བ་ལྟར་སྐྲ་འཕན་དམར་པོ་ཡང་འདོག་སྲོལ་ཡོད། ཤར་པའི་ཕོ་མོ་ཚང་མ་གླུ་ལེན་པ་དང་བྲོ་འཁྲབ་པར་ཤིན་ཏུ་དགའ་ལ་བྲོ་གར་འཁྲབ་སྟོན་བྱེད་མཁན་ཤིན་ཏུ་མཁས་པ་ཡིན། ཤར་པའི་མི་ཚོས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱས་པས་ལི་ཤིན་དང་ཁྲེན་ཐང་ལ་མང་ལ་དགོན་པ་དང་ལྷ་སྒང་ཟེར་བའི་དགོན་པ་གཉིས་ཡོད། ཤར་པའི་མིའི་ལྟོ་ཆས་གཙོ་ནི་མ་རྨོས་ལོ་ཏོག་ཡིན།

བཏུང་བྱ་ནི་བསྲུབ་ཇ་དང་།  ནས་ཆང་དང་། མ་རྨོས་ལོ་ཏོག་གིས་བསྙལ་བའི་ཆང་སོགས་ཡིན་ལ།

 སྡོད་ཁང་མང་ཆེ་བ་ནི་ཁང་བརྩེགས་གཉིས་ཅན་གྱི་ཁང་པ་ཡིན། རྡོ་འམ་ཤིང་གིས་བཟོས་པ་དང་། ཁང་ཤོད་དུ་རྟ་ཟོག་འདོག་ས་དང་ཁང་ཐོག་ཏུ་མིའི་སྡོད་གནས་ཡིན།  ཁང་པའི་ནང་དུ་མེ་ཐབ་ཡོད་པ་དེ་ནི་ཆུ་སྐོལ་ས་དང་ཟ་མ་ལས་ས་ཡིན་པ་མ་ཟད་མེ་སྡེ་ས་ཡང་ཡིན།  བོད་ཟླ༡༡པའི་ཚེས༡ཉིན་ནི་ཤར་པའི་ལོ་གསར་ཡིན་པས་ཁྱིམ་ཚང་སོ་སོས་ཟས་སྣ་མང་པོ་གྲ་སྒྲིག་བྱས་ནས་ཕན་ཚུན་མགྲོན་འབོད་རེས་ཀྱིས་ལོ་གསར་གྱི་རྟེན་འབྲེལ་ཞུ་སྲོལ་ཡོད།  མི་ཉག་དང་འབྲས་ལྗོངས་གཉིས་ལ་གནའ་སྔ་མོ་ནས་གང་ས་ཅིའི་ཐད་ལ་འབྲེལ་བ་ཟབ་མོ་ཡོད་པར་སྔོན་བྱོན་མཁས་པ་རྣམས་གསུངས་སོ།།

དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད།  བོད་ཀྱི་སྤྱི་ཚོགས་ཡར་རྒྱས་སོང་བ་ནས་བཟུང་བཀས་བཀོད་རྒྱུད་འཛིན་གྱི་གཉའ་གནོན་འོག་ནས་ཐར་ཏེ་ཆབ་སྲིད་ཐོག་རང་དབང་ཐོབ་པ་དང་། འཚོ་བའི་ཐད་ལའང་གོམ་གང་མདུན་སྤོས་ཀྱི་ལེགས་བཅོས་བྱུང་ཡོད། དུད་ཚང་མང་པོས་ཁང་པ་གསར་པ་ལས་པ་མ་ཟད་ལག་འདོག་ཆུ་ཚོད་འཁོར་ལོ་དང་། སྒྲ་སྡུད་འཁོར་ལོ་གཙོ་བྱས་པའི་ཁྱིམ་སྤྱོད་ཅ་ལག་གློག་ཆས་སོགས་ཉོས་ནས། དངུལ་ཁང་ནང་དུའང་དངུལ་བཅོལ་ཡོད།  བརྒྱ་ཆ་དགུ་བཅུ་ཡན་ཆད་ཀྱི་བྱིས་པ་སློབ་གྲྭ་ཕྱིན་ནས་སློབ་སྦྱོང་བྱས་པ་མ་ཚད་ལོ་ཆུང་འགའ་རེ་རྒྱལ་ས་དང་དེ་མིན་གྱི་ས་ཁུལ་ལ་སློབ་སྦྱོང་བྱེད་སའང་སོང་ཡོད།  སྡེ་པའི་ནང་དུ་འཕྲོད་བསྟེན་པ་ཡོད་ཅིང་འགྲམ་དུ་སྨན་ཁང་ལས་ནས་མི་ཚང་མར་སྨན་རིན་མི་དགོས་པའི་སྨན་བཅོས་ཡང་བྱེད་ཆོག  མི་རིགས་ལས་བྱེད་དང་མི་རིགས་ལས་བཟོ་བ་མང་པོ་བྱུང་ཡོད་ལ། དཔེར་ན་ལི་ཤིན་ཡུལ་ཚོའི་བུད་མེད་འཕྲོད་བསྟེན་པ་དཔལ་མོ་ཞེས་པ་དེ་ཀྲུང་གུང་རྩེ་ལ་ཁུལ་ཨུ་ཡོན་ཡིན་པ་མ་ཚད།༡༩༧༨ལོར་ཤར་པའི་བུད་མེད་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་བུད་མེད་ཀྱི་འཐུས་མིའི་ཚོགས་ཆེན་ལ་ཞུགས་མྱོང་བ་ཡིན་ནོ། །

དེ་ཡང་སྤྱིར་ཤར་པའི་གླུ་ཚིག་གི་ནང་དུ།  ང་ཤར་པ་ཡོང་ཡོང་ཤར་ནས་ཡོང་། །ཤར་ཉི་མ་བཞིན་དུ་འཆར་རེ་ཡོང་།  །ང་ཤར་པ་ཡོང་ཡོང་རྫ་ནས་ཡོང་།  ། རྫ་ཟླ་བ་བཞིན་དུ་ཚེས་ནས་ཡོང་།  །ང་ཤར་པ་ཡོང་ཡོང་ཁྲོམ་ནས་ཡོང་། ཁྲོམ་ན་ཟླ་བཞིན་དུ་སྒྲིག་ནས་ཡོང་། །ཞེས་པ་རང་ཉིད་ཤར་པ་ཡིན་པར་ངོས་འཛིན་པ་དེ་དང་བགྲེས་སོང་རྣམས་ཀྱི་ངག་རྒྱུན་ལས་བཤད་པའི་ངག་དབང་རྣམ་རྒྱལ་ཞེས་པ་དེ་ཤ་ལུའི་ཤར་པའི་མི་ཡིན་པར་གྲགས་པ་དང་ཤར་མཆོང་ནི་ཤ་ལུ་པའི་བྲོ་ཡིན་པར་བཤད་པ་དང་མཐུན་པར་མ་ཟད།  སུང་རྒྱལ་རབས་སྐབས་སུ་ཁམས་ཕྱོགས་རོང་པོ་ས་ཆ་སོགས་སུ་མི་ཉག་ནས་ཆད་པའི་ཤར་པའི་མི་གནས་ཡོད་པ་དང་། ༼ཆོས་འབྱུང་མཁས་པའི་དགའ་སྟོན༽དུའང་རྗེ་ཀརྨ་རོལ་བའི་རྡོ་རྗེ་ཁོང་ཉིད་ལ་ཤར་པ་ཞེས་པའི་སློབ་མ་ཡོད་པའང་དེ་དང་མཐུན། མཆོང་ཞེས་པ་ནི་ཡུལ་དེའི་ཞབས་བྲོ་ཞིག་སྟེ་མི་གྲངས་གཉིས་གསུམ་ཡན་གྱིས་གླུ་ལེན་ཞོར་དུ་གར་ཁྲབ་པའི་རྣམ་པར་ཟེར་བ་ཡིན་པས་ཤར་མཆོང་ཞེས་པ་ནི་དེ་སྔའི་ཤར་པའི་བྲོ་སྟེ་ཐོག་མར་ཤར་ཕྱོགས་ནས་ཁམས་ཕྱོགས་སུ་ཆད་པ་དང་། དེ་ནས་གནས་འདིར་ཆད་འོངས་པ་ཡིན་པས་དེ་ཡང་ཧོར་ངག་དབང་རྣམ་རྒྱལ་འོངས་ཁུངས་ར་སྤྲོད་བྱེད་ཐུབ་པའི་རྟགས་ཤིག་གོ།   །ཞེས་པ་འདིའི་ཁུངས་གཏུགས་ས་ནི་བཀའ་མ་མཁའ་འབུམ་སོགས་ཀྱིས་བརྩམས་པའི་སྤྱི་ལོ༢༠༠༩ལོའི་ཟླ་༩པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕུད་པའི་རྡོ་སྦས་གསར་སྨུག་ལྗོངས་ཀྱི་ལོ་རྒྱུས་དོ་ཤལ་ཕྲེང་བའི་ཤོག་གུ་ལྡེབ་མ༢༣༠ངོས་ལས་བཏུས་པ་ཡིན་ནོ།  །

མི་ཉག་འཇང་གི་སྐོར་བཤད་པ།

དེ་ཡང་སྤྱིར་བོད་ཀྱི་ཡིག་ཚང་རྣམས་སུ་འཇང་ངམ་ལྗང་ཞེས་པའི་མིང་འདི་བྱུང་བ་སྔ་ལ། གཙོ་བོ་ནི་ལོ་རྒྱུས་དེབ་ཐེར་དང་ཏུན་ཧོང་གཏེར་ཡིག་དག་ཏུ་འབྱུང་བའི་འཇང་ཡུལ་བྱ་བ་དང་གླིང་སྒྲུང་གེ་སར་དང་དེང་སང་བོད་མིས་འཇང་རིགས་སུ་འབོད་པའི་འཇང་སྟེ་གོ་དོན་རིགས་གཉིས་སུ་ཡོད་པ་ལས། ང་ཚོས་འདིར་གླེང་བའི་འཇང་ནི་བོད་ཀྱི་ལོ་རྒྱུས་རྣམས་སུ་འཁོད་པའི་བཙན་པོ་ཁྲི་འདུས་སྲོང་སྲིད་ཀྱི་དོན་དུ་འཇང་ཡུལ་དུ་གཤེགས་ནས་སྐུ་འདས་ཞེས་པའི་འཇང་ཡུལ་ཏེ། རྒྱ་ནག་སྐད་དུ་ནན་ཀྲའོ(南诏)ཞེས་འབོད་པ་དང་ཏུན་ཧོང་གཏེར་ཡིག་ཏུ་འཇང་ཡུལ་ལམ་མྱ་དཀར་ནག་ཅེས་འཁོད་ཡོད་ལ་དེ་ཡིན་ལ། བོད་སྐད་ཀྱི་མྱ་ཞེས་པ་ནི་རྒྱས་སྔོན་ཆད་ཡུལ་དེའི་མི་རིགས་ལ་ཝུའུ་མན(乌蛮)དེ་མན་ནག་པོ་དང་པེ་མན(白蛮)ཏེ་མན་དཀར་པོ་ཞེས་བཏགས་པའི་སྒྲ་ལས་བྱུང་བ་ཡིན་ནམ་སྙམ། དེའང་འཇང་ངམ་ནན་ཀྲའོ་ནི་དུས་རབས་བདུན་བརྒྱད་ཡས་མས་སུ་ཀྲུང་གོའི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་ཆགས་པའི་བོད་དང་འབྲེལ་ཆེ་བའི་རྒྱལ་ཁབ་ཅིག་ཡོད། རྒྱའི་ཐང་རྒྱལ་རབས་སྐབས་སུ་མྱ་ནག་པོ་སྟེ་དེང་གི་དབྱི་རིགས་ཀྱི་མེས་པོ་གཙོ་བྱས་པ་དང་མྱ་དཀར་པོ་སྟེ་ད་ལྟའི་པེ་རིགས(ཁམས་སྐད་བིག་ཅེས་པའི་དོན་ཡིན)བཅས་འདུས་པའི་གྲངས་ཉུང་མི་རིགས་ཀྱིས་ད་ལྟའི་ཡུན་ནན་ཞིང་ཆེན་ཁོངས་སུ་བཙུགས་པའི་མི་རིགས་ཤིག་སྟེ།  སྤྱི་ལོ༦༤༩ལ་མོས་ཧྲི་ཀྲའོ་ཚོ་བའི་ཞིས་ལའོ་བྱ་བས་ཝེ་ཧྲན་ཏེ་དེང་གི་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་ལྟེ་གནས་བྱས་ཏེ་མོང་ཆེན་པོའི་སྲིད་དབང་ཐོག་མར་བཙུགས་ཤིང་། དུས་རབས་བརྒྱད་པའི་མགོ་ཙམ་ལ་འཇང་ངམ་མྱའི་རྒྱལ་པོ་ཕེ་ལའོ་ཀེ(皮罗阁)བྱ་བས་ལོའུ་ཀྲ་འོ་སྟེ་ཚོ་ཁག་དྲུག་གམ་རྒྱལ་ཕྲན་དྲུག་ཏུ་གྲགས་པའི་ཡུལ་སྡེ་རྣམས་གཅིག་གྱུར་བྱས་ནས་རྒྱལ་ས་དེང་གི་ཏཱ་ལིས(打理)མཁར་གྱི་ནུབ་འདབས་སུ་སྤར་ནས་སྲིད་དབང་བསྐྱངས་ཏེ་རྒྱལ་རྒྱུད་རིམ་པར་སྤེལ་བས། ད་ལྟའི་ཡུན་ནན་ཞིང་ཆེན་ཡོངས་དང་སི་ཁྲོན་ལྷོ་རྒྱུད་ནས་ཀོས་ཀྲུའུ་ནུབ་ཕྱོགས་ལ་སོགས་པའི་ཡུལ་གྲུ་ཐམས་ཅད་ཀྱང་དབང་དུ་བསྡུས་པས་མངའ་ཐང་ཤིན་ཏུ་དར་རྒྱས་བྱུང་བར་གྲགས། སྔ་གཞུག་ཏུ་རྒྱལ་རབས་བཅུ་གསུམ་ཙམ་བྱོན་ནས་དབང་བསྒྱུར་ཏེ་བོད་ཐང་གཉིས་བར་གྱི་འབྲེལ་གཏུག་ཇེ་ལེགས་སུ་སོང་བ་དང་། ཁྱད་པར་དུ་སྤྱི་ལོ༧༠༤་ལ་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་སྐུ་དངོས་ཀྱིས་ཡུལ་དེར་དཔུང་དྲངས་ནས་འཇང་དང་མྱ་དཀར་ནག་བཅས་དབང་དུ་བསྡུས་རྗེས་ལོ་ངོ་མང་པོར་བོད་ཆེན་པོར་ཆབ་འོག་ཏུ་གྱུར་ནས་དཔྱ་ཁྲལ་སོགས་ཕུལ་བ་ཡིན་ཏེ། ༼ཏུན་ཧོང་གཏེར་ཡིག༽ལས། ཡོས་བུའི་ལོ་ལ༧༠༤། དགུན་བཙན་པོ(ཁྲི་འདུས་སྲོང)འཇང་ཡུལ་དུ་གཤེགས་ཏེ། འཇང་ཕབ་པར་ལོ་གཅིག་ཅེས་དང་ཡང་འུང་གི་འོག་ཏུ་འཇང་ལ་ཆབ་སྲིད་མཛད་དེ་མྱ་དཀར་པོ་དཔྱའ་ཕབ། མྱ་ནག་པོ་འབངས་སུ་བཀུག་པ་ལ་སྩོག་སྟེ།  ཞེས་འཁོད་པ་ལྟར་དང་། ཡང་འཇང་ནི་བོད་ཐང་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་པས་ན་ཕྱོགས་གཉིས་ཀས་དབང་དུ་བསྡུ་ཐབས་ཀྱི་འཁྲུག་རྩོད་ཀྱང་བྱས་ལ། མྱའི་རྒྱལ་པོ་ཀག་ལ་བོང(阁罗风)བྱ་བའི་སྐབས་སུ་བོད་ཀྱི་བཙན་པོའི་ངོར་བལྟས་ནས་རྒྱ་ནག་ཐང་དང་རྒྱལ་འགལ་བྱས་པ་ཡིན་ཏེ། ༼ ཏུན་ཧོང་གཏེར་ཡིག ༽དེ་ཉིད་དུ་ལྷོ་ཕྱོགས་ཀྱི་སྨད་ན་འཇང་དུ་མྱ་དཀར་པོ་ཞེས་བྱ་བའི་རྒྱལ་པོ་སྡེ་མི་ཅུང(ཆུང)བ་ཞིག་འདུག་པ། རྒྱལ་པོ་ཐུགས་སྒམ་པོའི་རླབས་དང་ཐབས་ཀྱིས་བཀའ་སྩལ་ཏེ། མྱའི་རྒྱལ་པོ་ཀག་ལ་བོང་ཞེས་བྱ།  འབངས་སུ་པྱག(ཕྱག)འཚལ་ནས། ཐབས་གཅུང་སྩལ་ཏེ། མྱི་མང་གི་སྣོན་བཏག  ཡུལ་ཆེའི་ནི་འདབ་བསྐྱེད་དོ།  ། (འ)ཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་པས། རྒྱའི་ཆབ་སྲིད་ལ་ཡང་ཤིན་ཏུ་དམའ་ཞིང་།  མྱི་བདེ་བར་བྱས་སོ།  །འཇང་མྱའི་རྒྱལ་པོ་ལྟ་ཞིག་རྒྱ་ལ་ལྟ་བ་ལས། རྒྱ་རྗེས་དགྲར་བླང་སྟེ། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར་གློ་བ་ཉེ་ནས། །རྒྱ་ཡུལ་ཕབ་ཀྱིས་ནི་ཡུལ་དང་། མཁར་དུ་བ་ཆས(བཅས)ཏེ་ཕུལ། །གཡུལ་སྤྲད་ཀྱིས་ནི། རྒྱ་བཙོན་ལུག་ལྟར་བསྐྱངས་སོ།  །ཞེས་སོགས་གསལ་པོར་བཀོད་པ་བཞིན་དང་།  འདི་དག་ནི་སྐབས་དེར་བོད་ཀྱི་དབང་སྒྱུར་བ་ལ་མཚོན་ན་ཐང་རྒྱལ་རབས་དང་འཕྲོག་རྩོད་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ།  འཇང་བོད་མི་རིགས་བར་ལ་མཚོན་ན་ཕན་ཚུན་འབྲེལ་གཏུག་བྱས་ཏེ་སྤུན་ཟླ་ལྟར་གྱུར་པར་ཆ་རྐྱེན་བཟང་པོ་ཞིག་འཛོམས་པ་གདོན་མི་ཟའོ། །ཕྱིས་སྤྱི་ལོ༩༠༢ལ་རང་གི་འཁོར་གྱི་རུས་རྒྱུད་ཀྲིན་ཅན་གྱི་སྐུ་དྲག་ཅིག་གིས་འཇང་རྒྱལ་ཁབ་འཇིག་པར་བྱས་ཤིང་། དེ་རྗེས་སྤྱི་ལོ༩༣༧ལ་རུས་རྒྱུད་ཏུན(段)ཅན་གྱི་བློན་པོས་ཏཱ་ལིས་རྒྱལ་ཁབ (大理国)བཙུགས་ཏེ་བོད་སིལ་བུའི་སྐབས་སུ་སྔར་གྱི་འཇང་གི་མངའ་རིས་ལས་ཡུལ་གྲུ་མང་ཙམ་བཟུང་སྟེ་ཞིང་ཕྱུགས་ལས་དང་ལག་ཤེས་བཟོ་ལས་སོགས་དར་རྒྱས་བྱུང་ལ། རྒྱའི་སུང་རྒྱལ་རབས་དང་འབྲེལ་གཏུག་ཟབ་ཅིང་ཆོས་དང་རིག་གནས་བཅས་ཀྱང་དར་རྒྱས་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་རྒྱས་པ་གཞན་ལས་ཤེས་པར་བྱ་ཞིང་།  སྤྱི་ལོ༡༢༥༣ལ་ཧོར་ཇིན་གིར་རྒྱལ་པོའི་དཔུང་དམག་གིས་རྩ་བ་ནས་བསྣུབས་པར་གྱུར་ཏོ།  །

གཞན་ཡང་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་ནང་གི་འཇང་དང་བོད་མིས་ད་ལྟ་འཇང་དུ་འབོད་པའི་རིགས་དང་ཡུལ་ནི་དེང་གི་ལི་ཅང(丽江)ས་ཁུལ་དང་དེ་གའི་ན་ཞིའམ་ནག་གཤིན(纳西)ཞེས་གྲགས་པའི་རིགས་ལ་གོ་དགོས་ཏེ། སྤྱིར་བོད་དང་ནག་གཤིན་གཉིས་རིགས་རྒྱུད་འབྱུང་ཁུངས་ཐད་འབྲེལ་བ་ཡོད་པས་སྐད་དང་གོམས་གཤིས་སོགས་འདྲ་ས་མང་བར་མ་ཟད། ཆོས་དང་རིག་གནས་ཐད་ཀྱང་འབྲེལ་བ་ཟབ་པ་སྟེ་དཔེར་ན་གནའ་སྔ་མོའི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱི་རིང་ལུགས་ཡུལ་དེར་དར་བས་ཕྱིས་ཡུལ་དེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་པ་དེང་སང་སྟོན་པ་རིག་གནས(东巴文化)ཞེས་སྐད་གྲགས་ཆེ་བ་དང་། དེའི་ཕྱིས་བོད་བརྒྱུད་ནང་བསྟན་ལས་བྱེ་བྲག་བཀའ་བརྒྱུད་པའི་གྲུབ་མཐའ་དར་བས་དེང་སང་ཡང་ལྷ་ཁང་རྣམས་སུ་མར་མི་དྭགས་གསུམ་གཙོས་པའི་བླ་རྒྱུད་ཀྱི་ལྡེབས་རིས་དང་གཞན་ལྷ་རྟེན་མང་པོ་མངོན་སུམ་མཇལ་རྒྱུ་ཡོད་པ་ལྟ་བུས་མཚོན། ཡང་གེ་སར་སྒྲུང་ནང་གི་འཇང་ས་དམ་རྒྱལ་པོ་བྱ་བ་ནི་དེ་གའི་སྔ་མའི་རྒྱལ་པོ་སྟེ་རྒྱ་སྐད་ལ་མའོ་ཐེན་ཝང(木天王)ཞེས་འབོད་པ་དེ་ཡིན་པར་བཤད་ཅིང་། དེས་ཁམས་ཕྱོགས་ལ་དམག་དྲངས་ཏེ་བཙན་རྫོང་བརྩིགས་པ་ད་ལྟའང་བདེ་ཆེན་རྒྱུད་ན་མཐོང་རྒྱུ་ཡོད་ཅིང་འཇང་གླིང་འཁྲུག་པའི་སྒྲུང་ཡང་དེ་ནས་བྱུང་བར་མངོན་ལ། ཡུལ་དེར་དེང་སང་ཡང་བདེ་ཆེན་སོགས་ཁམས་མིས་ས་དམ་མམ་ས་ཏང(ཐང)ཞེས་རྒྱལ་ཐང་དང་ས་ཐང་ཡངས་ཐང་བཅས་ཀྱི་ཐང་གི་བརྡ་དེ་སྒྲ་དྲག་པོར་ཏང་ཞེས་བཀླགས། དེ་མིན་དེང་སང་སི་ཁྲོན་ས་ཆའི་ཆཱང་རིགས(羌族)ལ་ཡང་བོད་རང་ལས་བློ་བཟོའི་མིང་འཇང་ཞེས་འདོགས་པར་འདོད་ཀྱང་དེ་འོས་པར་མ་མཐོང་སྟེ། ཆཱང་ཞེས་པའི་མི་རིགས་གྲངས་ཉུང་འདི་གལ་སྲིད་རྒྱས་སྔོན་ཆད་བརྗོད་པའི་ཆཱང(羌)བྱ་བའི་རྒྱུད་ཡིན་ནའང་དེ་ལ་བོད་མིས་འཇང་མི་ཟེར་བར་མིང་གཞན་འབོད་ལ་འདིའི་སྐོར་གོང་གི་ཆཱང་བོད་བར་གྱི་འབྲེལ་བ་ཞེས་པའི་ཚན་པ་ལས་ཤེས་པར་བྱའོ། །

འདིའི་རྒྱུ་ཆ་འཚོལ་སའི་ཁུངས་ནི་རྒྱལ་མོ་འབྲུག་པས་བརྩམས་པའི་སྤྱི་ལོ༢༠༠༤ལོའི་ཟླ༣པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་གྱི་ལྡེབ་མ༡༤༧ནས༡༥༡བར་ནས་མ་དཔེ་ཇི་བཞིན་པ་ཁོ་བོས་སྤྱི་ལོ༢༠༡༣ལོའི་ཟླ༦པའི་ཚེས༡༥ལ་དཔེ་བཤུས་པ་ཡིན་ནོ། །གཞན་ཡང་དེང་སང་མི་ཉག་ས་བདེ་ཡུལ་ཤོག་གི་འོག་ཡོ་ཞེས་པའི་གྲོང་སྡེའི་ནང་དུ་འཇང་གི་ཁང་པ་རྙིང་པ་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཁང་རྒན་འགའ་ཤས་སྐུ་ཞབས་ཆོས་ཀྱི་རྒྱལ་མཚན་ལགས་ཀྱིས་སྲུང་སྐྱོབ་མཛད་ནས་ལྷག་ཡོད་པ་སོགས་ནི་འཇང་དང་མི་ཉག་བར་གྱི་འབྲེལ་བ་མཚོན་བྱེད་ཡིན་ལ།  གཞན་ཡང་མི་ཉག་བརྒྱད་ཟུར་རྫོང་གི་དྲུང་པ་རིན་པོ་འཇང་ས་དམ་རྒྱལ་པོའི་ས་ཆའི་ཐོག་གི་སྤྲུལ་སྐུ་རྩ་བ་ཆེན་པོ་ལ་རྩིས་ནས་དེང་སང་བཞུགས་བཞིན་ཡོད།    སྤྱིར་མི་ཉག་དང་ནག་གཤིན་བར་ལ་བླ་སློབ་དང་འཛུག་སྐྲུན་སོགས་གང་ཐད་ལ་འབྲེལ་བ་ཟབ་མོ་ཡོད་པ་ཞིག་ཡིན་ནོ།  །ཞར་བྱུང་དེང་སང་གི་འཇང་གི་རྒྱལ་རབས་བཞི་བཅུ་ཞེ་བརྒྱད་པ་མོས་རྐང་དང(木光)ང་རང་གཉིས་ནི་ཧ་ཅང་གི་བཟང་ས་དང་དགའ་ས་ཡིན་ཚོགས་འདུ་སོགས་ལ་མཉམ་དུ་འགྲོ་སྐབས་ཁོང་ཡང་བོད་པ་ཡིན་ལ་མི་ཉག་བའང་ཡིན་ཞེས་བདག་ལ་ཐེངས་མང་པོ་གསུངས་མྱོང་བ་བཅས་ནི་འདིར་འཕྲོས་དོན་དུ་བཤད་པའོ།   །

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མིང་།

ཁྲོ་སྐྱབས་དང་།  ཆུ་ཆེན།  བཙན་ལྷ།  འོག་གཞི།  བཀྲ་ཤིས་གླིང་།  ལུང་དགུ།   སོ་མང་།  རྫོང་འགག   མཆོག་རྩེ།  བསྟན་པ་བཅས་རྒྱལ་ཕྲན་བཅུ་ནི་དེང་སང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཞབས་སུ་གཏོགས་ཡོད་ཅིང་། དགེ་ཤིས་མདའ་མདོ་དང་།   བྲག་སྟེང།  པ་ཝམ།   ལྕགས་ལ། འགུ་ཐང་། མགོ་སྟོད་བཅས་རྒྱལ་ཕྲན་དྲུག་ནི་ད་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཞབས་སུ་ཡོད།  དེ་མིན་གྱི་མགོ་སྨད་དང་། མུ་ཕྱི་གཉིས་ནི་དེང་སང་གཙོ་བོ་གཡག་རྔ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཡོད་པར་བཤད་དོ།     །གཞན་ཡང་གནའ་སྔ་མོ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་པོ་ནི་མི་ཉག་སི་ཧུ་རྒྱལ་པོ་ཡིན་པའང་ཚང་མས་ཤེས་དགོས། གནའ་སྔོན་མ་དགེ་ཤིས་ཙ་དང་མདའ་མདོ་རྒྱལ་པོ་གཉིས་རྒྱལ་ཕྲན་གཉིས་ཡིན་ད་ལྟ་གཅིག་ལ་རྩི་དགོས།  དེ་བཞིན་དུ་མི་ཕམ་ནམ་མཁའམ་མུ་ཕྱི་རྒྱལ་པོ་དང་འགུ་ཐང་རྒྱལ་པོ་གཉིས་རྒྱལ་ཕྲན་གཅིག་ལས་ཆད་པ་ཡིན་ཡང་རྗེས་སུ་རྒྱལ་ཕྲན་གཉིས་ལ་གྱེས་པ་སོགས་ལོ་རྒྱུས་དུ་མ་བཤད་སྲོལ་ཡོད་ཀྱང་ཡི་གེ་མང་བས་མ་བྲིས།  རྒྱལ་རོང་གི་ལོ་རྒྱུས་རྒྱས་པར་ཤེས་འདོད་ན་མི་ཉག་ཆུང་བའི་ལོ་རྒྱུས༼རྒྱལ་རོང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་།༽ནང་དུ་གཟིགས་དང་ཤེས་པར་འགྱུར་རོ། །

 

 

 

 

 

 

 

 

 

 

ལེའུ་བཅུ་བདུན་པ། མཁས་གྲུབ་དམ་པ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས།

སྔོན་གྱི་ལོ་ཙྰ་བ་དང་མཁས་ཆེན་དམ་པ་བྱོན་ཚུལ་སྐོར།

 གྱི་ལྗང་དབུ་དཀར་བའི་མཛད་རྣམ།

 གྱི་ལྗང་ལོ་ཙྰ་བའམ་གྱི་ལྗང་དབུ་དཀར་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་མདོ་སྟོད་བཞག་བྲ་ལྷ་རྩེའི་མདུན་ཞོལ་དུ་སྐུ་འཁྲུངས་བ་ཞིག་ཡིན་པར་བཤད། ཁོང་གིས་ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་འགའ་ཡང་བསྒྱུར་བར་མཛད། ཁོང་གི་བསྒྱུར་རྩོམ་ནི། མདོ་སྟོད་བཞག་བྲ་ལྷ་རྩེ་ཞེས་གྲགས་པའི་ལྷ་གཉན་གནས་པའི་ཡུལ་ལྗོངས་སུ་སྐུ་འཁྲུངས་པའི་བླ་མ་གྱི་ལྗང་ལོ་ཙཱ་བ་ནི། བླ་ཆེན་འབྲོག་མིའི་གཞུང་རྫོགས་པའི་སློབ་མ་གཅིག་ཡིན། རྒྱ་གར་དུ་བྱོན་ནས་ལ་ལཱི་ཏ་བཛྲ་ཨཱརྱ་དམར་པོ་སོགས་པཎ་གྲུབ་མང་པོ་ལ་ཟབ་ཁྱད་ཀྱི་ཆོས་གསན་པའི་ནང་ནས་མགོན་པོའི་སྐོར་འདི་རྣམས་དབུས་གཙང་སའི་ཆ་སྟོད་དུ་མལ་ལོ་ཙཱ་བ་བློ་གྲོས་གྲགས་སོགས་ལ་གནང་བར་འཕྲིན་ལས་གསང་བ་དང་ལས་མགོན་ཟངས་གྲི་ཅན་གཉིས་སོགས་གཙོ་ཆེ་བ་ལ་སྟོད་ལུགས། མདོ་སྨད་དུ་བྱོན་ནས་ལྡང་འཆང་སྟོན་པ་ཐོགས་མེད་མཐུ་རྒྱས་ཀྱིས་བསྒྲལ་ཞིང་སློབ་མ་ཚར་དགུ་སྟོན་པ་དང་གྲུ་གུ་སྟོན་པ་སོགས་ལ་སྒྲུབ་ཐབས་ཆེ་ཆུང་ཕུར་བུའི་ལུགས་སོགས་གནང་བས་སྨད་ལུགས་སུ་གྲགས་ལ། ལོ་ཙྰ་བ་ཁོང་ནི་མགོན་པོའི་སྐོར་རྒྱུ་ལ་ཆེད་དུ་མཁས་པ་ཞིག་ཡིན་པར་བཤད་དོ།  །ཞེས་པ་འདིའི་ཁུངས་ནི་རྒྱལ་དབང་ལྔ་པའི་གསན་ཡིག་ཀ་པོད་ལས་ཤིང་པར་གྱི་ཤོག་གུ་ལྡེབ་མ་ཨང་གྲངས༣༥༥ཉིན་ངོས་ཡིག་ཕྲེང་༣པར་ལས་དཔེ་བཤུས་པ་ལྟར་འདིར་བཀོད་པ་ཡིན་ནོ།  །ཞེས་རབ་བྱུང་དང་པོ་མེ་ཡོས་ལོ་སྟེ་སྤྱི་ལོ༡༠༢༧ལོ་ནས་དུས་འཁོར་རྒྱུད་འགྲེལ་བོད་དུ་བསྒྱུར་བར་བཤད། ཁོང་གི་བསྒྱུར་རྩོམ་གཙོ་བོ་ནི། བསྟན་འགྱུར་ལས་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་དང་། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག་བཅས་བཞུགས་སོ། །འགྱུར་ཐམས་ཅད་ཀྱི་ཐོག་མ་ནི་གྱི་ཇོ་ལོ་ཙཱ་བའི་ལུགས་ཡིན་པར་བཤད། དེ་ནས་བཟུང་སྟེ་བོད་དུ་དུས་འཁོར་ལུགས་ཀྱི་རབ་བྱུང་གི་བརྩི་ཚུལ་དྲུག་ཅུའི་ལོ་མགོ་མེ་ཡོས་ནས་བྱེད་པའི་སྲོལ་འདི་དར་ཡོད་པ་མངོན་ཞེས་ཡུམ་པས་གསུངས་སོ།  །

ཙ་མི་ལོ་ཙྰ་བ་སངས་རྒྱས་གྲགས་པའི་མཛད་རྣམ།

 ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྨད་ཙམ་དུ་མདོ་ཁམས་མི་ཉག་ས་བདེ་ཡུལ་ཤོ་ལག་འོག་སྡེ་པ་རུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན།  ཁོང་གི་འཁྲུངས་ཡུལ་དངོས་ནི་ང་ཚོས་དཔྱད་པ་བཏང་བ་ལྟར་ན་དཀར་མཛེས་ཁུལ་དར་མདོ་རྫོང་གི་ས་བདེ་ཤང་ངམ་ཡུལ་ཤོག་གི་ལག་ཝའམ་ལག་འོག་སྡེ་པའི་ལྕགས་མོས་ཚང་གི་ཁྱིམ་དུ་སྐུ་བལྟམས།  ས་བདེ་ཡུལ་ཤོག་གི་ལག་འོག་སྡེ་པའི་སྡེ་དཔོན་ཀུན་དགའ་དང་འགེ་ཁ་དགོན་པའི་དགོན་དཔོན་དགྲ་འདུལ་རྣམ་གཉིས་ཀྱང་དེར་འཁྲུངས་པ་རེད་ཅེས་བཤད་འདུག་པར་མ་ཟད།   ས་ཆ་དེར་བླ་མ་ཙ་མི་ཚང་གི་ཞབས་རྗེས་དང་སྐུ་ལུས་ཆ་ཚང་གི་སྐུ་རྗེས་བཅས་ཁོ་བོ་ལ་དངོས་སུ་མཇལ་ཁ་བཏང་སོང་།   ཐོག་མར་ཁོང་གིས་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། བསྟན་པའི་ཆོས་སྒོར་ཞུགས་ཏེ་རབ་བྱུང་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་ཞུས་ཤིང་འདུལ་བའི་ཆོས་སོགས་ལ་ཐོས་བསམ་མཛད། དེ་ནས་ཁ་ཆེ་དང་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་ཏེ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟ་སོགས་ལ་བརྟེན་ནས་མདོ་སྔགས་གཉིས་ཀར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། ལེགས་སྦྱར་གྱི་སྐད་ལའང་བྱང་ཞིང་ཆུབ་པར་བསླབས་ཏེ་བསྟན་བཅོས་དུ་མ་བསྒྱུར་བར་མཛད། རབ་བྱུང་གཉིས་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ༡༡༢༦ལོའི་ཡས་མས་སུ་སྟེང་བ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་གར་དུ་ཕེབས་ནས་ཙ་མི་སངས་རྒྱས་གྲགས་པ་བསྟེན་ཏེ་ལོ་བཅུའི་རིང་ལ་སློབ་གཉེར་མཛད། དཔལ་ན་ལེན་དྲའི་མཁན་པོ་ལོ་ཤུ་རྩ་གསུམ་མཛད་ཅིང་དེ་དང་དུས་མཚུངས་སུ།  རྒྱ་གར་རྡོ་རྗེ་གདན་དུ་སྟོན་པ་སངས་རྒྱས་ཤཀྱྰ་ཐུབ་པའི་རྒྱལ་ཚབ་ལོ་ཉི་ཤུར་མཛད་ཡོད་པར་བཤད།   གཞན་ཡང་དཔལ་ཆེན་པོ་རྒ་ལོའི་རྣམ་ཐར་ལས།  བོད་དུ་ཆོས་དུ་མ་ཞུས་ཏེ།  དེ་ནས་བལ་ཡུལ་དུ་སླེབས་པ་དང་།  གསེར་སྲང་དྲུག་ཅུ་ལོངས་ཏེ།  ལམ་གྱི་འཇིགས་པ་ལ་སོགས་པ་ཐམས་ཅད་ལ།  གྲོགས་བཟང་པོས་བསུ་བ་ཤ་སྟག་བྱུང་ནས།    རྡོ་རྗེ་གདན་དུ་བྱོན་པ་ཡིན།  དེ་ཚེ་རྡོ་རྗེ་གདན་ན།  རྒྱལ་པོ་ཤིང་སྟན་བཙན་བྱ་བ་བཞུགས་པ་ལ་བབས་ནས།  ཁྱོད་ཀྱིས་ཅི་འཚོལ་བ་ཡིན།  ཆོས་འཚོལ་བ་ཡིན་ན།  དཔལ་ན་ལེན་དྲའི་གཙུག་ལག་ཁང་ན་པཎྜི་ཏ་མང་པོ་བཞུགས་ཏེ།   དེའི་ནང་ནས་ཀྱང་ཆེ་བ་རིག་པའི་གནས་ཚང་མ་ལ་མཁས་ཤིང་།   ཚེ་ཡི་དངོས་གྲུབ་བརྙེས་པ་ཙ་མི་སངས་རྒྱས་གྲགས་པ་ཞེས་བྱ་བ་བཞུགས་ཀྱིས།   ཁྱེད་བོད་པ་ཐམས་ཅད་དེར་བབ་པ་ཡིན་པས།   དེར་སོང་ཤིག་ཟེར་བ་དང་།  བླ་མའི་ཐུགས་དགོངས་ལ།   ཙ་མི་བོད་ཡིན་ན།  ད་རྒྱ་གར་དུ་ཕྱིན་ནས།  བོད་ཅིག་ལ་ཆོས་ཞུ་བ་མི་རིགས་ཏེ།  འོ་ན་རྒྱལ་པོའི་བཀའ་བཅག་མི་ཐུབ་པས།   དེའི་དྲུང་དུ་གཅིག་འགྲོ་འོ་སྙམ་ནས་བྱོན་ཏེ།     གསེར་ཐམས་ཅད་དེར་བཅོལ་ནས།  མི་སུ་དང་སུ་འཕྲད་པ་ལ་ཙ་མི་ནི་བོད་ཡིན་ནམ།  ཁྱེད་རྒྱ་གར་ན་པཎྜི་ཏ་མཁས་ཤིང་གྲུབ་པ་ཐོབ་པ་དུ་ཡོད་ཅེས་རྟག་ཏུ་དྲིས་པ་ལ།   བྱང་ཆུབ་སེམས་དཔའ་ཨ་བྱ་ཀ་ར་ཡོད་ཟེར་ནས།  གསེར་སྲང་བདུན་ལ་མཎྜལ་བྱས་ནས་ཕུལ་ཏེ།   དབང་བསྐུར་དད་ལྡན་གཅིག་སྐྱེས་པ་གནང་ངོ་།   །དེར་དུས་ནམ་ཞིག་ན་བླ་མ་ཨ་བྱ་ཀ་ར་དེ་ཙ་མི་ལོ་ཙ་ལ་ཆོས་ཉན་ཅིང་འདུག་པ་ཚོར་ནས།   ད་ནི་ཙ་མི་ལས་ཆེ་བ་མེད་དེ།  ད་འོ་ན་ཡང་གཞན་གཅིག་བཙལ་དགོས་སྙམ་ནས།    གསོ་མ་རུ་པ་སྟན་གཅིག་པ་མཛད་ནས།  ལོ་གསུམ་ཙམ་ལ་བསོད་སྙོམས་མཛད་ཅིང་གྲོང་ཁྱེར་མཉན་ཡོད་ལ་སོགས་པ་ཐམས་ཅད་དུ་བྱོན།  གྷ་ཡ་གྷོ་རི་བྱ་བ་དེར་ཞག་གསུམ་བཞུགས།  འཕགས་པ་ག་ཡ་འོད་སྲུང་གི་ལྷུང་བཟེད་དང་།     བསིལ་བྱེད་ལ་བྱིན་རླབས་ཞུས།  གཟིམས་པ་ལ་ཕྱག་འཚལ་བ་ལ་སོགས་མཛད་ཅིང་གསུངས།   དེ་ལྟར་ཡུལ་ཁམས་སྐོར་གྱིན།  ཨ་བྱ་ཀ་ར་མ་གཏོགས་པ་རྒྱ་གར་ན་སུ་ཆེ་ཞེས་དྲིས་པ་ལ།  ནུབ་ཕྱོགས་ཨུ་རྒྱན་ན་པཎྜི་ཏ་བྷ་གི་ཤྭ་ར་བྱ་བ་ཡོད་ཟེར་ནས།     དེར་བཞུད་པར་དགོངས་པ་ལ།  ལམ་དུ་ཞུགས་ཀ་ཙ་ན་པཎྜི་ཏ་གདུང་སུ་རི་བ་དཔོན་གཡོག་བཞི་ལྔ་ཙམ་ཤྲྰི་ན་ལེན་དྲར་བྱོན་ནས།   འདི་ཀུན་སུ་ཡིན་དྲིས་པ་ལ།    ཨུ་རྒྱན་ན་བཞུགས་པའི་པཎྜི་ཏ་བྷ་ཀི་ཤྭ་རི་བྱ་བ་དེ་ཡིན།   བླ་མ་མི་ཉག་གི་སློབ་མ་ཡིན་ཟེར།   འདིར་ཅི་ལ་བྱོན་པ་ཡིན་དྲིས་པས།  སློབ་དཔོན་ཙ་མི་ལ་ཞུས་པའི་དུས་ཀྱི་འཁོར་ལོའི་སྒོམ་གྱི་གནད་རྣམས་ཕྱོགས་གཅིག་ཏུ་སྡེབས་པའི་ཡི་གེ་གཅིག་ཞུར་བྱོན་པ་ཡིན་གསུངས་ནས།    སྦྱོར་བའི་ཕྲེང་བ་འདི་མཛད་སྐད།  དེ་ནས་ཁམས་པ་རྒ་ལོའི་ཐུགས་དགོངས་ལ།   ད་ནི་བླ་མ་ཙ་མི་དང་ཨ་བྷྱ་ཀ་ར་གཉིས་ལས་ཆེ་བ་ནི།   འཛམ་བུ་གླིང་ན་མི་བཞུགས།  ཨ་ལ་ལ་ངོ་མཚར་ཆེ་སྙམ་ནས།  གསེར་སྲང༤༧ཡོད་པའི༡༠བཞག་ནས།   སུམ་ཅུ་རྩ་བདུན་ལ་མཎྜལ་བྱས་ནས།  བླ་མ་རྩ་མི་ལ་ཕུལ་ཏེ།   བདག་ལ་ཚེ་འདི་ཉིད་ཀྱིས་སངས་རྒྱ་བའི་གདམས་ངག་གཞན་ལ་མེད་པ་གཅིག་ཞུ་བྱས་པ་ལ།    བླ་མ་རྩ་མིའི་ཞལ་ནས།   ཁྱོད་ཀྱིས་ཅི་ཟེར་བ་ཡིན།   གཞན་ལ་མེད་པའི་གདམས་ངག་ག་ལ་འོང་།  ཞེས་གསུངས་པ་ད་དམིགས་པ་སྤོ་མི་དགོས་པའི་གདམས་ངག་གཅིག་ཞུ་བྱས་པས།  སྦྱོར་བ་ཡན་ལག་དྲུག་ཅེས་བྱ་བ་གནད་ཀྱི་སྒོ་ནས་སྟོང་པ་སྙིང་རྗེ་ཆེན་པོ་ཅན་རྒྱུད་ལ་སྐྱེ་བར་བྱེད་པའི་གདམས་ངག་འདི་གནང་ངོ་། །ཞེས་གསུངས་པ་ལ་སོགས་པ་ལྟ་བུ་ནི་ཁམས་པ་དཔལ་ཆེན་པོ་རྒ་ལོ་ཙྰ་བའི་རྣམ་པར་ཐར་པ་ཞེས་པའི་བྲིས་མའི་ཤོག་ལྡེབ༢ནས༣བར་ལས་འཚོལ་བསྡུ་བྱས་པ་ཡིན་ལ། མ་ཡིག་དེ་དག་མོ་ཞིག་མ་རེད།   མཐར་མི་ཉག་སངས་རྒྱས་གྲགས་པ་རྒྱ་གར་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།    །ཁོང་གི་བསྒྱུར་རྩོམ་ནི། བསྟན་འགྱུར་ལས་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་དྲི་མ་མེད་པའི་འོད། དཔལ་མགོན་པོའི་ནང་སྒྲུབ། དཔལ་མགོན་པོ་ཆེན་པོའི་སྒྲུབ་ཐབས། ཡན་ལག་གི་དམ་ཚིག རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ།  རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག་བཅས་བཞུགས་སོ། །ཞེས་པ་སོགས་རྩོམ་བསྒྱུར་གནང་ཡོད་པ་ཡིན།  སྤྱིར་འདི་ལྟ་བུའི་མཁས་པ་ཆེན་པོ་ཞིག་ལ་ཆེད་དུ་ལོ་རྒྱུས་ཀྱི་རྣམ་ཐར་རྒྱས་པ་དང་ཁ་གསལ་མོ་ཞིག་བྲིས་མེད་པ་ནི་གནའ་སྔ་མོ་ང་རང་བོད་ཀྱི་མཁས་པ་རྣམ་པ་ཚོ་ཕྲག་དོག་དང་ཞེ་སྡང་ཅུང་ཟད་ཆེ་དྲགས་པས་སྐྱོན་རེད་སྙམ། ལག་འོག་སྡེ་པ་ནི་དེ་ཡང་ལག་ཝ་སྡེ་པའི་གནས་ཚུལ་རགས་བསྡུས། ལག་ཝ་སྡེ་པ་ལ་དུད་གྲངས༡༡༢དང་མི་གྲངས༥༡༧ཡོད། སྡེ་འདི་ནི་མི་ཉག་ཙ་མི་ལོ་ཙ་བ་སངས་རྒྱས་གྲགས་པ་འཁྲུངས་ས་དངོས་ཡིན་པར་བཤད་དོ།    །ཞེས་པའི་རྒྱུ་ཆ་འདིའི་འབྱུང་ཁུངས་ནི་སྤྱི་ལོ༡༩༩༢ལོར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས་པའི༼གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད༽ལས་ཁོ་བོས༢༠༡༤ལོར་བཏུས་པ་ཡིན་ནོ།    །

མི་ཉག་རྒྱལ་མཚན་དཔལ་བཟང་གི་མཛད་རྣམ།

དེ་ཡང་མི་ཉག་རྒྱལ་མཚན་དཔལ་བཟང་པོ་ནི་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བོད་དུ་གཙུག་ལག་གི་སྒྲོན་མེ་སྦར་བར་དགོངས་པས་རྒྱ་ནག་དར་ཆེན་ཐིག་ལེར་གཙུག་ལག་གི་རྩིས་སློབ་ཏུ་བོད་ཀྱི་མཁས་པ་མི་བཞི་བརྫངས་པའི་ནང་ཚན་གྱི་ལང་ཚོ་ལྡོང་ཡག་ཞེས་བྱ་བ་དེ་ཉིད་ཀྱི་རིགས་ཚ་མདོ་ཁམས་རྒྱལ་སྡེར་ཆགས་པའི་མུས་བརྒྱུད་མི་ཉག་རྒྱལ་མཚན་དཔལ་བཟང་པོ་ཞེས་མདོ་ཁམས་ནས་དབུས་སུ་ལས་ཀྱིས་འཕྱུགས་པ་འདིའི་ལོ་རྒྱུས་རྣམས་གཤམ་གསལ།  དེ་ཡང་སྙན་པའི་གྲགས་པས་ས་སྟེང་ཀུན་ཏུ་ཁྱབ་པའི་ཕུག་ལུགས་རྩིས་ཀྱི་འབྱུང་ཁུངས་ནི། པར་དུ་སྐར་རྩིས་ཀྱི་རིག་པ་ལ་མཁས་པའི་རྩེར་སོན་པ་གཙང་ཆུང་ཆོས་གྲགས་རྒྱ་མཚོ་དང་། ཕུག་པ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ་ཕུག་པ་ཕྱི་མ་རྒྱ་མཚོ་རྣམ་གསུམ་ཞེས་པ་བྱོན་ཏེ་ཕུག་ལུགས་ཀྱི་རྩིས་སྲོལ་རྒྱ་ཆེར་ཕྱེ། སྐར་རྩིས་ཀྱི་ལག་ལེན་རྣམས་ཉིན་མོ་ལྟར་གསལ་བར་མཛད་པ་ཡིན་ནོ།  །ཕུག་པའི་རིགས་རྒྱུད་འདིའི་ཆེ་བ་དང་སྐར་ནག་དབྱངས་གསུམ་གྱིས་མཚོན་པའི་རྩིས་ཀྱི་བྱ་བ་བྱས་ཚུལ་རགས་ཙམ་བེེ་དཀར་གཡའ་སེལ་གྱི་ལུང་ལས་དྲངས་ཏེ་ཅུང་ཟད་བརྫོད་ན། སྔོན་དུས་སུ་གཙུག་ལག་འཛིན་པའི་རྒྱུན་བཟང་པོ་འབའ་ཞིག་བྱུང་བར་སྣང་སྟེ། རིགས་ཚལ་ནས་གྲུབ་བརྙེས་ཀྱི་རྟགས་ཐོག་ཏུ་བྱ་ཁྱུང་བབས་པ་དང་།  གདུང་གསེབ་ནས་ལྕགས་མི་འཕྲུལ་ཐུབ་པ་སོགས་ཁྱད་མཚར་དུ་མ་བྱུང་བར་གྲགས། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོད་དུ་གཙུག་ལག་གི་སྒྲོན་མེ་སྦར་བར་དགོངས་པས་འ་ནག་དར་ཆེན་ཐིག་ལེར་གཙུག་ལག་གི་རྩིས་ཏུ་བོད་ཀྱི་མཁས་པ་མི་བཞི་བརྫབས་པའི་ནང་ཚན་གྱི་ལང་ཚོ་ལྡོང་ཡགས་ཞེས་བྱ་བ་དེ་ཉིད་ཀྱི་རིགས་ཚ་མདོ་ཁམས་རྒྱལ་སྡེར་ཆགས་པའི་མུས་བརྒྱུད་མི་ཉག་རྒྱལ་མཚན་དཔལ་བཟང་ཞེས་པ་མདོ་ཁམས་ནས་དབུས་སུ་ལས་ཀྱིས་འཕྱགས་པ་ཉིད་གཡོར་པོ་གྲ་ནང་གིིིི་མདའི་ཕུག་པ་ཞིག་ལ་བརྟེན་ནས་བཞུགས་ཤིང་། ཕུག་པ་བ་ཞེས་པའི་མིང་ཡང་དེ་ལ་བརྟེན་ནས་གྲགས་ལ།འདིར་རིགས་བརྒྱུད་ཤེས་རབ་ཕུན་ཚོགས་དང་ལྡན་པ་རིམ་འབྱོན་གྱི་རྟེན་འབྲེལ་དུ་ཕུག་པའི་ཐོད་རིར་ཡི་གེའི་ཨའི་རྣམ་པ་གསལ་བར་ཡོད་ཅེས་གྲགས་ཤིང་། མི་ཉག་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་འདི་ཉིད་སྔོན་སྔགས་རྩིས་ཆ་རགས་པ་མཁྱེན་པ་ཞིག་ཀྱང་ཞིབ་པར་གཙུག་ལག་རྩིས་ཀྱང་ཞིབ་པར་གཙུག་ལག་རྩིས་ཀྱི་སྐོར་གཙོར་གྱུར་རྣམས་གྲ་ཕྱི་ཁང་དམར་གྱི་ཁྱུང་ནག་ཤཱཀ་དར་ལ་མ་ལུས་པར་གསན་ཅིང་། ལོ་རྒྱུས་རིན་ཆེན་རྩ་ཕྲེང་ལ་བརྟེན་གསལ་ཡིག་ཆ་ཁ་ཡར་མཛད།དེ་ལ་སྲས་སྔགས་པ་ལྷུན་གྲུབ་དཔལ་ཞེས་པ་བྱུང་སྟེ།འདིས་ཀྱང་རིགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པར་ཤེས་ཤིང་ཅི་ལ་ཡང་ཤེས་རིག་བཀྲ་བར་ཤེས་པའི་དབང་གིས།མཁས་གྲུབ་གན་དཀར་དུ་གྲགས་པའི་དཀར་ཡོལ་རྒྱ་བཟོ་ལས་མི་དམན་པ་ཕྱག་བཟོ་མཛད་པར་གྲགས་ཤིང་།དེའི་གནད་རྣམས་ནུབ་པ་མ་གཏོགས་བཟོ་རྒྱུན་ཆ་ལམ་ཞིག་སྡེ་སྲིད་སངས་རྒྱས་རྒྱས་རྒྱ་མཚོའི་སྐབས་ཞལ་བུ་དཀར་གསར་དུ་གྲགས་པ་དེ་ཡིན་ཞེས་གསུངས། དེའི་སྲས་སློབ་དཔོན་ཨཱརྱ་དེ་ཝ་ཞེས་གྲགས་པ་བྱུང་ཞེང་། དེས་ཀྱང་རང་གི་རིགས་ཆོས་རྣམསས་རྣམ་དག་ཤེས་ཤིང་།དུས་འཁོར་གྱི་རྩིས་ལ་ཡང་མཁས་པར་བྱུང་། གཞན་ཡང་རིགས་སྲས་སློབ་དཔོན་དགེ་འབྲང་པ་ཞེས་འཇིག་རྟེན་གྱི་མེས་པོ་ལྟ་བུ་ཡང་བྱོན་ཏེ་སྡེ་སྲིད་ཀྱི་སྐབས་སུ་ད་དུང་ཡོད་པའི་ཁང་པ་དེ་རྣམས་ཕུག་པར་བརྟེན་མི་དགོས་པར་བསྒྲུབས།སློབ་དཔོན་ཨཱརྱ་དེ་ཝའི་སྲས་ཆེ་བར་སློབ་དཔོན་ཀུན་དགའ་དཔལ་ཞེས་རྩིོས་སྐར་ནག་ལ་མངའ་བརྙེས་པ་བྱུང་། དུས་ཚིགས་འཁོར་ལོ་བཅུ་པ་དང་། དགེ་ཡེ་པའི་དྲིས་ལན་སོགས་རྩིས་སྐར་ནག་གི་ཡིག་ཆ་ཁ་ཡང་མཛད། རང་རིགས་ཆོས་རྗེ་བསོད་ནམས་ཚེ་འཛིན་པར་རྩིས་སྐར་ནག་རྫོགས་པར་བསླབས།གཅུང་ལྷུན་གྲུབ་རྒྱ་མཚོ་ཞེས་བྱུང་བ་དེས་རིན་པོ་ཆེ་གཙང་ཆུང་ཆོས་གྲགས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ། རྗེ་ནོར་བཟང་རྒྱ་མཚོ་དང་།གྲ་ཆུང་ཡོན་ཏན་རྒྱ་མཚོ་དང་བཅས་དཔལ་དུས་ཀྱི་འཁོར་ལོའི་དཀའ་གནད་ཐམས་ཅད་ཞུན་ཐར་ལེགས་པར་བཅད་དེ་ཕུག་པ་གོང་མས་ཀྱང་འགྲན་དུ་མེད་པའི་རྩིས་རིག་མཁྱེན་ཏེ་བོད་རབ་བྱུང་བརྒྱད་པའི་མེ་ཡོས་སྟེ་སྤྱི་ལོ༡༤༤༧ལོར་རྩིས་གཞུང་པདྨ་དཀར་པོའི་ཞལ་ལུང་མ་བུ་རྣམས་མཛད། དེའི་ཆ་ལག་ཏུ་གྱུར་པའི་ཆུ་མིག་ཀླུ་མཚོའི་རེའུ་མིག་དང་།  དྲག་གཟའ་གསུམ་གྱི་དལ་དག་རེའུ་མིག  །སྐར་མའི་རྐང་པའི་རེའུ་མིག  །ཆུ་ཚོད་ཀྱི་རེའུ་་མིག  །དྲག་གཟའ་གསུམ་གྱི་དལ་དག་དཀྱིལ་འཁོར་མཐའ་སྤེལ་བར་བྱས་པའི་རེའུ་མིག་རྒྱ་མཚོ་སོགས་རེའུ་མིག་རྒྱས་འབྲིང་བསྡུས་གསུམ།   ཞི་གཟའ་གཉིས་ཀྱི་རྐང་པའི་རེའུ་མིག་སོགས་ཀྱང་རྒྱས་འབྲིང་བསྡུས་གསུམ། གཟའ་ལྔ་ལ་ཐུན་མོང་དུ་མཁོ་བའི་རེའུ་མིག་མན་ངག་གི་ཡིག་ཆུང་དང་བཅས་པ། གཟའ་ལྔའི་མྱུར་དག་ཚེགས་མེད་དུ་བསྒྲུབ་པའི་རེའུ་མིག  །སྤྱིར་རྩིས་ཀྱི་ཚུལ་ལ་ངེས་པ་རྙེད་པ་མེད་དུ་མི་རུང་བའི་ཡན་ལག་སྟོང་འཇུག་གི་རེའུ་མིག་ཁ་བྱང་གི་ཡིག་ཆུང་དང་བཅས་པ་གསར་དུ་བསྐྲུན་ཏེ་བསྣན།  དེའི་སྟེང་དུ་སྔ་མ་དག་གིས་བཀོད་པའི་ལྔ་བསྡུས་དང་སྒྲ་གཅན་གྱི་རེའུ་མིག་རྣམས་ཀྱང་བཅུག  །སྤྱི་ལོ༡༤༩༩ས་ལུག་ལོ་ལ་དབྱངས་མཛད་པ་སོགས་ཀྱིས་ཕུག་པའི་རང་ལུགས་དྲི་མ་མེད་པ་ཆེས་ཆེར་གསལ་བར་མཛད།  འདིའི་བསྟན་བཅོས་རྣམས་ལ་གཞན་གྱིས་དགག་འདྲི་བྱུང་བས་གཙོས་མཁས་གྲུབ་ནོར་བཟང་རྒྱ་མཚོས་བསྲེགས་བཅད་བརྡར་བའི་ཡིག་ཆ་པད་དཀར་ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་།  པད་དཀརཞལ་ལུང་ལས་གཟའ་རྣམས་སྟོང་པར་འཇུག་པའི་ལྷན་ཐབས། རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་གཞུང་མང་པོ་དང་། དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་མཛད་པ་སོགས་རྣམ་དག་རྩིས་ཀྱི་འབྱུང་ཁུངས་སུ་གྱུར།རྩིས་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བཙུགས་ཏེ་དུས་སྤྱོར་བརྟག་པའི་སྲོལ་ཡང་རྒྱ་ཆེར་ཕྱེས།  འདིའི་ཐད་སྡེ་སྲིད་སངས་རྒྱས་མཚོའི་གསུང་ལས་སྤྱིར་ན་ཞལ་ལུང་དང་ལྷན་ཐབས་ཐད་གཅིག་ལ་གཅིག་བརྟེན་དགོངས་པ་དབྱེད་མེད་དུ་ཡོད་མོད།  ཞུན་ཐར་བཅད་བཞིན་སྔ་མ་ལས་ཕྱི་མ་ཁྱད་དུ་ཆེ་བ་ལྟ་བུར་གྱུར།  དེས་ན་ཞལ་ལུང་ངོ་བོ་ལས་ཀྱང་བུ་དཔེའམ་ལྷན་ཐབས་གསལ་ཞིང་ལེགས་པར་གྲགས་པ་ལྟར་བརྟགས་་ན་དེལྟར་དུ་ངེས། འོ་ན་ལྷན་ཐབས་ཞིག་ཁྱད་པར་དུ་ཆེ་བསམ་ན་ཐོག་མའི་ཞལ་ལུང་རང་ལུགས་ཀྱི་གྲུབ་རྩིས། ས་ཚིགས་ཀྱི་སྐྱེས་ཁྱིམ་སྐར་མདའ་མེ་མེའི་སྐྱོན་ལྷན་ཐབས་ཀྱིས་བསལ་བའི་ཕྱིར་རོ་ལེས་འབྱུང་བ་ནི་འཕྲོས་དོན་ནོ། ཨཱརྱ་དེ་ཝའི་སྲས་ཀྱི་ཐ་ཆུང་ཕུག་པ་ཇོ་སྲས་པ་ལ་སྲས་ལྔ་ཙམ་བྱུང་བའི་བགྲེས་འོག་མར་སྐུ་མདུན་དཔལ་་འབྱོར་ཕུན་ཚོགས་སམ་ཕུག་དཔལ་མགོན་འཕྲིན་ལས་པར་གྲགས་པ་བྱུང་ཞིང་རྩིས་དཀར་ནག་སྨྲ་ན་གཞན་འགྲན་མེད།  དེས་ཞལ་ལུང་མཛེས་རྒྱན་དང་ལོ་ཟླའི་མགོ་འཛིན་སོགས་ཡིག་ཆ་དུ་མ་མཛད། དེའི་སློབ་མ་དུས་རམས་པ་འཆི་མེད་བདེ་བ་ཞེས་པ་རྩིས་དཀར་ནག་གཉིས་དང་ཁྱད་པར་དབྱངས་འཆར་ལ་མཆོག་ཏུ་མཁས་པ་དེས་དབྱངས་འཆར་གྱི་གཞུང་ལག་ལེན་ནོར་བུའི་ཕྲེང་བའམ་འོད་ཟེར་བརྒྱ་པ་མཛད་པ་སོགས་ཀྱིས་ཕུག་པའི་རང་ལུགས་སྔར་ལས་གསལ་བར་མཛད་པ་ཡིན་ནོ། །

  ཁོང་གི་གསུང་ཆོས་ནི། གསལ་སྒྲོན་སྟོང་ཐུན་དང་། ནག་རྩིས་ཁོག་འབུགས་སྟོང་ཐུན་སོགས་ཡོད་པར་གསུངས་སོ། །ཞར་བྱུང་ནག་རྩིས་ལ་ཆེས་མཁས་པ་མི་ཉག་འཛིན་དར་ཀ་ལོང་གིས་ཞུས་པའི་དཔེ་ཆ་རྣམས་ཀྱི་ངོ་སྦྱོར་མདོར་བསྡུས་ཤིག་ཞུས་ན། ཕྱི་འགྱུར་ཐོག་མའི་འགྲེལ་བཤད་རྣམས་ནི། ལུང་ཚེས་བཅོ་ལྔ་དང་། མན་ངག་བཅོ་བརྒྱད། ཡང་འགྲེལ་ལྔ་བཅུ་རྩ་བརྒྱད། ཐེམ་འགྲེལ་བརྒྱ་དང་བཞི་བཅུ། འབྱུང་ཆེན་བཅོ་ལྔ། འབྱུང་ཆུང་ཉི་ཤུ་རྩ་བརྒྱད། གཞན་ཡང་ཀླུངས་ཀྱི་འགྱུར་རྩིས་ཆེན་མོ་དང་། སྤར་ཁ་སྤྲུལ་པའི་གསོན་འགྲེལ། དགུ་མིག་བཞི། ཟངས་ཀྱམ་མ་བུ་བཅོ་བརྒྱད། ཀླུང་རྩིས་འབུམ་ནག་ཆེན་མོ། སྤང་རྒྱན་ལོ་མའི་གསེར་འགྲེལ་གསུམ། ཀ་བ་སྐྱེ་ཤིའི་ཀླུང་རྩིས། གཟའ་གཞུང་ལས་ཁོག ས་གཞུང་བྱེ་མ་ལག་ཁྲིད། པདྨ་བརྩེགས་པའི་རྒྱུད། འགྲེལ་པ་དྲི་མེད་རྣམས་ནི་ཁོང་གིས་བོད་ཡིག་ཏུ་བསྒྱུར་བ་ཡིན་ནོ།   །

 

བྱང་པ་རྣམ་རྒྱལ་གྲགས་བཟང་གི་མཛད་རྣམ། 

མི་ཉག་གི་བྱང་བདག་རྣམ་རྒྱལ་གྲགས་བཟང་ནི།  ཕ་ཡབ་གུའི་གུང་ཆོས་གྲགས་དཔལ་བཟང་དང་མ་ཡུམ་སི་ཏུ་ཆོས་རིན་པའི་སྲས་མོ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ།  རབ་བྱུང་བདུན་པའི་ཤིང་ཕག་ལོ་སྟེ་སྤྱི་ལོ་༡༢༩༥ལོར་ངམ་རིང་ཞེས་པ་རུ་སྐུ་འཁྲུངས།   མི་ཉག་སེའུ་རྒྱལ་པོ་ནས་བརྩིས་པའི་གདུང་རབས་བདུན་པ།  གོང་མ་སེ་ཆེན་རྒྱལ་པོས་རིན་པོ་ཆེའི་ཐམ་ཀ་དང་། སི་ཏུའི་ལས་ཀ་གནང་བས་མངོན་པར་མཐོ་བ། ཁོང་གི་ཆུང་མིང་ལ་རྒྱ་རུག་དར་མ་རིག་འཛིན་ཞེས་མཚན་གསོལ། དགུང་ལོ་བཞི་ལྔ་ནས་ཡི་གེ་འབྲི་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུའི་ཐོག་པཎ་ཆེན་ནགས་ཀྱི་རིན་ཆེན་དང་།  བོ་དོང་ཕྱོགས་ལས་རྣམ་རྒྱལ།  ལྔ་པ་དཔལ་འབྱོར་ཤེས་རབ།  སེང་གེ་རྒྱལ་མཚན།  རིན་ཆེན་དཔལ་བཟང་།  རྒྱ་གར་རྡོ་རྗེ་གདན་གྱི་མཁན་ཆེན་ཤྰ་རི་ཕུ་ཏྲ་སོགས་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་དང་ཁྱད་པར་འཆི་མེད་འཁྲུལ་འཁོར་དང་གའུ་གདམས་པའི་རླུང་སྦྱོར་སོགས་གསོ་བ་རིག་པ་དང་དཔལ་དུས་ཀྱི་འཁོར་ལོའི་སྐོར་སོགས་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད།  མཁས་པའི་དབུས་ན་སྨན་རྩིས་ལ་བྱང་ཆུབ་པའི་སྙན་གྲགས་ཕྱོགས་བཞིར་ཁྱབ།  ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པས་མཚན་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་དུ་གསོལ།  མཁས་དབང་འདི་ཉིད་ཀྱིས་སྨན་གྱི་གཞུང་ལུགས་དང་ཉམས་ལེན་ཟུང་དུ་སྦྲེལ་རྒྱུར་ཐུགས་བརྩོན་ཆེན་པོ་མཛད།  སྨན་གྱི་དྲི་རོ་ནུས་པའི་སྐོར་ལ་ཕྱག་ལེན་དངོས་ཀྱི་ནང་བརྟག་ཞིབ་གནང་སྟེ་དཔལ་ལྡན་རྒྱུད་བཞིའི་གཞུང་ལུགས་ཀྱི་ཐོག   བོད་བྱང་ཕྱོགས་ཀྱི་ས་བབས་དང་།  གནམ་གཤིས།  མི་རྣམས་ཀྱི་འཚོ་བའི་གོམས་གཤིས་སོགས་ལ་ཉམས་ལེན་མཛད་དེ་སྨན་བཅོས་གནང་བའི་མྱོང་བ་ཕྱོགས་བསྡོམས་དང་འབྲེལ་སྔར་བས་ཞིབ་ཆ་ཆེ་བའི་རྒྱུད་བཞིའི་འགྲེལ་པ་གསར་རྩོམ་དང་།   སྨན་སྦྱོར་གསར་བཟོ།  སྨན་རྫས་ཀྱི་ངོས་འཛིན་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་བྱང་ལུགས་ཀྱི་སྲོལ་ཐོག་མར་ཁོང་གིས་གསར་དུ་ཕྱེས།   རྗེ་འདི་ཉིད་ཀྱིས་བོ་དོང་ཕྱོགས་ལས་རྣམ་རྒྱལ་རང་གི་རྩ་བའི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན།  ཕྱིས་བོ་དོང་ཆེན་པོའི་གསུང་འབུམ་པོད་བརྒྱ་ཕྲག་བརྒལ་བ་དངོས་སུ་བཞུགས་པ་ནི་བྱང་བདག་ཆེན་པོ་འདི་ཉིད་ཀྱི་མཛད་རྗེས་དང་བྲལ་ཐབས་མེད།  རབ་བྱུང་བདུན་པའི་ཤིང་སྟག་ལོ་སྟེ་སྤྱི་ལོ༡༤༣༤ལོར་གསེར་ཟངས་ཀྱི་བྱམས་པ་ཆེན་པོ་ཞིག་བཞེངས། དགུང་ལོ་སུམ་ཅུ་སོ་གཅིག་ཐོག་ཏུ་སེང་གེ་རྩེ་བའི་སྲས་མོ་ནམ་མཁའ་དཔལ་འབུམ་ཁབ་ཏུ་བཞེས་ཏེ་རིམ་གྱིས་སྲས་ལྕམ་སྲིང་རྣམས་བསྐྲུན། མཁས་པའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པས་དྲན་དབང་རྡོ་རྗེ་རྒྱལ་མཚན་དང་།  མི་ཉག་ཆོས་གྲགས་བཟང་པོ།  རྩེས་གདོང་པ་སངས་རྒྱས་ལྷུན་འགྲུབ་སོགས་མཁས་དབང་དུ་མ་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་ཀྱི་པདྨོར་གཏུགས།  པཎ་ཆེན་བྱམས་པ་གླིང་པས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་དྲི་བ་དྲིས་ལན་མཛད་པ་སོགས་ཀྱིས་རིགས་ལྡན་པདྨ་དཀར་པོ་སླར་ཡང་བྱོན་སོང་ཞེས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།  དགུང་ལོ་བཞི་བཅུའི་ཐོག་ཏུ་རིམ་པར་དངུལ་གྱི་དུས་འཁོར་གྱི་བློས་བསླངས་དཀྱིལ་འཁོར་དང་།  བཀའ་འགྱུར་བྱང་བརྩེགས་མ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས།     ཁོང་གི་གསུང་རྩོམ་ཡང་ནང་དོན་རིག་པའི་སྐོར་ལ་བསྟོད་ཚོགས་དང་།  སྒྲུབ་དཀྱིལ།  རྟོགས་བརྗོད་གཞུང་འགྲེལ་སོགས་ཁྱོན་བསྡོམས་ལེ་ཚན་བརྒྱ་དང་གསུམ་བཞུགས་པ་དང་།   དེ་བཞིན་དུ་སྒྲ་རིག་པ།  བཟོ་རིག་པ། སྐར་རྩིས་རིག་པ་བཅས་ཡོད་ཅིང་། དེཡང་བསྟན་པ་སྤྱིའི་གནས་ལས་བསྒྲགས་པའི་བསྟན་བཅོས་སུམ་ཅུ་རྩ་ལྔ་དང་།  དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་ལས་རྩིས་ཀྱི་བསྟན་བཅོས༼བྱིས་པ་བདེ་བླག་ཏུ་འཇུག་པ༽སོགས་བསྟན་བཅོས་བཞི་བཅུ་ཞེ་གཉིས་སོགས་རྩོམ་གནང་མཛད་པས་པཎྜི་ཏ་ཞེས་པའི་མཚན་སྙན་དང་།  རིན་པོ་ཆེའི་རྒྱན་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་བཞིན་སྤྱིར་ཡང་ངོ་མཚར་ཆེ་བར་མ་ཟད།    ཁྱད་པར་དུ་ཁོང་ནི་གསོ་བ་རིག་པའི་སྐོར་ལ་ཕུལ་དུ་ཕྱིན་པ་ཡིན་པས།༼ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ།༽བྱ་བ་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང་།  ༼རྩ་བའི་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ།༽   ༼བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བདུད་རྩི་ཆུ་རྒྱུན།༽   ༼ཊྰིཀ་ཆུང་དོན་གསལ།༽  ༼ཕྱི་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། ༽  ༼སྨན་གཞུང་རིན་ཆེན་སྒྲོམ་བུ། ༽  ༼རྒྱུད་བཞིའི་དཀའ་འཕྲང་མུན་སེལ།༽  ༼གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན།༽  ༼རྩ་བཤད་གསལ་བའི་སྒྲོན་མེ།༽   ༼རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་འཇུག༽   ༼གྲུབ་རྩིས་ཆེན་མོ།༽  ༼སྲོག་གཅོད་ནད་དགུའི་དབྱེ་བ།༽    ༼གསལ་བྱེད་ཡིད་བཞིན་ནོར་བུའི་ཕྲེང་བ།༽   ༼གཟའ་འཛིན་བརྟག་པ་དཀའ་བའི་གནས་ཤིན་ཏུ་རྒྱས་པར་བཤད་པ།༽  ༼ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ།༽  ༼འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་།༽ སེང་གེ་རྩེ་འཚོ་བྱེད་ཀྱི་དྲིས་ལན་སོགས་བསྟན་བཅོས་མང་པོ་གསར་རྩོམ་གནང་།  ཐུགས་སྲས་མི་ཡི་ཉི་མ་མཐོང་བ་དོན་ལྡན་སོགས་སློབ་རྒྱུད་མང་དུ་བསྐྱངས།   ཐུན་མོང་མ་ཡིན་པའི་བྱང་ལུགས་ཀྱི་ཁྱད་ཆོས་རྣམས་རིམ་བཞིན་བོད་ཁམས་ཡོངས་ལ་དར་འཕེལ་བྱུང་བ་སོགས་ལ་མཛད་རྗེས་ཆེན་པོ་བཞག་ཡོད།   ཁྱད་པར་དུ་གསོ་རིག་སྤྱི་དང་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་ཀྱི་མདུད་པ་བཀྲོལ་ཏེ་རིག་གནས་རྩེ་མོ་འདིའི་བསྟན་པའི་བདག་པོ་མཁས་པ་བྱང་ཟུར་གཉིས་ཞེས་བོད་གངས་ཅན་གྱི་ལྗོངས་ལ་ཡོངས་སུ་་གྲགས་པའི་ནང་ནས་བྱང་ལུགས་ཀྱི་ཆེས་ཐོག་མར་སྲོལ་བཏོད་པ་པོ་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་འདི་ཉིད་ཡིན་པས་རྗེ་གྲོལ་མཆོག་གིས།  ཐེག་པའི་མཐར་ཐུག་དུས་ཀྱི་འཁོར་ལོ་ནས།  །སྨན་དཔྱད་མོ་རྩིས་བར་གྱི་རིག་གནས་ལ།  །གདུལ་བྱ་རང་རང་བསམ་པ་བཞིན་དྲངས་ཏེ།  །ཀུན་ཀྱང་མཁས་དང་གྲུབ་པའི་ས་ལ་བཞག   །ཅེས་པ་ལྟར།  བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནས་མཐར་ཁོང་དགུང་ལོ་བརྒྱད་ཅུ་གྱ་གཅིག་པ་རབ་བྱུང་བརྒྱད་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ༡༤༧༥ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་པ་ཡིན་ནོ།  །ཞེས་པ་འདིའི་འབྱུང་ཁུངས་ནི༼དུང་དཀར་ཚིག་མཛོད་ཆེན་མོའི༽ཤོག་ལྡེབ༡༤༧༧ནས༡༤༧༨བར་གྱི་བཏུས་པ་ཞིག་དང་།  གཞན་ཡང་སྤྱི་ལོ༡༩༩༠ལོའི་ཟླ༡༡པར་མི་རིགས་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་པའི་ལྷ་ས་སྨན་རྩིས་ཁང་གི་མཁས་དབང་བྱམས་པ་ཕྲིན་ལས་ལགས་ཀྱིས་བརྩམས་པའི༼གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་།༽ཀྱི་ཤོག་ལྡེབ་མ༡༨༡ནས༡༨༣བར་ནས༢༠༡༤ལོར་ཁོ་བོས་བཏུས་པ་ཡིན་ནོ།    །

 

མི་ཉག་ལ་གནའ་སྔ་མོ་བོད་ཀྱི་གོ་གནས་ཆེན་པོ་བྱོན་མྱོང་ཚུལ་སྐོར།

མི་ཉག་གི་མཛེས་མ་རུ་ཡོང་བཟའི་ངོ་སྤྲོད།

དེ་ཡང་མི་ཉག་བཟའ་འམ་རུ་ཡང་བཟའ་རྒྱལ་མོ་བཙུན་ཞུ་བ་དེ་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་ཡ་གྱལ། མི་ཉག་རྒྱལ་པོའི་སྲས་མོ། འདི་ཉིད་ཀྱིས་ལྕགས་པོ་རིའི་གཤམ་འོག་གི་བྲག་ལྷ་ཀླུ་སྒྲུབ་གི་ལྷ་ཁང་བྲག་ལྷ་སྐུ་ཕུག་གི་སྐུ་རང་བྱུང་རྣམས་གསལ་བོར་བརྐོས་ཏེ་ཚྭ་ལ་བརྒྱད་ཅུའི་སྡེའི་དུས་བྲག་ཕྱེ་བྲེ་རེ་བྱིན་ནས་བྲག་ལྷ་མགོན་པོའི་ལྷ་ཁང་གསར་བཞེངས་མཛད། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་རུ་ཡོང་བཟས་བྲག་ལ་སྐོར་ཁང་བརྐོས་ཞེས་གསལ་བ་སྟེ་དེང་གི་དུས་སུ་ཡང་རང་ཅག་ཚང་མའི་མཐོང་ཆོས་སུ་གྱུར་པའི་བྲག་རྡོ་སྐོར་ཁང་ཅན་གྱི་བྲག་ལ་ཇོ་བོ་ཤཱཀྱའི་སྐུ་གཟུགས་འབུར་དུ་དོད་པ་གཙོ་བོར་བྱས་པའི་ལྷ་སྐུ་དང་སྲོང་བཙན་སྒམ་པོ་སོགས་ཀྱི་སྣང་བརྙན་སྣ་ཚོགས་ཡོད་པའི་བྲག་ཕུག་འདི་ཡིན། གཞན་ཡང་རུ་ཡོང་བཟས་མིག་མང་ཚལ་གྱི་ལྷ་ཁང་བཞེངས་ཞེས་པའམ་སྣང་ངོ་། །

བོད་ཀྱི་བློན་ཆེན་སྟག་སྒྲ་ཀླུ་ཁོང་གི་མཛད་རྣམ།

དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མི་ཉག་སྟག་སྒྲ་ཀླུ་ཁོང་ནི། གནའི་མི་རྒན་འགས་མི་ཉག་བཞག་བྲ་ལྷ་རྩེའི་མདུན་ཞོལ་དུ་འཁྲུངས་ཡོད་པར་བཤད། ཁོང་གིས་བློན་པོ་འབལ་སྐྱེས་བཟང་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཙན་པོ་ཡབ་ཁྲི་ལྡེ་གཙུག་བརྟན་ལྐོག་ཏུ་བཀྲོངས་རྗེས་སྲིད་འགྱུར་སློང་རྩིས་བྱས་པ་རྟོགས་ནས་བཙན་པོའི་སྙན་དུ་ཞུས་པས་ལང་འབལ་སོགས་ལག་དམར་བ་རྣམས་ཚར་བཅད་དེ་བཙན་པོའི་ཆབ་སྲིད་སྲ་བརྟན་དུ་གཏོང་ཐུབ་པ་བྱུང་།   བོད་ཀྱི་ལོ་རྒྱུས་ཐོག་ཏུ་བཤད་ནས་བཤད་ནའང་།  དམག་དོན་དང་ཆབ་སྲིད་ལ་བྱས་རྗེས་ཆེ་ཤོས་ཀྱི་བློན་ཆེན་ཞིག་ཡིན།  བཤད་ཚུལ་ལྟར་ན། གཉའ་ཁྲི་བཙན་པོ་མན་ཆད་ནས་ཁྲི་སྲོང་ལྡེ་བཙན་ཡན་ཆད་དུ་བློན་ཆེ་བརྒྱུད་དྲུག་ཅུ་རྩ་གཅིག་བྱོན་མྱོང་ལ།   བློན་ཚོགས་ལ་ནང་གསེས་སུ།  གུང་བློན་དང་སྤྱི་བློན།  དབང་བློན།  ནང་བློན།  བཀའ་བློནབཅས་རིགས་ལྔ་རུ་བགོས་ཅིང་།  སྟག་སྒྲ་ཁོང་ནི་བཙན་པོའི་ནང་བློན་ཡིན་པར་བཤད།      ལྷག་པར་དུ།  ཁོང་གིསཀོང་ཏེའི་ཁྲི་ལོ་དང་པོ་སྤྱི་ལོ༧༦༣ལོའི་ཟླ་བཅུ་པར།  ཕྱོགས་བཞིའི་རྒྱལ་ཕྲན་དབང་དུ་བསྡུས།  འ་ཞ་དང་འཇང་བ་བསྡོམས་པས་དམག་ཁྲི་ཚོ་ཉི་ཤུ་ལྷག་ཁྲིད་དེ་ཤར་ཕྱོགས་རྒྱ་ཡུལ་དུ་གཏོགས་པའི་ཅིན་ཀྲིག་དང་པྰིན་ཀྲིག      ཧྥིན་ཐན་སོགས་ས་ཆ་མང་པོ་བླངས་ནས་ཁྲང་ཨན་མཁར་དུ་སླེབས།  རྒྱལ་ས་ཁྲང་ཨན་ཤོར།  རྒྱ་ནག་གོང་མ་ཧྲན་ཀྲིག་ཏུ་བྲོས།    སྟག་སྒྲ་པིན་ཝང་གི་སྲས་ཀོང་ཝུའུ་བང་ལི་ཁྲིན་ཧུང་བྱ་བ་གོང་མར་བསྐོས།   བོད་མིང་ལྟར་ལོ་རྟགས་བཙུགས།  བཙོན་མ་རྣམས་བཙོན་ཐར་གཏོང་རྒྱུའི་བཀའ་ཁྱབ་གནང་།  བོད་དམག་རྒྱལ་ས་ཁྲང་ཨན་དུ་གཟབ་རྒྱས་ངང་ཉིན་བཅོ་ལྔ་བསྡད་དེ་ཕྱིར་ལོག     བོད་ཀྱི་    ཆབ་སྲིད་དང་དམག་དོན་ཐད་ལ་བྱས་རྗེས་རླབས་ཆེན་པོ་བཞག་པ་རེད།  རྒྱལ་པོས་བློན་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་མཛད་ཕྱིར་ཞོལ་ལྕགས་རི་ཕྱི་མའི(ལྷ་སའི་པོ་ཏ་ལའི་མདུན་གྱི)རྡོ་རིང་དེ་བཙུགས་ཤིང་། དེའི་སྟེང་བློན་སྟག་སྒྲ་ཀླུ་ཁོང་གི་མཛད་རྗེས་དང་། སླད་ཀླུ་ཁོང་གི་བུ་ཚ་རྣམས་བཙན་པོ་ལ་བློ་མ་ལོག་ན་ཚེ་རབས་ཀུན་ཏུ་བཙན་པོའི་ཞབས་འབྲིང་བྱེད་ཆོག་པའི་མནའ་ཡིག་རྩ་གནད་དུ་བཀོད་ཡོད་ཅིང་། དེ་བཞིན་གོང་ཞུས་ལྟར་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་ཐོན་པའི། བོད་བཙན་པོའི་རྒྱལ་རབས་ནང་དུ་བཀོད་ཡོད་པ་རྣམས་འདི་ལྟར། སྟག་སྒྲ་ཀླུ་ཁོང་། སྟག་སྒྲ་ཀླུ་ཁོང་ནི་མི་ཉག་གི་བོད་རིགས་ཡིན་པས། དེའི་སྔོན་མའི་རུས་མིང་ལ་ཧྥུ་མོང་ལིང་ཡུས་ཟེར་གྱི་ཡོད་འདུག་པ་དང་། དེ་འཕན་ཡུལ་རྨ་ཁྲོམ་ཞེས་དམག་སྒར་གྱི་སྟོང་དཔོན་བྱས་རྗེས། མིང་ལ་རྨ་ལིང་ཡུས་ཞེས་དང་། རྨ་ཁྲོམ་ཟེར་ཞེས་རྒྱ་ནག་གི་ཐང་དེབ་ནང་དུ་གསལ། བློན་པོ་ལང་འབལ་གཉིས་ཀྱིས་སྲིད་སྒྱུར་སྐབས། དེས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་སྲོག་སྐྱོབ་པ་དང་། རྒྱ་ནག་གི་རྒྱལ་ས་ཀན་ཤི་དབང་དུ་བསྡུས་སྐབས། དམག་དཔོན་ཆེ་བཞིའི་གཙོ་བོ་གཅིག་སྟེ། དེའི་བྱ་དགའ་ལ་ལྷ་ས་པོ་ཏ་ལའི་ཞོལ་རྡོ་རིང་གི་བྱང་ངོས་སུ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་མངའ་ནས་དབུ་སྙུང་གནང་སྟེ། བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་རྒྱུད་འཕེལ་ལ། ནམ་ནམ་ཞར་ཞར། དངུལ་གྱི་ཡི་གེ་ཆེན་པོ་གཅིག་ནི། མི་དབབ་པར་གཡུང་དྲུང་དུ་བསྩལ་པར་གནང་ངོ་ཞེས་བྱུང་ངོ་། །ཞེས་ཏུན་ཧོང་བོད་ཀྱི་ཡིག་རྙིང་བོད་བཙན་པོའི་རྒྱལ་རབས། འབྲི་གུང་སྐྱབས་མགོན་ཚེ་ཆུང་གིས་སྒྲིག་རྩོམ་གྱི་ལྡེབ་མ༩༣ངོས་ན་གསལ་བ་ལྟར་འདིར་བཀོད་པ་ཡིན་ལ། འདིའི་མ་ཡིག་ནི་དབྱིན་ཇི་རྒྱལ་ཁབ་དང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་ཆེས་ཡིག་རྙིང་གི་གྲས་ཤིག་ཡིན་ཞིང་། གཞན་ཡང་གཟབ་དགོས་ས་ཞིག་ལ་གནའི་ལོ་རྒྱུས་ཀྱི་ཡིག་ཚང་ནང་དུ་བློན་སྟག་ར་ཀླུ་གོང་ཞེས་པ་ཞིག་ཡོད་ཀྱང་དེ་ནི་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཞིག་ཡིན་རུང་འདི་ཆོས་ལ་ཤིན་ཏུ་གནག་པ་ཞིག་ཡིན་པས་མཐར་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་པ་ཡིན་པ་ལས་སྟག་སྒྲ་ཀླུ་ཁོང་ནི་མ་ཡིན་ཞེས་དུང་དཀར་ཚིག་ནང་གི་ལྡེབ་མ༩༩༩ངོས་སུ་གཟིགས་དང་མཁྱེན་པར་འགྱུར་རོ།   །

བོད་ཀྱི་བློན་ཆེན་མགར་སྟོང་བཙན་གྱི་མཛད་རྣམ།

དེ་ཡང་ཁོང་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན། མཛང་མི་བདུན་གྱི་ཡ་གྱལ། མགར་སྟོང་བཙན་གྱི་རུས་རྒྱུད་ཀྱི་འབྱུང་ཁུངས་དངོས་ཡིན།  ཁོང་གི་མི་རྒྱུད་ནི་དེང་གི་མི་ཉག་རབ་སྒང་གི་རྟའུ་རྫོང་བ་སྨད་གྲོང་རྡལ་གྱི་ཁོངས་གཏོགས་སྐྱིད་སྣང་དགོན་པའི་གཡས་ཟུར་མགར་ར་དབང་འདུས་ཚང་ཡིན་པར་བཤད།  ཁོང་གིས་རྒྱལ་པོ་སྲོང་བཙན་སྒམ་པོའི་མཛད་འཕྲིན་དར་བའི་སྒང་ལ་བློན་ཆེན་ཁྱུང་པོ་སྤུངས་སད་ཟུ་ཙེས་བཙན་པོ་དགྲོང་རྒྱུའི་ངན་ཇུས་དེ་རྟོགས་ནས་ཉེན་ཁ་ལས་གཡོལ་ཐུབ་པ་བྱུང་།   དེ་བཞིན་དུ་རྒྱལ་པོའི་བློན་ཆེན་མཛད་ཅིང་རྒྱལ་པོར་རོགས་རམ་བྱས་ནས་རྒྱལ་ཁྲིམས་བཟོ་བ་དང་།   སྟོང་སྡེ།   རུ་བཞི།    རྒོད་གཡུང་གི་སྡེ་འབྱེད་པ་སོགས་མཛད།   དེ་ནས་ཁོང་གིས་ཕྱི་ནང་བར་གསུམ་གྱི་བློན་པོར་གྲགས་པ་བདུན་དང་བཅས་པ་གཅིག་ཏུ་བསྡུས་ནས་བློ་ཇུས་ལེགས་པར་བྱས་མཐར་བལ་རྒྱ་གཉིས་ནས་རྗེ་བོའི་སྲས་མོ་རེ་སྲོང་བཙན་གྱི་བཙུན་མོར་བསུ་རྒྱུ་བྱས་པ་དང་བསྟུན་རྒྱལ་པོའི་སྙན་དུ་གསོལ་ནས་རྒྱལ་པོས་ཀྱང་འཐད་ལྡན་གྱི་བཀའ་ལེགས་པར་གནང་བ་བཞིན། མགར་སྟོང་བཙན་ཡུལ་སྲུང་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་གཙོས་བློན་འཁོར་རྟ་པ་བརྒྱ་དང་བཅས་པ་བལ་ཡུལ་དུ་ཕྱིན་ནས་བལ་བོའི་རྒྱལ་པོ་དེ་བ་ལྷ་འོད་ཟེར་གོ་ཆའི་སྲས་མོ་ལྷ་གཅིག་ཁྲི་བཙུན་བོད་ཀྱི་རྒྱལ་པོའི་བཙུན་མོར་གདན་དྲངས།  དེ་ནས་བློན་པོ་མགར་ཁོང་ཉིད་གཙོས་བློན་འཁོར་རྟ་པ་བརྒྱ་རྒྱ་ནག་ཐང་ཐའེ་ཙུང་གི་སྲས་མོ་ལྷ་གཅིག་ཀོང་ཇོ་བོད་རྒྱལ་གྱི་བཙུན་མོར་གདན་དྲངས།     དེའི་སྐོར་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་རྒྱའི་ཡིག་ཚང་ཐང་ཐའེ་ཙུང་གི་སྲས་མོ་ བོད་ལ་སྟེར་མ་འདོད་པར་མགར་སྟོང་བཙན་ལ་དཀའ་ཚེགས་རབས་དང་རིམ་པར་གཏད་ཀྱང་མགར་གྱིས་རིག་པའི་རྩལ་དུ་མར་བརྟེན་ནས་མཐར་སྲས་མོ་གདན་འདྲེན་ཞུ་ཐུབ་པར་བྱུང་ཡོད་པ་མ་ཟད།       དེ་ཡང་བཤད་སྲོལ་ལྟར་ན།  མདོ་སྟོད་མི་ཉག་རབ་སྒང་གི་གནས་སམ། གཞི་བདག་གཙོ་བོར་གྱུར་པ་ནི་བཞག་བྲ་ལྷ་རྩེ་ཟེར་བའི་གངས་རི་རྔམས་བརྗིད་དང་ལྡན་པ་འདི་ཡིན་ཞིང་། དེ་ནི་སྲིད་པའི་ལྷ་གཉན་རྨ་རྒྱལ་སྤོམ་རའི་སྲས་ཆེ་བ་གཉན་ཆེན་ཐང་ལྷ་དང་། ཆུང་བ་མི་ཉག་བཞག་བྲ་ལྷ་རྩེ་ཡིན་པར་གྲགས། ཉིན་གཅིག་བཞག་བྲ་མི་དཀར་རྟ་དཀར་ཅན་ཞིག་བྱས་ནས་འོངས་ཏེ། མི་ཉག་གི་མགར་བའི་བུ་མོ་ཞིག་དང་ལུས་འབྲེལ་བྱས་པས། བུ་མོ་དེ་ལ་བུ་ཞིག་སྐྱེས་པ་དེ་ལས་མགར་གྱི་མི་རྒྱུད་ཐོག་མར་བྱུང་། དེའི་མི་རབས་མང་པོ་ཞིག་གི་རྗེས་སུ་བུ་ཞིག་ཡུལ་དབུས་སུ་སོང་ནས་ཁྱིམ་གཞིས་ཆགས་སྐབས།   དེར་ཡང་རང་གི་ལས་རིག་གི་རྒྱུན་བཟུང་བ་སྟེ། ལྷ་སའི་ནུབ་ཕྱོགས་སྟོད་ལུང་ཟེར་བར་མགར་ལས་བྱས་ཏེ་བསྡད་པས། མགར་བ་ཚང་ཞེས་མིང་ཐོགས།  དེ་ནས་མི་རབས་ལྔ་ན་མགར་སྟོང་བཙན་འཁྲུངས་པ་ཡིན་ཞིང་། མགར་སྟོང་བཙན་ཕ་བུ་རྣམས་ཀྱི་ལོ་རྒྱུས་ནི་ཡོངས་སུ་གྲགས་པས་འདིར་རྒྱས་བཤད་མི་སྤྲོའོ། །མི་ཉག་རབ་སྒང་གི་སྟོད་ཀྱི་ས་ཆ་ཞིག་ཏུ་དོན་གྱི་མིང་ས་ལ་འཕོས་ཏེ་མགར་ཐར་ཞེས་མིང་ཐོགས། ཤར་བཞག་བྲའི་གཡས་ཕྱོགས་བ་སྨད་གྲོང་རྡལ་གྱི་བ་ཡུལ་གྲོང་མགོ་སྡེ་པའི་སྔར་མགར་བ་ཚང་གི་གཞི་བདག་ཡིན་པར་གྲགས་པའི་ལབ་རྩེ་ཞིག་ཡོད། དེ་ལ་དུས་ད་ལྟའི་བར་དུ་རི་བསང་རླུང་རྟ་ལོ་རེ་རེ་བཞིན་དུ་བྱེད་སྲོལ་ཡོད། ཡང་བློན་ཆེན་མགར་རྒྱ་ནག་ཏུ་རྒྱ་བཟའ་ཀོང་ཇོ་བསུ་བར་ཕེབས་སྐབས། རྒྱ་ཡིས་མི་གཏའ་ལ་བཟུང་བ་གཡོ་ཐབས་ཀྱིས་རང་ཡུལ་ཕྱོགས་སུ་འོངས་པ་དང་། དེར་ཡོད་ཀྱི་མི་རྣམས་ཀྱིས་རུས་ཞེན་གྱིས་གཡོ་ཐབས་སྣ་ཚོགས་བྱས་ཏེ་རྒྱ་ལས་ཐར་བར་བྱས་པ་སོགས་ཀྱི་ལོ་རྒྱུས་མཆིས། རྒྱལ་རབས་གསལ་མེར། བློན་པོ་མགར་བོད་ཀྱི་རི་མགོ་མཐོང་བའི་སར་ལྷ་གསོལ་དུ་འགྲོ་བའི་ཆས་ལ་རྟ་མོག་རོ་མགོ་དམར་ལ་ཞོན། ཞེས་པ་འདི་ལ་བརྟགས་ན། རི་མགོ་མཐོང་དགོས་པ་དེ་རང་གི་ཡང་མེས་བཞག་བྲ་ལྷ་རྩེ་ཡིན་པ་ཤེས་ཐུབ། བཞག་བྲ་ཡིན་པར་ཅིའི་ཕྱིར་ཤེས་ཟེར་ན། བློན་པོ་མགར་རྒྱ་ཡིས་མི་གཏའ་འཇོག་ཡུལ་ནི་སྐབས་དེ་དུས་ཀྱི་རྒྱ་ཡི་རྒྱལ་ས་ཁྲང་ཨན་ཡིན་པས།  བོད་ཀྱི་རི་ཞིག་མཐོང་སར་ཐག་རིང་ལྷོ་རྒྱུད་འདིར་འོང་དགོས་དོན་མེད།  རྒྱ་བཟའ་ཀོང་ཇོའང་བྱང་རྒྱུད་མཚོ་སྔོན་ནས་ལྷ་སར་ཕེབས་པའི་ཕྱིར་རོ། །

ཡང་། མགར་ཐར་དགོན་ཞེས་པ་མན་ཆིང་གོང་མ་གཡུང་ཊིང་དང་རྒྱལ་བ་སྐལ་བཟང་རྒྱ་མཚོ་ཡོན་མཆོད་ཀྱིས་བཏབ་ཅིང་། སྐབས་དེ་དུས་ཀྱི་འདུ་ཁང་གི་སྒོ་བྱང་ཡི་གེ་ད་ལྟའང་གནས་ཡོད་པ་འདི་ལྟར། བོད་བློན་མག༵ར་བཙན་རྒྱ་ལས་ཐ༵ར་བའི་ས། །མཆོད་ཡོན་གསེར་ཞལ་མཇལ་ཚེ་ལེགས་བཏབ་པ། །ཡོངས་ལ་སྦྱིན་པ་ཀུན་ཏུ་སྩལ་བ་ཡི། །ལྷ་ཁང་འདིའི་མཚན་གནམ་བསྐོས་ཡོ༵ང་ཏྲི༵ས་མཛད།  །ཅེས་བཀོད་འདུག་པ། དེ་ཙམ་དུ་མ་ཟད་མགར་ཐར་དགོན་དུ་སྔར་ནས་ད་བར་དུ་བློན་པོ་མགར་གྱི་གཏམ་རྒྱུད་ཟློས་གར་འཁྲབ་སྲོལ་ཡོད། དེ་མིན་བོད་ཀྱི་ས་ཆ་གཞན་དུ་འཁྲབ་སྲོལ་ཡོད་པ་ནི་མཐོང་ཐོས་སུ་མ་གྱུར་པས། འདིར་ཡོད་པ་ནི་དམིགས་བསལ་ཅན་ཞིག་ཡིན། དེས་ན་བོད་བློན་མགར་གྱི་གདུང་རྒྱུད་ནི་བོད་ཀྱི་ས་གནས་མང་པོར་ཡོད་པ་ལས། ས་སྐྱའི་མཁས་པ་ཆེན་པོ་རྗེ་བཙུན་རེ་མདའ་བ་སོགས་ཀྱང་མགར་གྱི་རུས་རྒྱུད་ཡིན་པར་གྲགས།  ཡང་ཁོང་གི་ལོ་རྒྱུས་གོ་བདེ་མོ་ཞིག་ཞུས་ན། སྔར་བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་གྱི་བློན་ཆེན་ཞིག་ཡིན་ཞིང་།  སྤྱི་ལོ༦༣༤ལོར་ཐང་བོད་འབྲེལ་བའི་ཕོ་ཉ་གཙོ་བོ་དང་།  དེ་ནས་ཐང་བོད་དམག་འཁྲུག་གི་རུ་འདྲེན་པ་གཙོ་བོ།   སྤྱི་ལོ་༦༤༠ལོར་བོད་ཀྱི་ཁྲིམས་བཅས་པའི་སྐབས་བོད་ཡུལ་དབུས་ཀྱི་ཁོད་དཔོན་དང་།    སླར་ཐང་བོད་གཉེན་འབྲེལ་གྱི་ཀོང་ཇོ་བོད་དུ་གདན་དྲངས་མཁན་བཅས་ཀྱི་བློན་ཆེན་གཙོ་བོ་ཞིག་ཡིན་ཞིང་།  ༦༥༠ལོར་སྲོང་བཙན་སྒམ་པོ་སྐུ་གཤེགས་པའི་རྗེས་སུ།    དབོན་སྲས་མང་སྲོང་མང་བཙན་གྱི་བློན་པོ་མཛད།    ༦༥༩ལོའི་ས་ལུག་ལ་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང་།  བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས།  དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བརྒྱབ་པས།  བོད་དམག་ཆིག་སྟོང་གིས་ཐང་དམག་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ།   སྤྱི་ལོ༦༦༢ཀྱི་ཆུ་ཁྱི་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས།  སྤྱི་ལོ༦༦༧གྱི་མེ་ཡོས་ལོར་བཙན་པོ་འོར་མང་དུ་འབྲས་ནད་ཀྱིས་སྐུ་གཤེགས་སོ།   །

      བློན་ཆེན་མགར་སྟོང་བཙན་གྱི་མཚན་གྱི་རྣམ་གྲངས་ནི།    མགར་སྟོང་བཙན་དང་།  བློན་པོ་མགར་བ་དམ་པ།   མགར་བློན་རིག་པ་ཅན།   སྟོང་བཙན་ཡུལ་སྲུང་བཅས་འབོད་སྲོལ་ཡོད།  ཁོང་གི་གཤིས་རྒྱུད་ནི།   རིག་པ་རྣོ་བ་དང་།   ངང་ཚུལ་བརྟན་པ།  དམག་འཐབ་ལ་མཁས་པ།  སྤྱང་གྲུང་འཛོམས་པས་སྲོང་བཙན་གྱི་དུས་སུ་རྒྱལ་སྲིད་ཀྱི་བྱ་བ་ཞི་དྲག་ཀུན་ལ་བཀོད་འདོམས་བྱེད་ནུས་པའི་བློན་པོའི་ཁྲོད་དུ་འགྲན་ཟླ་དང་བྲལ་བ་ནི་མགར་སྟོང་ཡུལ་སྲུང་ཞེས་པ་དེ་ཚང་མས་ཤེས་གསལ་ལྟར་རེད།   ཁོང་མི་ཉག་ནས་ཡིན་པའི་རྒྱུ་མཚན་ནི་གནའི་ལོ་རྒྱུས་ཡིག་རྙིང་ནང་དུ།  མི་ཉག་ཙ་མི་རྒྱལ་པོ་ཡང་།  །ཁྱེད་ཀྱི་མཚན་ཐོས་བརྐྱང་ཕྱག་འཚལ།  །མཚན་བརྗོད་མཁན་དེ་ལ་བྱ་དགའ་སྟེར་སོགས་གསུང་པ་ལས་ཀྱང་ཁོང་མི་ཉག་གི་མི་ཡིན་པ་ཤེས་ཐུབ།  མགར་གྱི་རིགས་རྒྱུད་ཀྱི་ཁུངས་བཤད་པ་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །ཞེས་པ་འདིའི་ཁུངས་གཏུགས་ས་ནི་སྤྱི་ལོ༢༠༡༡ལོའི་ཟླ༧པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕུད་པའི་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་གྱི་ཤོག་གུ་ལྡེབ་མ༦༦ནས༦༨བར་ལས་ཁོ་བོས་བཏུས་པ་ཡིན་ནོ།    །

                          བྱང་བདག་པོའི་མཛད་རྣམ་མདོར་བསྡུས།

འདི་ནི་མི་ཉག་གི་རྒྱུད་ལས་མཆེད་པ་སྟེ།  དེ་ཡང་རྒྱལ་དབང་ལྔ་བ་ཆེན་པོས་བརྩམས་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། བྱང་བ་བདག་པོ་ནི། ཕུན་སུམ་ཚོགས་པའི་བསོད་ནམས་ཀྱི་དཔལ་ལས་གྲུབ་པའི་དབང་ཕྱོགས་རྒྱ་ནག་གོང་མའི་ཁྲི་ལ་གནམ་གྱི་ལུང་གིས་དབང་སྒྱུར་བ་མི་ཉག་སིའུ་རྒྱལ་པོ་ནས་གདུང་རབས་བདུན་པ་མི་ཉག་རྒྱལ་རྒོད་ལས་རིམ་པར་བརྒྱུད་པའི་རིགས་ལས་མི་ཉག་སེང་གེ་དར། དེའི་སྲས་རྡོ་རྗེ་དཔལ་གྱིས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས། དཔལ་ས་སྐྱ་པ་དང་འབྲེལ་བའི་མགོ་ཚུགས། དེའི་སྲས་དཀོན་ཅོག  དེ་ལ་སྲས་གསུམ་ལས། འབུམ་སྡེས་ཆོས་རྗེ་ས་པཎ་ལ་གུས་འདུད་ལྷུར་མཛད། འདི་ལ་སྲས་དྲུག་ལས་གྲགས་པ་དར་གྱིས་གོང་མ་སེ་ཆེན་རྒྱལ་པོའི་ལུང་བཞིན་རིན་པོ་ཆེའི་དམ་ཁ་དང་སི་ཏུའི་ལས་ཀ་བླངས། བྱང་ངམ་རིང་གི་ཆོས་སྡེ་ཆེན་པོ་བཙུགས། དཔོན་ཆེན་གྲགས་པ་དར་མིང་གཞན་ཡོན་བཙུན་ཞེས་གྲགས་སྙན་ཅན་དེའི་སྲས་རྡོ་རྗེ་མགོན་པོས་ཡབ་མེས་ཀྱི་སྲོལ་བཞིན་ས་སྐྱའི་དཔོན་ཆེན་གྱི་ལས་ཀ་བཟུང་། ཚོགས་སྡེ་བཞི་ལ་བཀུར་སྟི་བླ་ལྷག་ཏུ་མཛད།  དེ་ལ་སྲས་དྲུག་ལས།  ནམ་མཁའ་བརྟན་པས་གོང་སར་བྱོན་ནས་སྟག་ནོར་བུ་གསུམ་པ་གུའི་གུང་གི་མཚན་ཤེལ་གྱི་ཐོ་ཤུ་རྣམས་གནང་།  སླར་ཏ་དབེན་གུ་ཤྲི་མིང་དང་ཤེལ་གྱི་དམ་ཁ་བླངས།  དཔལ་ལྡན་ས་སྐྱ་དང་ངམ་རིང་གིས་གཙོས་པའི་ཆོས་སྡེ་རྣམས་སུ་བསྙེན་བཀུར་སོགས་ལུགས་གཉིས་ཀྱི་མཛད་པ་བཟང་། དེ་ལ་སྲས་རིན་ཅེན་རྒྱལ་མཚན་དང་། ནམ་མཁའ་རིན་ཅེན་གཉིས་ལས།  གཅེན་གྱིས་ཡབ་ཀྱི་ཆེན་པོའི་ལས་ཀ་རྣམས་བླངས། སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས། འདིའི་སྲས་སྔ་ཚར་གུའི་གུང་ཆོས་གྲགས་དཔལ་བཟང་གིས་སི་ཏུ་ཆང་གུའི་ལས་ཀ་བླངས།  སྲས་ཕྱི་ཚར་ཟླ་བ་རྒྱལ་མཚན། འཁོན་སྟོན་བསོད་ནམས་པའི་ཡུམ་རྣམས་འཁྲུངས།  གཅུང་འཇམ་དབྱངས་པ་རྗེ་བཙུན་ས་པཎ་གྱི་དུས་སུ་འཁོར་དུ་སྐྱེས་པ་དྲན། ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་། ཀྭ་དིང་གུ་ཤྲིའི་ལས་ཀ་བཟུང་། ཡབ་དང་གཅེན་གྱི་བཀའ་བཞིན་རབ་བྱུང་གི་བསླབ་པ་ཕུལ། སྲས་ལྕམ་སྲིང་གསུམ་འཁྲུངས། གུའི་གུང་ཆོས་གྲགས་པའི་སྲས་ཆེ་བ་བདག་ཆེན་རྣམ་རྒྱལ་གྲགས་བཟང་གིས་ཏའི་སི་ཏུའི་ལས་ཀ་དང་།  གཅུང་དཀོན་ཅོག་ལེགས་པས་ཤྲིའི་ཟིའི་དྲེ་ཧོས་ཀྱི་ལས་ཀ་བཟུང་སྟེ་སྲིད་ཀྱི་འབྱོར་བ་ཤིན་ཏུ་ཆེ། ཁྱད་པར་གཅེན་གྱིས་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་དམ་པ་དུ་མའི་གསུང་གི་བདུད་རྩི་མྱང་། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤཱ་རི་པུ་ཏྲ་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་བ་ལ་ཟབ་རྒྱས་ཀྱི་ཆོས་མང་དུ་གསན། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་ལ་མཁས་པའི་ཕུལ་དུ་ཕྱིན་པས༑ མཁས་པ་རྡོ་རྗེ་རྒྱལ་མཚན་དང་། མི་ཉག་ཆོས་གྲགས་བཟང་པོ་སོགས་ཀྱིས།  ཆོས་རྒྱལ་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས་དུས་འཁོར་གྱི་རྒྱུད་འགྲེལ་གསན། རྩེས་ཐང་པ་སངས་རྒྱས་ལྷུན་གྲུབ་ཀྱིས་རིགས་ལྡན་འདི་ཉིད་ཀྱི་དྲུང་དུ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མཐར་ཕྱིན་པར་གསན་ནས། སླར་དབུས་སུ་པཎ་ཆེན་བྱམས་པ་གླིང་པའི་དྲུང་དུ་རིག་གནས་ཀྱི་ཐུགས་སྦྱོང་མཛད་པའི་སྐབས། བདག་ཆེན་འདི་ཉིད་ཀྱིས་ལེགས་པར་བཤད་པའི་དུས་འཁོར་གྱི་གསུང་གླེང་བྱུང་བས་ཐུགས་ཧ་ལས་ཏེ། ཉིད་ཀྱི་གསུང་འདི་ལྟར་ན་ངེད་ཀྱིས་སྔར་བརྩམས་པ་རྣམས་ལ་ཡང་བཅོས་བྱེད་དགོས་པར་འདུག་གསུངས་སྐད།  མདོར་ན་དབུས་གཙང་མཐའ་དག་ཏུ་གཟུར་གནས་རྣམས། རིགས་ལྡན་པདྨ་དཀར་པོ་སླར་བྱོན་པ་ཡིན་ཞེས་གླེང་ཞིང་། གཞན་ཡང་ཐེག་པ་ཆེ་ཆུང་གི་གསུང་རབ་མཐའ་དག་ལ་མཁྱེན་སྤྱན་ཡངས་པས། སྐབས་ཤིག་དུས་བཞི་ཅིག་ཅར་བ་དང་རིམ་གྱིས་པའི་སྐོར་ལ་བདག་ཆེན་ཉིད་ཀྱིས་ན་བཟའ་བེར་གྱི་ཕུ་དུང་བརྫེས་ཏེ་ཐལ་འགྱུར་འཕེན་པ་སོགས་མཁས་པ་རྣམས་སྤ་བཀོང་བར་མཛད། དུས་ཀྱི་འཁོར་ལོའི་དགོངས་འགྲེལ་དང་། འཇིག་རྟེན་མེས་པོའི་གཙུག་ལག་མི་མཐུན་པའི་ནད་ཀྱི་རྩ་བ་དྲུངས་ནས་དབྱིན་པར་བྱེད་པའི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཡང་སྙིང་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་རིང་ལུགས་གསལ་བར་བྱེད་པའི་བསྟན་བཅོས། ལོག་སྨྲ་ཚར་གཅོད་པ་སྒྲ་རིག་པའི་བསྟན་བཅོས་ཀྱི་ཉིང་ཁུ་ཀ་ལཱ་པའི་མདོ་རྒྱན། བཟོ་རིག་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཕྱག་ཚད། བསྟན་པའི་གནས་ཚད། གསང་སྔགས་ཀྱི་ལྷའི་སྒྲུབ་ཐབས་ཀྱི་རིམ་པ། མ་འོངས་མངོན་སུམ་གསལ་བར་སྟོན་པ་གཙུག་ལག་རྩིས་ཀྱི་སྐོར། མཁས་གྲུབ་ཆོས་རྗེའི་རྩོད་ལན་སོགས་ལེགས་པར་བཤད་པའི་རྩོམ་པའི་རིགས་ཇི་སྙེད་ཅིག་མཆིས་ཤིང་། དུས་ཀྱི་འཁོར་ལོའི་བློས་བསླངས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་མང་དུ་མཛད། མནལ་ལམ་དུ་སློབ་དཔོན་ཆེན་པོས་ཞལ་གཟིགས་པ་དང་རྗེ་ས་ཆེན་ལ་ཐུགས་དད་ཤུགས་དྲག་པོ་འཁྲུངས་པས་ས་ཆེན་དབུ་གཙུག་ནས་ཐིམ་པའི་སྣང་བ་སོགས་རྟོགས་པའི་ཡོན་ཏན་མཐའ་ཡས་ཤིང་རིག་པའི་གནས་མཐའ་དག་ལ་མཁྱེན་པའི་སྤྱན་ཡངས་པས་རྒྱལ་པོ་པཎྜི་ཏ་ཞེས་སྙན་པའི་རྒྱུད་ཀྱིས་རྒྱ་གར་མཁས་པའི་ཁེངས་དྲེགས་ཀྱི་གཞུ་ཡོངས་སུ་འགུགས་ཤིང་། རིན་པོ་ཆེའི་རྒྱན་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་བཞིན་དུས་དགེའི་མཚན་ཉིད་ཀྱི་སློབ་དཔོན་མཁས་པ་རྣམས་ལ་གསུང་རབ་མཐའ་དག་བརྒལ་བརྟག་གིས་གཏན་ལ་འབེབས་པའི་བགྲོ་གླེང་མཛད་པ་སོགས་འཆད་རྩོད་རྩོམ་པས་དུས་འདའ་བས་སྤྱིར་ཡང་ངོ་མཚར་ཆེ། དེ་རྗེས་ནམ་མཁའ་ཚེ་དབང་རྡོ་རྗེ། དེའི་སྲས་ནམ་མཁའ་རིན་ཅེན་བསོད་ནམས་རྒྱལ་མཚན། ཀུན་དགའ་ལེགས་པ་གསུམ་ལས་འབྲིང་པོ་རབ་ཏུ་བྱུང་། ཆུང་བ་ལྷོ་བྱང་ཡོངས་ལ་མངའ་སྒྱུར། དཔའ་གཏུམ་གྱི་གྲགས་ཆེ། མཆེད་གསུམ་གྱི་རིགས་ལས་ནམ་མཁའི་རྒྱལ་མཚན་ཀུན་དགའ་རིན་ཅེན། བཀྲ་ཤིས་སྟོབས་རྒྱས་དབང་པོའི་སྡེ་སོགས་འཁྲུངས་པ་ལས།    འདི་ཉིད་སློབ་དཔོན་ཆེན་པོའི་ཟབ་ཆོས་ཀྱི་བདག་པོར་བཀའ་བབས་སོ།  །

རྒྱལ་བ་མཁས་གྲུབ་རྒྱ་མཚོའི་མཛད་རྣམ།

དེ་ཡང ༧ སྐུ་ཕྲེང་བཅུ་གཅིག་པ་རྒྱལ་དབང་མཁས་གྲུབ་རྒྱ་མཚོ་མཆོག་ནི། མདོ་ཁམས་མི་ཉག་རབ་སྒང་གི་ས་ཆ་མགར་ཐར་མན་ཆོད་ཁ་ཞེས་པའི་ས་ཆ་རུ། ཀུན་བརྩེགས་གཤིས་སུ་ཡབ་ཚེ་དབང་དོན་གྲུབ་དང་། ཡུམ་གཡུང་དྲུང་བུ་ཁྲིད་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་ཁྱི་ལོ་སྟེ་སྤྱི་ལོ༡༨༣༨ལོའི་བོད་ཟླ་དགུ་པའི་ཚེས་གཅིག་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། བཤད་སྲོལ་ལྟར་ན་ཡབ་ཀྱིས་ཇ་བསྐོལ་བ་དེ་འོ་མར་གྱུར་བར་བཤད་སྲོལ་ཡོད། སྐབས་འདིར་རྟགས་དང་མཚན་མ་ཤིན་ཏུ་བཟང་པོ་ཡོད་པ་ནི། སྔར་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྐབས་ཡབ་ཡུམ་གཉིས་ཀྱི་ཤིང་ཁུར་བོ་རེ་ཁྱེར་ཏེ་མགར་ཐར་དགོན་དུ་བཙོངས་ནས་འཚོ་ཐབས་བྱེད་སྐབས། ལམ་བར་དུ་དཀའ་ཚེགས་ཀྱིས་དུབ་པ་དང་། སྐོམ་གྱིས་མནར་བའི་སྐབས་ཤིག་ལ་ཆུ་མིག་ཅིག་ཡོད་པ་ནས་ཆུ་ཕོར་གང་བཅུས་ཏེ་ལག་ཏུ་བླངས་ཚེ་ཆུ་དེ་མར་ཁུར་གྱུར་པ་ཡིན་པར་གྲགས་ཤིང་། ད་ལྟའང་ཆུ་མིག་དེ་ནི་འཁྲུངས་ཡུལ་དང་མི་རིང་བར་ཤར་ཕྱོགས་ཀྱི་སྲིབ་ངོས་ཀྱི་རི་འདབ་ན་ཡོད་ཅིང་། དེ་ནི་ཆུ་གཞན་དང་མི་འདྲ་བའི་དྭངས་གཙང་ཡིད་དུ་འོང་བ་ཞིག་ཡོད། དེ་བཏུང་ན་མཁྲིས་ནད་སོགས་ལ་ཕན་ཞིང་། ཡན་ལག་བརྒྱད་ལྡན་གྱི་ཆུའང་ཡིན་ཞེས་དམངས་ཁྲོད་དུ་ཤོད་སྲོལ་ཡོད་པ་དང་། ཆུ་མིག་དེ་ལ་ད་ལྟའང་མར་ཁུ་ཆུ་མིག་ཅེས་འབོད་ཀྱིན་ཡོད། གཞན་ཡང་བྱིས་པ་གཟིམ་མལ་དུ་བརྙལ་ཏེ་ཡབ་ཡུམ་དག་ལས་ཀར་འགྲོ་བའི་ཚེ། གཞན་རྣམས་ཀྱི་སྣང་ངོར་བན་རྒན་ཞིག་གིས་ཕྲུ་གུ་འཚོ་སྐྱོང་བྱེད་པ་མཐོང་། དེ་ནི་མི་མ་ཡིན་པར་འཁྲུངས་ལྷ་བཀྲ་ཤིས་རྫོང་རྒོད་ཅེས་པ་དེ་ཡིན་པར་གྲགས། དེ་སྐབས་རྒྱལ་ཡུམ་གྱིས་ཁྱིམ་མཚེས་དག་ལ་ངའི་བུ་འདི་སྤྲུལ་པའི་སྐུ་ཞིག་ཡིན་པ་འདྲ། འདི་ལུས་ལ་ཡོད་སྐབས་དང་། འཁྲུངས་སྐབས་སོགས་སུ་རྟགས་མཚན་མང་པོ་ཡོད་པར་བཤད་པས། དུད་ཚང་ཤིན་ཏུ་དབུལ་པོ་ཡིན་སྟབས་མི་རྣམས་ཡིད་མི་ཆེས་པ་མ་ཟད། གཅིག་གིས་ཁྱོད་ལ་སྤྲུལ་སྐུ་ཞིག་འཁྲུངས་རྒྱུ་ཡོད་ན། ངེད་ཚང་གི་ཁྱི་མོ་རྒྱ་བོ་མ་ལའང་སྤྲུལ་སྐུ་ཞིག་འཁྲུངས་འོངས་ཞེས་བརྙས་བཅོས་དང་འཕྱ་དམོད་བྱས་པའི་གཏམ་རྒྱུད་ཀྱང་བཤད་སྲོལ་ཡོད། ལྕགས་བྱི་ལོ་སྟེ་སྤྱི་ལོ་༡༨༤༠་ལོར་དབུས་ནས་ངོས་འཛིན་བྱེད་མཁན་རྟ་པ་མང་པོ་ཞིག་གློ་བུར་དུ་མགར་ཐར་དགོན་དུ་ཕེབས། བོད་ཀྱི་རྒྱལ་ཚབ་ཀྱིས་མགར་ཐར་དུ་འོངས་དོན་མ་བཤད་ཀྱང་། སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ཨེ་ཡིན་སྙམ་པའི་དོགས་པ་ཀུན་ལ་ཤར། སྐབས་དེར་མགར་ཐར་གྱི་དུད་ཚང་ཕྱུག་པོ་འགའ་ཞིག་ལ་བྱིས་པ་མཚན་བཟང་འགའ་ཞིག་ཡོད་པས་དེ་རྣམས་དོགས་པ་ཟོས་ཏེ། དགོན་པ་ནས་གདན་ཆས་དང་ཡོ་བྱད་གང་དགོས་ཚང་མ་གཡར་ཏེ་རང་རང་གི་ཁྱིམ་ཏུ་གྲ་སྒྲིག་བྱེད་བཅུག རྒྱལ་ཡབ་ཚང་ལ་ནི་དབུལ་པོ་ཡིན་སྟབས་རོག་རམ་བྱེད་མཁན་ཞིག་མ་བྱུང་མོད། འོན་ཀྱང་སྐབས་དེར་དེའི་རི་རྒྱུད་ཀྱི་སྐེད་པ་ཞིག་ན་མགར་ཐར་དགོན་གྱི་བླ་མ་བསྟན་པ་རབ་རྒྱས་ཞེས་པ་ཞིག་མཚམས་ལ་བཞུགས་ཡོད། ཁོང་ཡར་མར་འབྱོན་སྐབས་རྒྱལ་ཡབ་ཚང་ནི་ཁོང་གི་གནས་ཚང་ཡིན་པ་མ་ཚད། ཁྱིམ་ཚང་དེའི་བླ་མཆོད་ཀྱང་ཡིན། རྒྱལ་ཡབ་མགྱོགས་པར་བླ་མའི་རྩར་སོང་ནས་དབུས་ནས་རྟ་པ་མང་པོ་དགོན་པར་ཕེབས་པ་སོགས་ཀྱི་རྒྱུ་མཚན་རྣམས་ཞུས་པས། དེ་འདྲ་ཡིན་ན་ང་ཚོས་ཀྱང་གྲ་སྒྲིག་བྱེད་དགོས་ཞེས་ཁོང་མྱུར་བར་ཕེབས། ཡབ་ཚང་དུ་ཚོང་པ་ཞིག་གིས་བལ་སྟན་མང་པོ་ཞིག་བཅོལ་ཡོད་པ་རྣམས་ཁྱིམ་དུ་བཏིང་བས་ཁྱིམ་ཡོངས་རྫོགས་གང་། རྒྱལ་རོང་པ་ཞིག་གིས་སྟར་ག་བཅོལ་ཡོད་པ་རྣམས་ཀྱང་བཤམས། ཁོང་རང་ཉིད་ལ་དགོན་པའི་སྐུ་འགྱེད་ཀྱི་སྐལ་བ་བགོས་པའི་གྲོ་གཅུས་ཡོད་པ་རྣམས་ཀྱང་སྡེར་མའི་ནང་དུ་བསྒྲིགས། དེའི་ཕྱི་ཉིན་ཉི་མ་ཤར་བ་དང་། བོད་ཀྱི་སྲིད་ཚབ་རྣམས་ཕེབ་རན་ཏེ་རྟ་ལ་མ་ཞོན་གོང་ཙམ་ལ་བླ་མ་བགྲེས་པོ་ཞིག་གིས། ཀུན་བརྩེགས་གཤིས་ཟེར་བ་དེ་ག་པར་རེད་ཅེས་དྲིས་པ་ན། དགོན་པའི་ལས་སྣེ་དག་གིས་བསྟན་ཀྱང་ལས་སྣེ་རྣམས་ཀྱིས་ད་གཟོད་རྒྱལ་ཡབ་ཚང་ལ་འགྲོ་རྒྱུ་ཡིན་པ་ཤེས་ནས། ཁོང་ཚང་ལ་གྲ་སྒྲིག་གང་ཡང་མ་བྱས་སྟབས་མགར་ཐར་དགོན་པའི་བླ་དཔོན་རྣམས་ལ་་བཀའ་བཀྱོན་འོང་རྒྱུའི་སྐྲག་སྣང་ཡང་ཆེན་པོ་སྐྱེས་ཡོད།  དེ་ནས་བོད་ཀྱི་སྲིད་ཚབ་རྣམས་གློ་བུར་དུ་རྒྱལ་ཡབ་ཚང་ལ་ཕེབས་ཏེ། སྒོ་ཁར་རྟ་ལས་བབ་ཏེ་སྔར་གྱི་བླ་རྒན་དེ་སྔོན་དུ་ནང་ལ་ཕེབས། བྱིས་པ་དེ་མཐོང་མ་ཐག་ཏུ་མིག་མཆི་མ་འཁྲུགས་ཏེ་ཕྱག་འཚལ། མི་དེ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་གསོལ་དཔོན་ཡིན་པར་གྲགས། ལམ་སང་མཇལ་དར་ཕུལ་ཏེ་ཕྲེང་བ་མང་པོ་ཞིག་བྱིས་པའི་མདུན་དུ་བཞག་པས། དེའི་ནང་ནས་སྐུ་གོང་མའི་ཕྱག་ཕྲེང་དེ་ཁོ་ན་བླངས་པས་ཐམས་ཅད་ཡིད་ཆེས་པར་གྱུར། དེ་དུས་མགར་ཐར་དགོན་པའི་ལས་སྣེ་རྣམས་ཀྱང་འབྱོར། བླ་མ་བསྟན་པ་རབ་རྒྱས་སོགས་ཀྱིས་སྐུ་མགྲོན་རྣམས་ལ་གསོལ་ཇ་དྲངས་ཚེ། སྲིད་ཚབ་ཀྱིས་བུ་འདི་ནི་རྒྱལ་བ་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་ཡིན་ཞིང་། ཁྱིམ་འདི་བལ་སྟན་གྱིས་གང་བ་དང་།  སྟར་ག་སྟེ་འབྲས་བུ་ཅན་གྱི་ཤིང་ཏོག་མང་པོ་བཤམས་ཡོད་པས་རྟེན་འབྲེལ་ཤིན་ཏུ་ལེགས། འདི་འདྲ་སུས་བྱས་སོང་ཞེས་དྲིས་པས། བླ་མ་བསྟན་པ་རབ་རྒྱས་ཀྱིས། གུས་པ་ལགས་ཡིན་ཞེས་ཞུས་པས། ཁྱེད་ནི་སྐྱེས་བུ་དམ་པ་ཁྱད་དུ་འཕགས་པ་ཞིག་རེད་འདུག་པས། རྗེས་སུ་སྐུ་ཞབས་སྐུ་བཅར་མཁན་པོ་ནོ་མི་ཧན་གྱི་གོ་གནས་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་མཛད། དེ་ནས་བློ་བཟང་ཞེས་པའི་མཚན་གསར་པ་ཞིག་བསྣན་ནས་སྐུ་བཅར་མཁན་པོ་བློ་བཟང་བསྟན་པ་རབ་རྒྱས་ཞེས་མཚན་གསོལ། ཁོང་གིས་མགར་ཐར་དགོན་པའི་མཁན་པོའང་གཅིག་ལྕོག་བྱས། གཏམ་དེ་ཚོ་སྔར་གྲ་སྒྲིག་བྱས་པའི་ཁྱིམ་ཚང་གཞན་རྣམས་ཀྱིས་ཐོས་པས་རང་གི་བུ་ལ་ངོས་འཛིན་བྱེད་མཁན་མ་བྱུང་སྟབས་གྲ་སྒྲིག་རྒྱ་ཆེན་བྱས་པས་ངོ་ཚ་བས། དགོན་པའི་གདན་ཆས་ཡོ་བྱད་རྣམས་ཉིན་མོ་ཕྱིར་སྐྱེལ་མ་ཤེས་པར་མཚན་མོར་བསྐྱལ་བ་རེད་ཅེས་པའི་་གཏམ་རྒྱུད་ཡོད། དེ་ནས་མགར་ཐར་དགོན་པར་ཁྲི་འདོན་མཛད། ལྕགས་གླང་གི་ལོ་སྟེ་སྤྱི་ལོ༡༨༤༡ལོའི་བོད་ཟླ་བ་གཉིས་པར་དབུས་སུ་གདན་འདྲེན་ཞུས་པའི་ཚེ་ཡབ་ཡུམ་གཉིས་དང་བཅས་པ་ཕེབས། ཡབ་ཡུམ་ལྷ་སར་བཞུགས་གནས་གསར་སྐྲུན་མཛད་པར་ཕུན་ཚོགས་ཁང་སར་ཞེས་མིང་བཏགས། རྗེས་སུ་བསྡུས་མིང་དུ་གྱུར་ནས་ཡབ་གཞིས་ཕུན་ཁང་བ་ཟེར་བ་ཡིན། ཁྱིམ་དེའི་བརྒྱུད་པ་ནི་ད་ལྟའི་བར་ལྷ་སར་ཡོད་ཅིང་། ད་ལྟའང་བོད་ལྗོངས་ཀྱི་ཆབ་སྲིད་གྲོས་མོལ་ཁང་དུ་བཞུགས་པའི་སྐུ་ངོ་ཚེ་རིང་དོན་གྲུབ་འཚོ་ཞིང་ཉེ་བའི་ལོ་འགའི་སྔོན་ལ་མགར་ཐར་དུ་གཟིགས་སྐོར་ཡང་བྱོན་ཡོད་པར་བཤད། དེ་ནས་ལྷ་སར་ཕེབས་ཏེ་པཎ་ཆེན་བློ་བཟང་བསྟན་པའི་ཉི་མར་གཙུག་ཕུད་ཕུལ། མཚན་མཁས་གྲུབ་རྒྱ་མཚོ་ཞེས་གསོལ། ཆུ་སྟག་གི་ལོ་སྟེ་སྤྱི་ལོ་༡༨༤༢ལོའི་བོད་ཟླ་བཞི་པར་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་འཁོད། མེ་རྟ་ལོ་སྟེ་སྤྱི་ལོ་༡༨༤༦ལོའི་བོད་ཟླ་བཞི་པའི་ཚེས་བདུན་ལ་ལྷ་སའི་ཇོ་ཁང་དུ་པན་ཆེན་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་། ས་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་༡༨༤༨ལོར་ནོར་གླིང་སྐལ་བཟང་ཕོ་བྲང་གི་དབུ་གཡབ་གཟིམ་ཆུང་གསར་རྒྱག་དང་། དེའི་ཕྱི་ལོ་ནས་ནོར་གླིང་དུ་ཞོ་སྟོན་གཟིགས་མོའི་སྲོལ་བཏོད། ཆུ་བྱི་ལོ་སྟེ་སྤྱི་ལོ་༡༨༥༢ནས་བཟུང་གདན་ས་གསུམ་ལ་གསན་བསམ་དབུ་འཛུགས་ཀྱི་གྲྭ་སྐོར་མཛད། དབུས་སུ་ཁྲི་ལ་འཁོད་པ་ནས་བཟུང་མགར་ཐར་དགོན་པར་བླ་མེད་ཀྱིས་ཐུགས་ཁུར་མཛད་དེ་གསེར་དངུལ་གོས་དར་གནང་བ་དང་། སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་པ་དང་། པོ་ཏཱ་ལའི་རྟེན་ཁྲོད་ནས་རྟེན་འགང་ཆེན་མང་པོ་གནང་ཞིང་།   ཁྱད་པར་དུ་ཛྷཻཀྵིཾ་གྱི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་མི་ཚད་མ་སོགས་གནང་བས། སྐབས་དེར་ལྷ་ས་བའི་མི་འགའི་བློ་ལ་མ་བབས་པས་གཞས་བརྩམས་ཏེ་དམངས་ཁྲོད་ཀྱི་བྱིས་པ་རྣམས་ལ་བསླབས་ཏེ་ཁྲོམ་སྒྲོག་བྱེད་བཅུག་པའི་ཞེ་ཚིག  ཁམས་ཕྲུག་ལོ་གསུམ་བཞག་ན། །རྣམ་སྲས་བང་མཛོད་སྟོང་འགྲོ། །ཟེར་བའི་གཞས་ཀྱང་བཏང་བར་གྲགས། དོན་དེའི་མགར་ཐར་དགོན་པར་གཟིགས་སྐྱོང་ཆེ་དྲགས་པ་ཤེས་ཐུབ། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཀྱི་ལོ་སྟེ་སྤྱི་ལོ་༡༨༥༥ལོའི་བོད་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་སྐུ་ངོ་མས་ཆོས་སྲིད་གཉིས་ཀྱི་འགན་བཞེས་ཀྱང་ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་ཐོ་རེངས་ལ་ཕོ་བྲང་པོ་ཏཱ་ལར་སྐུ་མྱ་ངན་ལས་འདས། འདས་རྐྱེན་ངན་པ་ཞིག་ཡོད་པ་འདྲ། དེ་དུས་དགུང་ལོ་བཅོ་བརྒྱད་ལ་ཕེབས་ཤིང་། སྐུ་གདུང་ནི་པོ་ཏཱ་ལའི་གསེར་གདུང་ཕན་བདེའི་འོད་འབར་དུ་བཞུགས་སོ།  །སྐབས་འདིར་མགར་ཐར་དགོན་པ་དར་རྒྱས་ཅུང་ཟད་སོང་ཡོད་པར་སྣང་ངོ་།   །རྒྱལ་མཆོག་འཁྲུངས་པའི་སྐབས་ཀྱི་རྒྱ་ནག་གོང་མ་ནི། ཆིང་རྒྱལ་རབས་ཀྱི་གོང་མ་ཏོ་ཀོང་ཁྲི་ལོ་བཅོ་བརྒྱད་པའི་སྐབས་ཡིན། རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ༡༨༤༤ལོར་གོང་མ་ཏོའོ་ཀོང་གི་ལྕང་སྐྱ་སྐུ་ཕྲེང་བཞི་པ་ཧུ་ཐོག་ཐུ་དང་། མིང་པའོ། ཁྲེང་ཏུའུ་ཡི་ཏུའུ་ཐུང་གཞོན་པ་ཧྲི་མེ་ཨོང་སོགས་ལྷ་སར་བཏང་ནས་ཁྲི་འདོན་མཛད་སྒོར་དངུལ་སྲང་ཁྲི་གཅིག་བཏང་། རྒྱལ་བ་དགུང་ལོ་བཅུ་གསུམ་ནས་འདས་པའི་བར་ཆིང་གོང་མ་ཞན་ཧྥེང་ཡིན། དུས་དེར་བོད་དུ་མངའ་རིས་ཕྱོགས་སུ་སུམ་པ་དང་དམག་འཁྲུགས་ཡོད་ཅིང་། གོར་ཥ། བྲག་གཡབ། ཉག་རོང་དང་སི་ཁྲོན་གྱི་དམག་དང་འཁྲུགས་པ། རྒྱ་ནག་ཏུ་ཉལ་ཐའི་དམག་འཁྲུགས། ཞི་བདེ་གསར་བརྗེའི་དམག་འཁྲུགས་བཅས་བྱེད་བཞིན་ཡོད་པས་ཟིང་ཟིང་ཡོམ་ཡོམ་གྱི་སྐབས་ཤིག་ཡིན་པ་ལས་དུས་བདེ་ཞི་འཇགས་ཀྱི་སྐབས་ཤིག་ནི་མ་ཡིན་པར་བཤད་དོ།  །གཞན་ཡང་རྒྱལ་བ་སྐལ་བཟང་རྒྱ་མཚོ་མི་ཉག་མགར་ཐར་དགོན་པའི་ནང་དུ་ལོ་དྲུག་གི་རིང་ལ་བཞུགས་མྱོང་བ་ཁོང་གི་རྣམ་ཐར་དུ་གསལ་བ་ལྟར་ཡིན་ནོ།  །

 

དགའ་ལྡན་ཁྲི་པ་རིམ་བྱོན་གྱི་སྐོར།

དགའ་ལྡན་ཁྲི་པ་རྡོ་རྗེ་བཟང་པོའི་མཛད་རྣམ།

དེ་ཡང་མི་ཉག་དགའ་ལྡན་ཁྲི་ཐོག་བཅུ་བདུན་པ་ཤར་པ་རྡོ་རྗེ་བཟང་པོ་མཆོག་ནི་རབ་བྱུང་བརྒྱད་པའི་ལྕགས་ཕག་ལོ་སྟེ་སྤྱི་ལོ༡༤༩༡ལོར་མདོ་སྟོད་མི་ཉག་མགར་ཐར་གྱི་ཆ་ཤས་ཤའུ་གཤིས་ཀྱི་འགྲོ་ཡོད་ཚང་གི་ཁྱིམ་དུ་སྐུ་འཁྲུངས། ཕ་ཡབ་དང་མ་ཡུམ་གྱི་མཚན་ནི་མི་གསལ། རང་དགོན་བརྟན་ལོ་དགོན་སར་དུ་ཆོས་ཞུགས་མཛད། རྗེས་སུ་དབུས་གཙང་དུ་བྱོན་ནས་སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་མཛད་ཐོག་གཞུང་ཆེན་པོ་ལྔར་སློབ་གཉེར་མཐར་ཕྱིན་པ་མཛད་ནས་སེར་སྨད་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས། དེ་ནས་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་དུས་ཡུན་ཐུང་ཙམ་ལས་མ་བཞུགས། དགུང་ལོ་ཞེ་དགུ་པའི་ས་ཕག་ལོ་སྟེ་སྤྱི་ལོ༡༥༣༩ལོར་དགའ་ལྡན་གསེར་ཁྲིར་ཕེབས། ཁྲི་ཐོག་ཏུ་ལོ་ངོ་བརྒྱད་ཀྱི་རིང་ལ་བཞུགས་ནས་འགྲོ་དོན་མཛད་ཅིང་། ཆོས་གཞུང་འཆད་ཉན་རྒྱ་ཆེར་མཛད་ནས་རྣམ་དཀར་གྱི་འཕྲིན་ལས་ཤིན་ཏུ་རྒྱས། གཟིམས་ཁང་བདེ་བ་ཅན་དུ་ཟུར་བཞུགས་མཛད། སྦྲས་རིན་ཆེན་བྲག་གི་ཞལ་འཛིན་མཛད། སྐབས་ཤིག་ཐེ་བོ་དང་ལྡན་མ་གཉིས་འཁྲུག་ཟིང་བྱུང་ཞིང་ཁོང་བར་འདུམ་བྱེད་སར་བྱོན་པས་མི་ཞིག་གིས་རྡོ་འཕངས་པ་དབུ་ལ་ཕོག་པའི་རྐྱེན་གྱིས་དགུང་ལོ་དྲུག་ཅུ་རེ་བཞི་མ་གཏོགས་བཞུགས་མ་ཐུབ་པར་ཤིང་སྟག་ལོ་སྟེ་སྤྱི་ལོ༡༥༥༤ལོར་སྐུ་གཤེགས། དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་གུ་ལྡེབ་མ༣༥༦པའི་ངོས་སུ་གསལ་ལོ། །

དགའ་ལྡན་ལྡན་ཁྲི་པ་དགེ་འདུན་ཚུལ་ཁྲིམས་ཀྱི་མཛད་རྣམ།

དགའ་ལྡན་ཁྲི་ཐོག་རེ་ལྔ་པ་དགེ་འདུན་ཚུལ་ཁྲིམས་ནི་མི་ཉག་རྒྱལ་ཐང་གི་ཉེ་འདབས་ཡང་ཐང་དུ་རབ་བྱུང་བཅུ་པའི་ཤིང་བྱི་སྟེ་སྤྱི་ལོ༡༧༤༤ལོར་སྐུ་འཁྲུངས། ཕ་ཡབ་དང་མ་ཡུམ་གྱི་མཚན་ནི་གསལ་པོ་མེད།   དགུང་ལོ་ཉེར་ལྔ་པ་ས་བྱི{༡༧༦༨}ལོར་དབུས་སུ་ཕེབས།  སེར་སྨད་གྲྭ་ཚང་སྤོམ་འབོར་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་པ་མཛད།  དགུང་ལོ་བཞི་བཅུ་པ་ཆུ་ཡོས{༡༧༨༣}ལོར་དགེ་བཤེས་ལྷ་རམས་པ་ཐོན།  ལོ་དེར་རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ལ་སྦྱངས་པ་མཛད།  དགུང་ལོ་ཞེ་དགུ་པ་ཆུ་བྱི{༡༧༩༢}ལོར་རྒྱུད་སྟོད་བླ་མ་དབུ་མཛད་དང་།  དེའི་ཕྱི་ལོར་མཁན་པོའི་ཁྲིར་ཕེབས།  དགུང་ལོ་ང་གཅིག་པ་ཤིང་སྟག{༡༧༩༤}ལོར་ས་གནས་སྲིད་གཞུང་གིས་པེ་ཅིན་དུ་གཡུང་ཧོ་དགོན་པའི་མཁན་པོར་བསྐོས་པ་ལྟར་ཕེབསདགོས་བྱུང་།  དགུང་ལོ་ང་བརྒྱད་པ་ལྕགས་བྱ{༡༨༠༡}ལོར་དགའ་ལྡན་གྱི་ཁྲིར་ཕེབས།  ཁྲི་ལོ་བདུན་བསྐྱངས་ནས་མཐར་དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་པའི་མེ་ཡོས{༡༨༠༧}ལོར་སྐུ་གཤེགས་སོ།  །

     

 

 

 དགའ་ལྡན་ཁྲི་པ་ཡེ་ཤེས་ཆོས་འཕེལ་གྱི་མཛད་རྣམ།

དེ་ཡང་དགའ་ལྡན་ཁྲི་རབས་བརྒྱད་ཅུ་གྱ་གཉིས་པ་ཡེ་ཤེས་ཆོས་འཕེལ་ཚང་ནི་མི་ཉག་དར་རྩེ་མདོ་རུ་སྐུ་འཁྲུངས། ཕ་ཡབ་དང་མ་ཡུམ་གྱི་མིང་དང་འཁྲུངས་འདས་ཀྱི་དུས་ཚིགས་ནི་ཁ་གསལ་པོ་འབྲི་རྒྱུ་མེད། ལྷ་མོ་རྩེ་དགོན་པའི་གྲྭ་པ་བྱས། རྗེས་སུ་མི་ཉག་དར་རྩེ་མདོ་ནས་དབུས་ལྷ་ལྡན་དུ་གྲྭ་སར་བྱོན་ཏེ་འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོ་རྣམས་ལ་ཐོས་བསམ་ལེགས་པར་གྲུབ་ནས་དགེ་བཤེས་ལྷ་རམས་པའི་ཐོབ་ཐང་བཞེས། དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་བླ་མ་དབུ་མཛད་དང་། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ༡༨༨༠ལོར་དགའ་ལྡན་གསེར་ཁྲིའི་སྟེང་དུ་ཕེབས། ཁྲི་ཐོག་ལ་ལོ་བདུན་ཙམ་བཞུགས་ནས་འགྲོ་དོན་མཛད། དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་གུ་ལྡེབ་མ༣༨༥ཡི་ཐོག་ཏུ་གསལ་ལོ།    །

                 དགའ་ལྡན་ཁྲི་པ་ཡེ་ཤེས་དབང་ལྡན་གྱི་མཛད་རྣམ།

མི་ཉག་དགའ་ལྡན་ཁྲི་རབས་གོ་གསུམ་པ་ཆོས་རྗེ་ཨ་མེས་ཡེ་ཤེས་དབང་ལྡན་མཆོག་ནི་ཕ་ཡབ་ཉི་མ་སྟོབས་རྒྱལ་དང་མ་ཡུམ་ཨ་འཛོམས་གཉིས་ཀྱིས་སྲས་སུ། མདོ་ཁམས་མི་ཉག་གི་ད་སྐབས་དར་མདོ་རྫོང་ས་བདེ་ཤང་གི་ངོར་པ་སྡེ་པ་གཉིས་པའི་ལྦེས་འདུ་གྲོང་གི་དམ་པ་ཨ་མེས་ཚང་གི་ཁྱིམ་དུ་སྐུ་འཁྲུངས། འཁྲུངས་འདས་ཀྱི་དུས་ཚིགས་ནི་གསལ་ཆ་མི་འདུག་པས་འདིར་ཁོ་བོས་འབྲི་མ་ཐུབ། རང་དགོན་འགོ་བ་ཁ་དགོན་པར་གྲྭ་པ་བྱས་ཤིང་། རྗེས་སུ་དབུས་ལྷ་ས་ལ་གྲྭ་ས་བྱོན་ནས་འབྲས་སྤུངས་བློ་གསལ་གླིང་མི་ཉག་ཁང་ཚན་དུ་ཆོས་ཞུགས་གནང་། གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཨང་དང་པོར་ཐོབ། རྒྱུད་སྟོད་དུ་ཞུགས་ནས་རིམ་བཞིན་བླ་མ་དབུ་མཛད་དང་མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོ་སྟེ་སྤྱི་ལོ་༡༩༣༣ལོར་དགའ་ལྡན་གསེར་ཁྲིའི་བདག་པོར་གྱུར།  ལོ་བདུན་གྱི་རིང་དགའ་ལྡན་ཁྲི་ལ་ཕེབས་ནས་བསྟན་འགྲོའི་དོན་མཛད།  མཐར་བསྟན་རྒྱས་གླིང་དུ་སྐུ་གཤེགས་པར་བཤད་དོ།   །

          དགའ་ལྡན་ཁྲི་པ་ཀླུ་འབུམ་བཀྲ་ཤིས་སྟོང་འདུས་ཀྱི་མཛད་རྣམ།

དེ་ཡང་དགའ་ལྡན་ཁྲི་རབས་གོ་ལྔ་པ་ཀླུ་འབུམ་བཀྲ་ཤིས་སྟོང་འདུས་ཚང་ནི་ཕ་ཡབ་འཕྲིན་ལས་ཕུན་ཚོགས་དང་མ་ཡུམ་རྣམ་འབྱོར་གཉིས་ཀྱི་སྲས་སུ། ད་སྐབས་ཀྱི་དར་མདོ་རྫོང་བོན་པོ་ཤང་གི་རྡོ་ར་ཤིས་སྡེ་པའི་ལྷུན་པོ་ཁྱིམ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། འགི་བ་ཁ་དགོན་པའི་ཚོགས་ལ་ཞུགས་ནས་གྲྭ་པ་བྱས། རྗེས་སུ་གྲྭ་སར་བྱོན་སྐབས་ལྷ་སའི་འབྲས་སྤུངས་བློ་གསལ་གླིང་མི་ཉག་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོ་ལྔ་ལ་སློབ་གཉེར་འགྲན་ཟླ་དང་བྲལ་བར་མཛད་པས་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་གཉིས་པ་ཐོབ། རྒྱུད་སྟོད་དུ་སྒྲིག་ཞུགས་མཛད་ནས་གསང་སྔགས་ཀྱི་ཆོས་ལ་སློབ་གཉེར་མཛད་པ་དང་། ཆབས་ཅིག་ཏུ་དམ་པ་མང་པོའི་དྲུང་དུ་མདོ་སྔགས་ཀྱི་ཆོས་གཞུང་དུ་མ་ལ་གསན་བསམ་མཛད། དེ་ནས་རིམ་བཞིན་བླ་མ་དབུ་མཛད་དང་། མཁན་པོ། ཤར་པ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོ་སྟེ་སྤྱི་ལོ༡༩༤༧ལོར་དགའ་ལྡན་གསེར་ཁྲིར་ཕེབས། ལོ་བདུན་གྱི་རིང་ལ་དགའ་ལྡན་ཁྲི་པ་མཛད། ཁྲི་ཆེན་ཁོང་ནི་ཉམས་རྟོགས་ཤིན་ཏུ་མཐོན་པོ་ཡིན་པར་བཤད། རབ་བྱུང་བཅུ་དྲུག་པའི་ས་གླང་ལོ་སྟེ་སྤྱི་ལོ༡༩༤༩ལོའི་སྟོན་ཁར་མཁས་པ་དུང་དཀར་ཚང་སྦོམ་མདའ་ཚང་ལ་གཡང་སྒྲུབ་ཞིག་ལ་རྒྱུད་པའི་ལས་སྣེ་བཀོད་སྒྲིག་གནང་བ་ལྟར་བྱོན་སྐབས་ཁྲི་ཆེན་འདི་ཉིད་རྡོ་རྗེ་སློབ་དཔོན་དུ་ཕེབས་པ་དང་སྟབས་འཁེལ་ནས་ཐོག་མར་མཇལ། ཉིན་གུང་གི་ངལ་གསོའི་སྐབས་གྲྭ་པ་རྣམས་རྒྱུད་པའི་ཚོགས་ལ་ཕེབས་ཤུལ་དུས་ཡུན་ཆུ་ཚོད་གཉིས་ལྷག་ཙམ་ཡོད་སྟབས་དེའི་རིང་དུང་དཀར་རིན་པོ་ཆེ་སྐུ་མདུན་དུ་མཇལ་ཁ་ཞུས་ཏེ་མདོ་སྔགས་ཀྱི་དཀའ་གནད་འགའ་ཞིག་ལ་དྲི་བ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བློ་དྭོགས་ཆོད་ངེས་ཀྱི་བཀའ་ལན་གནད་ལ་འཁེལ་བ་ཕེབས་པར་དད་གུས་ཚད་མེད་སྐྱེས་བྱུང་ཞེས་གསུངས། རྒྱུན་དུ་སྐབས་རེ་ལྷ་སའི་གླིང་སྐོར་ལ་ཕེབས་པའི་གོ་སྐབས་དང་བསྟུན་ནས་ཁོ་བོའི་སྡོད་ཤག་ཏུ་ཕེབས་ཏེ་ཐུགས་མཁོའི་ཕྱག་དཔེ་ཁག་གཟིགས་བཞིན་དུ་ཉིན་གུང་ལྷོད་བཞུགས་གནང་གི་ཡོད་པ་དེ་ནི་ཁོ་བོས་བཀའ་འདྲི་བཀའ་སློབ་ཞུ་སའི་གོ་སྐབས་ཡག་ཤོས་ཤིག་ཡིན་པར་གསུངས། དམ་པ་དེ་ནི་བཀའ་གདམས་པའི་རྣམ་ཐར་ལྟར་སྦས་པའི་རྣལ་འབྱོར་གྱི་སྒོ་ནས་ཕྱི་ཚུལ་དུ་གང་ཡང་མི་མཁྱེན་པའི་ཚུལ་ལྟ་བུ་བཞུགས་པ་མ་གཏོགས། མདོ་སྔགས་གང་གི་ཐད་ནས་བཀའ་འདྲི་ཞུས་ཀྱང་ཉམས་མྱོང་དངོས་ཀྱི་ཐོག་ནས་བཀའ་འདྲི་ཞུ་བ་པོའི་དོགས་པ་དང་ཐེ་ཚོམ་གང་ཡོད་ཐད་ལ་གནད་སྨིན་པའི་བཀའ་ལན་ཐོགས་པ་མེད་པར་གནང་མཁན་ཞིག་ཡིན། དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས་ཚེ་ཆོག་གླིང་དུ་ལོ་ངོ་བཞིའི་རིང་ཐུགས་དམ་ཉམས་བཞེས་གོང་འཕེལ་དུ་བཞུགས་མུར་ངོ་མཚར་བརྗོད་ལས་འདས་པའི་རྟགས་མཚན་དངོས་སུ་བསྟན་བཞིན་པའི་ངང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །ཞེས་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་གསུངས་པ་ལྟར་འདིར་བྲིས་པ་ཡིན་ནོ། །

མི་ཉག་གི་མཁས་པ་མི་ལྔའི་རྣམ་ཐར་མདོར་བསྡུས།

༡  མཁན་ཆེན་ར་ཏི་རྨ་སེ་སྟོན་པའི་མཛད་རྣམ།

མི་ཉག་མཁས་པ་ར་ཏི་རྨ་སེ་སྟོན་པ་བསོད་ནམས་རྒྱལ་མཚན་མཆོག་ནི། རབ་བྱུང་ལྔ་པའི་ལོ་ང་གཅིག་པ་མེ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ༡༣༡༧ལོར་ཁམས་མི་ཉག་ཏུ་འཁྲུངས། བྱིས་པའི་དུས་ནས་བཟུང་ཁྲི་ཐོག་ནས་ཆོས་འཆད་པ་དང་དབང་བསྐུར་བ་ལྟ་བུ་བཅས་ཀྱི་སྟངས་ཀ་འབའ་ཞིག་བྱས་པ་ལ་བལྟས་ན་སྤྱོད་པ་ཁྱད་པར་ཅན་ཞིག་ཡིན། དཀའ་ལས་ཆེན་པོ་མ་དགོས་པར་ཡི་གེ་ཡང་ལོབས་པར་གྱུར། དགུང་ལོ་བཅུ་བདུན་ཐོག་ཏུ་བླ་མ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་དབུ་སྐྲ་བཞར། སེར་གོས་གྱོན། དབང་ཅུང་ཟད་རེ་ཞུས། བླ་མ་ཡུན་རིང་བཞུགས་མ་ཐུབ་པར་སྐུ་གཤེགས། དེ་རྗེས་བླ་མ་སྙིང་པོ་རྒྱལ་མཚན་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་ཞིག་བསྐུར་ནས། ཁྱོད་ལ་ཤེས་རབ་ཆེན་པོ་འདུག་པས་ཆོས་པ་ཡག་པོ་ཡོང་བའི་རིགས་རེད། དབུས་གཙང་དུ་བྱོན་ནས་ཆོས་ལ་མཁས་པ་ཞིག་བསླབ་དགོས་ཞེས་གསུངས་པར་བརྟེན་ནས། དགུང་ལོ་བཅོ་བརྒྱད་པ་ཕག་ལོ་ལ་དབུས་གཙང་དུ་གྲྭ་སར་བྱོན། བླ་མ་རུ་རི་བ་བྱང་ཆུབ་སྐྱབས་ཀྱི་མདུན་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་ཆོས་ཅི་རིགས་ཞུས། སླར་ཁམས་ཕྱོགས་སུ་བྱོན་ནས་བླ་མ་རྒྱ་ཚང་མཇལ། འཇིགས་བྱེད་ཀྱི་དབང་ཞུས། ནག་འཇིགས་སྐོར་གསུམ་གྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་རྣམས་ཞིབ་ཏུ་གསན་ཞིང་གདམས་པ་ཡང་དུ་ཞུས། རྗེ་ཀརྨ་རང་བྱུང་རྡོ་རྗེ་ཕོ་བྲང་ནས་ཡར་འབྱོན་པ་དང་ལམ་དུ་མཇལ་ནས། དབུས་ལྷ་སའི་བར་དུ་མཉམ་དུ་བྱོན། རིན་པོ་ཆེས་ཆོས་དང་ཟང་ཟིང་གཉིས་ཀྱི་གཟིགས་སྐྱོང་རྒྱ་ཆེན་པོ་མཛད། རྒྱལ་བ་རྒྱ་མཚོ་དང་། རྒྱུད་བརྟག་གཉིས། མཁའ་འགྲོ་མ་ཀུན་སྤྱོད་ལ་སོགས་པའི་རྒྱུད་སྡེ་མང་པོའི་བཤད་བཀའ་དང་། ཁོང་གི་རྩོམ་ཆོས་ཕལ་ཆེ་བ་དང་། བསམ་གཏན་ཐུན་འཇོག་སོགས་འབྲུག་པའི་ཆོས་སྐོར་མང་པོ། བྱམས་ཆོས་སྡེ་ལྔ་སོགས་མདོ་དང་བསྟན་བཅོས་དུ་མ་ཞུས། དབུས་སུ་བྱོན་ནས་མཁན་པོ་སེང་གེ་རྒྱལ་མཚན་མདུན་དུ་དགེ་ཚུལ་ཞུས། དེ་ནས་གསང་ཕུར་ཕེབས་ནས་བླ་མ་ཆོས་དཔལ་ལ་ཕར་ཕྱིན་ཞུས། གཞན་ཡང་མཉམ་མེད་ལྟ་སྟོན་ཞིག་པོ་དང་། རུ་མཚམས་པ་གྲགས་པ་བཟང་པོ། བླ་བྲང་ཆེན་པོའི་སྒྲོས་འཛིན་སྦྱིན་པ་དཔལ་སོགས་ལ་ཕར་ཕྱིན་གསན། གསང་ཕུར་ལན་གཉིས་བྱོན་ནས་དགེ་བའི་བཤེས་གཉེན་ལོ་ཙཱ་བ་ཆེན་པོ་དང་མཁན་པོ་སེང་གེ་རྒྱལ་མཚན་སོགས་ཀྱི་མདུན་དུ་དགེ་སློང་གི་སྡོམ་པ་ཞུས་ཤིང་། ཐེག་བསྡུས་སྐོར་གསུམ་དང་། མངོན་པ་བྱེ་བཤད་རྩ་འགྲེལ། སྒྲུབ་ཐབས་རྒྱ་མཚོ། འདུལ་བ་མདོ་རྩ། སོ་ཐར། འདུལ་བ་ལག་ལེན་གྱི་རིམ་པ་བཅས་ཞུས། སློབ་དཔོན་གྲགས་པ་བཟང་པོ་ལ་མདོ་སྡེ་རྒྱན་དང་། རྒྱུད་བླ་མ། སྤྱོད་འཇུག་སོགས་གཞུང་ལུགས་ཆེན་པོ་དུ་མ་ལ་སློབ་གཉེར་མཛད་ནས་མཁས་པ་ཆེན་པོ་གྱུར། བྲག་ཁ་གྲགས་པ་སེང་གེའི་དྲུང་དུ་དུས་འཁོར་ཡོངས་རྫོགས་གསན། དེ་ནས་གཙང་གི་གནས་སྙིང་ཞྭ་ལུ་སོགས་སུ་གྲྭ་བསྐོར་མཛད། བུ་སྟོན་རིན་པོ་ཆེ་ལ་དྲི་བ་དྲིས་ལན་ཐལ་འགྱུར་བརྒལ་བརྟག་མཛད་པས་བུ་སྟོན་རིན་པོ་ཆེས་ཀྱང་གསུང་ལན་ཐེབས་དཀའ་བར་གྱུར། ཁོང་ཐུགས་མཉེས་ནས་གནང་སྦྱིན་རྒྱ་ཆེན་མཛད། གསང་ཕུ་སློབ་གཉེར་ལ་བརྩོན་པ་མཛད་སྐབས་ཤིག་ལ་ཁོང་གི་སྐུ་ལུས་ལ་ཤ་འགུལ་རྒྱུག་པོ་སོགས་རྒྱལ་གྲིབ་ཀྱིས་གནོད་པས་སྐུ་ཁམས་ཅུང་ཟད་མ་བདེ་བས་ཀརྨ་པ་རང་བྱུང་རྡོ་རྗེས་བྱིན་རླབས་མཛད་པས་ནད་དེ་དྭངས་སོང་། དབུས་གཙང་དུ་ལོ་བཅོ་ལྔ་ཙམ་བཞུགས་ཏེ་མདོ་སྔགས་ཀྱི་ཆོས་དུ་མ་ལ་སྦྱངས་པ་རྒྱ་ཆེར་མཛད་ནས་སླར་མི་ཉག་ཏུ་བྱོན། བསམ་འགྲུབ་རིན་ཆེན་གླིང་ངམ་ར་ཏི་དགོན་དུ་གདན་ས་མཛད་དེ་བཞུགས། ཁོང་གི་གྲུབ་མཐའ་འམ་ཆོས་བརྒྱུད་ནི་བཀའ་རྒྱུད་པ་ཡིན། གདན་ས་ནི་ར་ཏི་ལུང་པར་དགོན་པ་བཏབ་ནས་བཞུགས་པར་བཤད། དང་པོ་ར་ཏི་དགའ་ལྡན་གླིང་རྫ་ཁ་ཞིག་ལ་ཆགས་ཡོད། རབ་བྱུང་དྲུག་པའི་ཤིང་འབྲུག་ལོར་བཏབ་ནས་རབ་བྱུང་བཅུ་གཅིག་ལོའི་བར་དུ་ལོ་སུམ་བརྒྱ་ལྷག་རེད་ཡོད་པར་བཤད། སྐབས་དེར་རབ་སྒང་དུ་འཁྲུག་པ་དུ་མ་ཡོད་ཀྱང་། ཁོང་གིས་ཆོས་སོགས་གསུངས་ནས་འཁྲུག་པ་རྣམས་ཕལ་ཆེར་བསྡུམ་ཡོད། དེ་རྗེས་ཐེའུ་ཟུར་ཚྭ་ཆུའི་ཕ་རིར་སྤོས། དེ་ནས་ཆེར་མ་འགོར་བར། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ལོར་མུ་ལྔ་སུམ་མདོའམ་རྫོང་ཞབས་ཀྱི་རྫོང་དང་མཉམ་དུ་ཆགས། དགོན་དེའི་མིང་ལ་དགའ་ལྡན་ཆོས་གླིང་ཟེར། དེ་རྗེས་ཡང་ཆེར་མ་དགོས་པར་རྒྱ་དམག་གིས་གནོད་པས། སྐྱིད་ཁུག་ཏུ་སྤོས་ཏེ་ཝ་ཚི་བླ་མ་བློ་བཟང་དཔལ་ལྡན་གྱིས་སྐྱིད་དགོན་དགའ་ལྡན་ཆོས་གླིང་ཞེས་མིང་བཏགས། དེ་ནི་དེང་སང་གི་སྐྱིད་ལེགས་དགོན་པ་ཡིན་པར་བཤད། ཁོང་གི་འཚོ་བ་བསྟེན་ས་གཙོ་བ་ནི་བསོད་སྙོམས་ཡིན། ཁོང་གིས་སློབ་མ་མཁས་པ་མང་པོ་བསྐྱངས་ཡོད། ཁོང་ལ་གསུང་རྩོམ་ཡོད་མེད་ནི་མ་ཤེས་པས་དེ་ལུགས་ཞུ། མཐར་དགུང་ལོ༦༧པ་བོད་རབ་བྱུང་དྲུག་པའི་ལོ་ང་བདུན་པ་ཆུ་མོ་ཕག་གི་ལོ་སྟེ་སྤྱི་ལོ༡༣༨༣ལོར་མགོ་ཟླའི་ཚེས་ཉི་ཤུའི་ཐོ་རེངས་ཀྱི་དུས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།   །

༢  མཁན་ཆེན་དཀའ་བཞི་པ་རིག་པའི་སེང་གེའི་མཛད་རྣམ།

མི་ཉག་མཁས་པ་དཀའ་བཞི་རིག་པའི་སེང་གེ་མཆོག་ནི་ཕ་ཡབ་ཡོན་བདག་རྐང་རིང་དང་མ་ཡུམ་རོང་ཟ་དགེ་བ་སྨན་ཞེས་པ་གཉིས་ཀྱི་སྲས་སུ། ཡིག་ཆ་འགའ་རེའི་ནང་དུ་ཡབ་སྒང་རིང་དང་ཡུམ་རྩོམ་ཟ་དགེ་བ་སྨོན་ཟེར་བའང་འབྱུང་སྲིད་པ་ཡིན་པས་བརྟག་དགོས། རབ་བྱུང་ལྔ་པའི་ལོ་ཉེར་གཅིག་པ་མེ་མོ་ཕག་གི་ལོ་སྟེ་སྤྱི་ལོ་༡༢༨༧ལོར་བོད་མི་ཉག་རབ་སྒང་གི་སྦས་ཡུལ་དོ་ནང་ཕུག་སྦས་རྨུག་ཅེས་པར་སྐུ་འཁྲུངས། ཁོང་ཁྱེའུའི་སྐབས་སུ་སྐུ་གཟུགས་ཤིན་ཏུ་མཛེས་པ་དཔེར་ན། སྨིན་མ་འཛར་བ་དང་། སྣའི་གཟེང་མཐོ་བ། དཔྲལ་བ་དབྱེས་ཆེ་བ། བོང་ཚོད་གཞན་ལས་འཕགས་པ། བྱིན་པ་རི་དྭགས་ཨེ་ནྱ་ཡ་ལྟ་བུ། སྙན་ཤལ་རིང་བ། འགྲམ་པ་སེང་གེ་འདྲ་བ། ཕྱག་ཞབས་ལ་མེ་ཏོག་ལ་སོགས་པའི་མཚན་རྟགས་ཡོད་པ་ཞིག་ཡིན་པར་བཤད། དགུང་ལོ་བཅུ་གཅིག་པར་མ་ཡུམ་འདས། ཕ་ཡབ་ཀྱིས་བུད་མེད་གཞན་ཞིག་ཟླ་གྲོགས་བཞེས། ཡབ་ཀྱིས་གཡུང་དྲུང་དཔལ་ཞེས་མིང་བཏགས། ཆོས་མིང་ལ་ཨ་དཔལ་ཞེས་མཚན་གསོལ། དགུང་ལོ་བཅུ་བཞིའི་སྟེང་ཁོང་རྫི་བོར་བྱོན་སྐབས། ཞབས་རྐང་གཡས་པར་སྦྲུལ་གྱིས་དུག་བཏང་བས་སྙུང་གཞིས་ཡུན་རིང་དུ་མནར། མཐར་པུས་མོ་མན་ཆད་ཆད་སོང་བས་ཕྱག་མཁར་ལ་བརྟེན་ནས་འགྲོ་དགོས་བྱུང་བ་ཡིན། རྗེས་སུ་ཡབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་བསླབས། ཞོར་དུ་ཡིག་གཟུགས་ལ་སྦྱངས་ནས་འབུམ་ཞིག་བྲིས་ནས་ཞུ་དག་བཏང་། རང་ཡུལ་ནས་དཔེ་ཆ་སློབ་གཉེར་དང་དབང་ལུང་ཁྲིད་གསུམ་མང་པོ་ཞུས་ཤིང་རང་སྦྱོང་མཛད། རྗེས་སུ་དབུས་གཙང་དུ་གྲྭ་སར་བྱོན་སྐབས། ལམ་དུ་ལི་ཐང་དུ་སློབ་དཔོན་ཟླ་བཟང་ལས་ཕར་ཕྱིན་དང་རིགས་གཏེར་གསན། ཇོ་ནང་དུ་ཀརྨ་པ་རང་བྱུང་རྡོ་རྗེ་མཇལ། དེ་ནས་ས་སྐྱར་ཕེབས། སློབ་དཔོན་བྱང་དཔལ་དང་བྱམས་མགོན་གྱི་དྲུང་དུ་ཚད་མ་རྣམ་འགྲེལ་དང་རིགས་གཏེར་ལ་ཤིན་ཏུ་མཁས་པས། བཀའ་བཞི་པ་རིགས་པའི་སེང་ཞེས་མིང་བཏགས། དེ་ནས་ས་སྐྱ་དང་དབུས་གཙང་ཐམས་ཅད་ལ་གྲྭ་བསྐོར་མཛད། སློབ་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་བླ་མ་བྱམས་མགོན་གྱི་སློབ་མའི་ནང་དུ་རིགས་གཏེར་ཁྱོད་ལས་མཁས་པ་མེད་པས། གདན་ས་འདིར་རིགས་གཏེར་གྱི་མཁན་པོ་བྱེད་དགོས་གསུངས་ཀྱང་། ཁོང་གིས་ད་དུང་ངས་མཛོད་འདུལ་བསླབ་དགོས་ཞེས་ཁས་ལེན་མ་བྱས། ཁྲོ་ཕུག་ཏུ་སློབ་དཔོན་འཇམ་དབྱངས་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་སློབ་གཉེར་མི་དམན་པ་མཛད། བླ་མ་འདི་ཚང་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ཆེ་བར་བཤད། གྲུབ་མཐའ་འམ་ཆོས་བརྒྱུད་ནི་བཀའ་རྒྱུད་པ་ཡིན། གདན་ས་ནི་མི་ཉག་བཀའ་བཞི་དགོན་པ་ཡིན་པར་བཤད། མཐར་དགུང་ལོ༨༩པ་རབ་བྱུང་ལོ་ཞེ་དགུ་པ་ཤིང་མོ་ཡོས་ཀྱི་ལོའི་ཟླ༨པའི་ཚེས༨ཀྱི་ཉིན་ཏེ་སྤྱི་ལོ༡༣༧༥ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །ཀློག་པ་པོ་ལགས། ཁྱེད་རང་གིས་ཁོང་གི་རྣམ་ཐར་རྒྱས་པ་ཞིག་ཤེས་འདོད་ན། སི་ཁྲོན་ཞིང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་མི་ཉག་མཁས་དབང་ལྔའི་རྣམ་ཐར་གྱི་ཤོག་གུ་ལྡེབ་མ༣༩ནས༡༡༥པར་གཟིགས་དང་མཁྱེན་པར་འགྱུར་རོ།  །

༣ མཁན་ཆེན་ནུ་མགོ་རྒྱལ་བ་རིན་ཆེན་གྱི་མཛད་རྣམ།

ནུ་མགོ་རྒྱལ་བ་རིན་ཆེན་མཆོག་ནི་ཕ་ཡབ་འབུམ་སྐྱབས་དང་མ་ཡུམ་ཐར་འབུམ་གཉིས་ཀྱི་སྲས་སུ། རབ་བྱུང་དྲུག་པའི་ལོ་གཉིས་པ་ས་ཕོ་འབྲུག་གི་ལོ་སྟེ། སྤྱི་ལོ༡༣༢༨ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་༨ལ་བོད་མི་ཉག་རབ་སྒང་གི་ས་ཆ་རུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ཏུ་དབུ་སེ་དབོན་པོ་ཆོས་ཀྱི་བླ་མ་དཔལ་བཟང་པོ་སྔགས་འཆང་གི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བླངས། ཡིག་རྩིས་ལ་ཐོག་མར་སྦྱོང་བ་མཛད་པས་ཚེགས་མེད་དུ་མཁྱེན། ཀྱཻ་རྡོར་ལྷ་དགུའི་དབང་ལུང་སོགས་ཞུས། དགུང་གྲངས་བཅུ་བཞི་ལ་དབུས་གཙང་དུ་བྱོན། གྲུབ་ཐོབ་ཏིང་འཛིན་བཟང་པོ་དང་མཇལ་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་། བླ་མ་དེ་ཉིད་དང་མཁན་ཆེན་བསོད་ནམས་གྲགས་པ་བཅས་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་དུ་མ་ཞུས་ཤིང་། གཞན་ཡང་གྲྭ་ས་ཆེན་པོ་གསང་ཕུ་ནེའུ་ཐོག་སོགས་སུ་བྱོན་ནས་སྐྱོར་མོ་ལུང་པ་འཇམ་དབྱངས་སྐྱབས་དང་བླ་མ་དཔལ་ལྡན། ཆོས་རྗེ་བུ་སྟོན་རིན་པོ་ཆེ། བླ་མ་བསོད་ནམས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད། མཁན་པོ་བློ་བཟང་གྲགས་པ། སྣར་ཐང་པ་བློ་གྲོས་ཆེན་པོ་བསམ་གཏན་བཟང་པོ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སོགས་ཀྱི་མདུན་ནས་དགུང་ལོ་ཉི་ཤུའི་བར་དུ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། ཉན་ཐོས་སོགས་ཀྱི་ཡོན་ཏན་བཅུ། སྦྱང་བའི་ཡོན་ཏན་བཅུ་གཉིས། འཕགས་པའི་རིགས་བཞི། བསླབ་པ་རིན་པོ་ཆེ་གསུམ། ཕར་ཕྱིན། ཚད་མ། མངོན་པ་མཛོད་ཚར་གསུམ། མདོ་སྡེ་རྒྱན། ཀྱཻ་རྡོ་རྗེ། བདེ་མཆོག་གི་སྐོར་ལ་སོགས་གཞི་ལམ་འབྲས་བུ་དང་བཅས་པའི་ཁྲིད་སོགས་གསན། མདོར་ན་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱིས་སློབ་གཉེར་རྒྱ་ཆེན་པོ་མཛད། མཁས་པའི་གྲགས་པ་དབུས་གཙང་གི་ཕྱོགས་ཀུན་ཏུ་ཁྱབ། ཁོང་གི་གྲུབ་མཐའ་འམ་ཆོས་བརྒྱུད་ནི་བཀའ་རྒྱུད་པ་ཡིན།    ། མཁན་ཆེན་རྒྱལ་བ་རིན་ཆེན་གྱི་གསུང་འབུམ་ཐོར་བུའི་དཀར་ཆག

མཁན་ཆེན་བཀའ་བཞི་པ་ལ་བསྟོད་པ་རྒྱན་གྱི་འཁོར་ལོ། རྒྱ་སྟོན་ལ་བསྟོད་པ་དངོས་གྲུབ་འབྱུང་གནས། བླ་མ་ཐར་པ་ལ་ཞུ་གསོལ་གྱི་བསྟོད་པ། ར་ཡོན་ཏན་དཔལ་ལ་ཞུ་གསོལ་གྱི་བསྟོད་པ། ཇོ་གདན་བརྩོན་འགྲུས་རྒྱལ་མཚནལ་ཞུ་གསོལ་གྱི་བསྟོད་པ། རྫ་བྲག་རི་ཁྲོད་པ་གནས་དང་བཅས་པའི་བསྟོད་པ། ཅེར་སྩ་སྟོད་སྨད་ཀྱི་རི་ཁྲོད་པ་ལ་བསྟོད་པ། སྒྲ་པ་དོན་བཟང་ལ་ཞུ་ཡིག་ཚིགས་བཅད་མ། སྟག་ལུང་ལོ་ཙཱ་བ་ལ་ཞུ་ཡིག་ཚིགས་བཅད་མ། ལྷ་བྱ་ཕུག་རོན་དང་གཏམ་དུ་བྱ་བ་མེ་ཏོག་གི་ཆུན་པོ། ལྷ་སྡེ་མི་སྡེ་ལ་ཞུ་ཡིག་བདག་འཛིན་འཇོམས་པའི་འཁོར་ལོ། དཔོན་ནམ་མཁའ་རྒྱལ་མཚན་ལ་དྲན་པ་ཆོས་ལ་བསྐུལ་བའི་མུ་ཏིག་གི་ཕྲེང་བ། འདའ་ཁ་མའི་ཞལ་ཆེམས་ཀྱི་ཚིགས་བཅད། ལུང་སྦྱོར་ཀུ་མུ་ཏའི་ཕྲེང་བ། གྲུབ་མཐའི་རབ་འབྱེད་གསལ་བའི་མེ་ལོང་དོན་གྱི་སྙིང་པོ། ཤེར་སྙིང་འབྲེལ་པ་རྒྱས་འབྲིང་བསྡུས་གསུམ་བཀའ་བཞིའི་ཆོས་འཁོར་གྲྭ་དུས་ཀྱི་བསྟན་རྩིས། ཕར་ཕྱིན་གྱི་རིགས་གཞུང་དོན་གསལ་བའི་མེ་ལོང་། ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་ཚད་མའི་མཚན་ཉིད་གསལ་བའི་ཕྲེང་བ། དགེ་འདུན་ཉི་ཤུའི་མཚན་ཉིད་ཀྱི་ཕྲེང་བ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་མཚན་ཉིད་དང་བྱུང་ཚུལ་ནོར་བའི་ཕྲེང་བ། མཁན་ཆེན་བཀའ་བཞི་པའི་ཆོས་འཁོར་དུས་ཀྱི་བསྟན་རྩིས་ཕར་ཕྱིན་གྱི་རིགས་གཞུང་གསལ་བའི་མེ་ལོང་། རྗེ་བཙུན་འཇམ་དབྱངས་ལ་སྨྲེ་སྔགས་ཞུ་གསོལ་གྱི་སྒོ་ནས་བསྟོད་པ་བྱིན་རླབས་ཀྱི་ཆུ་རྒྱུན། བསྟོད་ཚོགས་གནས་བསྟོད་སོགས་རིན་པོ་ཆེ་ལ་གསུང་རྩོམ་ཤིན་ཏུ་མང་པོ་ཞིག་ཡོད་ཀྱང་ད་སྐབས་ཕལ་ཆེར་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་ཟིན་པ་ཡིན་ནོ། །མཐར་རབ་བྱུང་དྲུག་པའི་ལོ་ཐ་མ་སྟེ་མེ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ༡༣༨༦ལོའི་ས་ག་ཟླ་བའི་ཚེས༡༦ལ་ལུས་གནད་རྣམ་སྣང་ཆོས་བདུན་དུ་བཞུགས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་བསྟན་པའོ། །ཀློག་པ་པོ་ལགས། ཁྱེད་རང་གིས་ཁོང་གི་རྣམ་ཐར་རྒྱས་པ་ཞིག་ཤེས་འདོད་ན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་མི་ཉག་མཁས་དབང་ལྔའི་རྣམ་ཐར་གྱི་ཤོག་གུ་ལྡེབ་མ༡༡༩ནས༡༤༢བར་དུ་གཟིགས་དང་ཤེས་ངེས་སོ།  །

༤   མཁན་ཆེན་ཕྱུག་མོ་གཞོན་ནུ་སྟོན་པའི་མཛད་རྣམ།

ཕྱུག་མོ་གཞོན་ནུ་སྟོན་པ་མཆོག་ནི། རབ་བྱུང་དྲུག་པའི་ལོ་དྲུག་པ་ཆུ་ཕོ་སྦྲེལ་གྱི་ལོ་སྟེ་སྤྱི་ལོ༡༣༣༢ལོར་ཁམས་མི་ཉག་སྐྱ་ཀེའི་ཕྱོགས་སུ་སྐུ་འཁྲུངས། ཁོང་གི་ཕ་ཡབ་མ་ཡུམ་ནི་སྔོན་གྱི་ཡིག་ཆའི་ནང་དུ་བྲིས་མེད་པས་དེ་ལུགས་ཞུ། ཆུང་བྱིས་པའི་དུས་ནས་བྱམས་སྙིང་ཆེ་བ་དང་། སྐུ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་ཞིང་དད་པ་དང་དག་སྣང་ཆེ་བ་སོགས་ཀྱི་ཡོན་ཏན་དུ་མ་ལྡན་པ་ཞིག་ཡིན། ཁོང་གི་གདན་ས་གཙོ་བོ་ནི་གནས་མགོ་དགོན་པ་ཡིན་པར་བཤད། དགོན་དེའི་མིང་གི་རྣམ་གྲངས་ནི། ནུ་མགོ་དགོན་པ་དང་། ནུབ་མགོ་དགོན་པ། ནུབ་འགོ་བྱང་ཆུབ་གླིང་། གནས་མགོ་དགོན་པ་བཅས་ཟེར་སྲོལ་ཡོད།  ཁོང་གི་གྲུབ་མཐའ་འམ་ཆོས་བརྒྱུད་ནི་བཀའ་བརྒྱུད་པ་ཡིན། སྔ་གུ་སྟོན་པ་བསོད་ནམས་དཔལ་བཟང་པོའི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་། མངོན་རྟོགས་རྒྱན་ཚར་གཅིག་གསན་པས་ཐུགས་སུ་ཆུད། ཞག་རེར་ལྡེབ་མ་དྲུག་རེ་བློ་ལ་བཟུང་། སློབ་གཉེར་འགོར་དོགས་ནས་གཞོང་པ་ནང་དུ་རྩམ་པ་མང་པོ་བརྫིས་ནས་བཞག་ནས་ནམ་བཀྲེས་དུས་ཅུང་ཟད་རེ་གསོལ། སྐོམ་དུས་གཞན་གྱིས་མང་ཇའི་སྐལ་བ་བླངས་པའི་ཇ་འཕྲོ་ཕྲན་བུ་རེ་འཐུང་ཞིང་། ཇ་འཐུང་རྒྱུ་མེད་སྐབས་ཆུ་འཁྱག་ཕོར་བ་གང་རེ་ཙམ་གསོལ་བ་དང་། ནམ་གུང་གཉིད་བསྲུང་ཐབས་སྣ་ཚོགས་སྤྱོད་ནས་ཆེར་གཉིད་རྒྱུ་མེད། བཀའ་བཞི་བྱང་ཆུབ་དཔལ་བཟང་པོའི་མདུན་དུ་དགེ་སློང་ཞུས། ཀརྨ་པ་རོལ་བའི་རྡོ་རྗེ། གོང་མ་རྟོགས་ལྡན་ཚུལ་ཁྲིམས་རྒྱལ་མཚན་ལ་རྫོགས་ཆེན་དང་ཕྱག་ཆེན་གྱི་ཁྲིད་ལུང་དབང་གསུམ་མན་ངག་དང་བཅས་པ་ཞུས། དབུས་གཙང་གི་དམ་པ་དུ་མའི་མདུན་དུ་ཆོས་ཀྱི་སྒྲོ་འདོགས་བཅད་པས་ཐུགས་ཚིམ་པར་མཛད། དེ་མིན་ཨ་ར་དབོན་པོ་ཀུན་དགའ་དང་། ཉ་དབོན་ཀུན་དགའ། དབུས་པ་བློ་གསལ། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། རྩ་བའི་བླ་མ་བསོད་ནམས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་སོགས་ཀྱི་མདུན་ནས་ནང་དོན་རིག་པ་དང་ཚད་མ་རིག་པ་བཅས་ལ་སློབ་གཉེར་དང་ཞིབ་འཇུག་མཛད་པས་མཁས་པའི་གོ་ས་ཆེན་པོ་ཐོབ། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་དབུ་ཞྭ་སེར་པོ་ཞིག་ཁོང་གི་དབུ་ལ་བསྐོན་ནས་པཎྜི་ཏ་ཆེན་པོ་ཞེས་མཚན་གསོལ་ཏོ། །

ཁོང་གིས་སེང་གེ་དགོན་དུ་ཕེབས་ནས་ཆོས་གསུང་སྐབས། ཕར་ཕྱིན་དང་། རྣམ་འགྲེལ། མངོན་པ་མཛོད། རྒྱུད་བླ་མ་བཅས་གསུངས་ནས་ཆོས་ཐོག་རེ་རེ་ལ་ཆོས་ཐུན་བཞི་མ་ཆགས་པར་བཤད། ཁོང་གི་སློབ་མའི་གཙོ་བོ་ནི། ཀྱེ་པ་སྟོན་པ་དང་། དབོན་པོ་ཀུན་དགའ་རྡོ་རྗེ། མྱི་རི་དབོན་པོ་ཆོས་རྒྱལ། སྨ་འཕྲོ་དབོན་པོ་ཆོས་དབང་། བླ་མ་ཉིད་ཀྱི་དབོན་པོ་གྲགས་བཟང་། མི་རྟི་གྲགས་པ་རིན་ཆེན་སོགས་མཁས་པ་གྲགས་ཅན་མང་པོ་བྱུང་ཡོད། ཁོང་གིས་མི་སེར་རྣམས་ལ་སྐྱ་ཀེ་སོགས་སུ་བསོད་སྙོམ་དུ་བྱོན་སྐབས་མི་ཉག་སྐད་ཀྱིས་ལས་རྒྱུ་འབྲས་སོགས་ཀྱི་ཆོས་མང་པོ་གསུངས་ནས་བླང་དོར་གྱི་མིག་ལེགས་པོར་ཕྱེས། མཐར་དགུང་ལོ༦༡པ་རབ་བྱུང་བདུན་པའི་ལོ་དྲུག་པ་ཆུ་ཕོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ༡༣༩༢ལོར་ཡོ་བྱད་ཕྲན་བུ་རེ་ཡོད་པ་རྣམས་མཆོད་སྦྱིན་བྱས་ཏེ་སྟོན་ཟླ་འབྲིང་པོའི་ཚེས་གཅིག་གི་ཉིན་དུ་བདེ་སྟོང་ཟུང་འཇུག་གི་དོན་ལ་མཉམ་པར་བཞག་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཡིན་ནོ། །ཀློག་པ་པོ་ལགས། ཁྱེད་རང་གིས་ཁོང་གི་རྣམ་ཐར་རྒྱས་པ་ཞིག་ཤེས་འདོད་ན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་མི་ཉག་མཁས་དབང་ལྔའི་རྣམ་ཐར་གྱི་ཤོག་གུ་ལྡེབ་མ༢༤༥ནས༡༨༡བར་དུ་གཟིགས་རོགས་དང་མཁྱེན་པར་འགྱུར་རོ།   །

 

༥  མཁན་ཆེན་བྱམས་གསར་བའི་མཛད་རྣམ།

མཁས་པ་བྱམས་གསར་པ་ཡེ་ཤེས་དཔལ་ཚང་ནི། རབ་བྱུང་ལྔ་པའི་ལོ་ང་གཉིས་པ་ས་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ༡༣༡༨ལོར་ཤར་མི་ཉག་རབ་སྒང་གི་སའི་ཆར་གཏོགས་གྲོང་ཚ་མོ་རྒི་དཔའ་བོ་ཞེས་པའི་སར་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་གཉིས་ནི་སྔོན་གྱི་ཡིག་ཆའི་ནང་དུ་བྲིས་མེད་པས་གནས་སྐབས་འབྲི་ཐབས་བྲལ། གྲུབ་མཐའ་འམ་ཆོས་བརྒྱུད་ནི་བཀའ་རྒྱུད་པ་ཡིན། གཞོན་ནུའི་དུས་སུ་རྗེ་དབོན་རྡོ་རྗེ་རྒྱལ་མཚན་གྱི་མདུན་དུ། ཁྱིམ་པའི་རྟགས་བླངས། ངུར་སྨིག་གི་གོས་གྱོན། སྨིན་བྱེད་ཀྱི་དབང་དང་གསང་སྔགས་ཀྱི་གདམས་པ་མང་དུ་ཞུས། དེ་རྗེས་མཁས་པ་བློ་གྲོས་དབང་ཕྱུག་གི་མདུན་དུ་རབ་ཏུ་བྱུང་ནས་བྱམས་ཆོས་སྡེ་ལྔ་ལ་སློབ་གཉེར་མཛད། དགུང་ལོ་ཉི་ཤུ་རྩ་གཉིས་ལ་དབུས་གཙང་དུ་གྲྭ་ས་ལ་བྱོན། གསང་ཕུ་ནེའུ་ཐོག་ཏུ་མཉམ་མེད་ལྷ་ས་བ་ཆེན་པོ་དང་མཁན་ཆེན་བསོད་ནམས་གྲགས་པ། ཆོས་རྗེ་ཀུན་མཁྱེན་ཆེན་པོ། མཁན་ཆེན་བུ་སྟོན་ཁ་ཆེ། འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན། གྲུབ་ཆེན་གྲགས་པ་སེང་གེ། ཇོ་ནང་ལོ་ཙཱ་བ། ཉིན་ཐང་བཀྲ་ཤིས་སེང་གེ། བླ་མ་ཀུན་སྤངས་ཆེན་པོ། ཆོས་རྗེ་ཀརྨ་པ་ཡབ་སྲས། བླ་མ་རིན་པོ་ཆེ། རྣལ་འབྱོར་ལྷ་རི་བཟང་པོ། དུས་འཁོར་བ་ཤཱཀྱ་དཔལ། རྟོགས་ལྡན་རིན་ཆེན་བྱང་ཆུབ་སོགས་ཀྱི་མདུན་ནས། བསྙེན་རྫོགས་ཀྱི་སྡོམ་པ་ཞུས་པར་མ་ཟད། དུས་འཁོར་དང་། གསང་བ་འདུས་པ། བདེ་དགྱེས། མ་ཧཱ་མ་ཡ། ནག་འཇིགས་སྐོར་གསུམ། ཡོ་གའི་སྐོར། རྡོར་ཕྲེང་ལ་སོགས་པའི་སྔགས་ཀྱི་རྒྱུད་སྡེ་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་སྐོར་རྣམས་རང་རང་གི་གཞུང་མན་ངག་དབང་དང་བཅས་པ་ཞུས། གཞན་ཡང་ཟབ་མོ་རྫོགས་པའི་རིམ་པ་ནི། ཟབ་ལམ་རྡོ་རྗེ་རྣལ་འབྱོར། སྦྱོར་བ་ཡན་ལག་དྲུག་པ། ཨོ་རྒྱན་སྙན་རྒྱུད། ནཱ་རོ་ཆོས་དྲུག ནི་གུ་ཆོས་དྲུག ལམ་འབྲས། ཞི་བྱེད། དམར་ཁྲིད། ལྷན་ཅིག་སྐྱེས་སྦྱོར། སེམས་ཉིད་ངལ་གསོ། སྙིང་པོ་དོན་གསུམ། རི་ཆོས་སྐོར་གསུམ་སོགས་ཞུས་ཤིང་།  གཞན་ཡང་བཀའ་བསྟན་གྱི་ལུང་སོགས་ཞུས་པར་མ་ཚད། སྦྱིན་བསྲེག་དང་། རབ་གནས། དབང་དང་བཅས་པ་ཐུགས་སུ་ཆུད་པར་མཛད། དེ་ལྟར་ལོ་བཅོ་བརྒྱད་ཙམ་དུ་དབུས་གཙང་དུ་བཞུགས་ནས་སློབ་གཉེར་གནང་། དགུང་ལོ་བཞི་བཅུའི་ཐོག་རང་གི་ཕ་ཡུལ་མི་ཉག་ཏུ་མར་བྱོན། བོད་རབ་བྱུང་དྲུག་པའི་ས་བྱ་ལོ་སྟེ་སྤྱི་ལོ༡༩༥༧ལོར་སྐྱིད་རབ་དགོན་གསར་དུ་བཏབ། ལྕགས་ཕག་ལོར་མི་ཉག་གི་དགེ་འདུན་མང་ཚོགས་ལ་དུས་འཁོར་དབང་ཆེན་གསུངས། མི་སེར་རྣམས་ལ་གང་ལ་གང་འཚམས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཁོང་གི་སྐུ་དྲུང་དུ་རོང་པ་རྡོ་རྗེ་འབུམ་ཡི་གེ་པ་མཛད་ནས་རྒྱུན་དུ་བཞུགས་ཡོད་པར་བཤད། བླ་མ་རྒྱ་རྡོ་དང་ཆོས་རྗེ་རང་བྱུང་རྡོ་རྗེ། གྲུབ་ཆེན་གྲགས་པ་སེང་གེ། བུ་ཏོལ་ལ་སོགས་ཀྱི་མདུན་ནས་གསང་སྔགས་ཀྱི་ཆོས་མང་པོ་ཞུས། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཆེད་དུ་དགུང་ལོ༦༩པའི་རབ་བྱུང་དྲུག་པའི་ལོ་ཐ་མའི་མེ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ༡༣༨༦ལོའི་སྟོན་ཟླ་འབྲིང་པོའི་ཚེས་བཞི་ལ་ཆོས་གོས་རྣམ་གསུམ་གསོལ་ནས། ཉི་མ་ནུབ་ལ་ཉེ་བ་དང་མཉམ་དུ་བདེ་སྟོང་གཉིས་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།  །ཀློག་པ་པོ་ལགས། ཁྱེད་རང་གིས་ཁོང་གི་རྣམ་ཐར་རྒྱས་པ་ཞིག་ཤེས་འདོད་ན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་མི་ཉག་མཁས་དབང་ལྔའི་རྣམ་ཐར་ཤོག་གུ་ལྡེབ་མ༡༨༥ནས༢༠༠པར་གཟིགས་དང་མཁྱེན་པར་འགྱུར་རོ།  །


  • ལེ་ཚན་སྔོན་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༦༽
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༨༽