རིག་འཛིན་བསྟན་སྲུང་གིས་བརྩམས། 2018-06-06
ཐབ་ཀ་ཞལ་བ་བྱེད་ལུགས་ཀྱི་ལག་ཤེས།
ས་སྔོན་སྣུམ་ལ་ནག་ཞད་ཅན་དེ་འཚག་རྡུང་ལེགས་པར་བྱས་པའི་ནང་མར་མེ་སྡོང་པོར་ཆགས་པའི་མེ་ཏོག ཡང་ན་གྲོ་ག་བསྲེགས་པའི་དུད་དྲེགས་སྣག་ཚ་གང་འབྱོར་སྟེང་ཤ་ངན་གྱི་མཆིན་པ་ཚིལ་དང་བྲལ་བ་དེ་བསྲེས་ནས་བསྣར་བརྗིས་ལེགས་པར་སོང་བ་དེས་ཞལ་བ་བྱས་ན་ཁ་དོག་གནག་སྣུམ་འོད་དང་ལྡན་པ་འབྱུང་ལ། དེ་ལ་དཀར་ཡོལ་གྱིས་རི་མོ་སྣ་ཚོགས་བཀོད་པ་མང་ངོ་། །ཞལ་བ་བྱེད་པའི་ལག་ཆས་ལ། ས་རྐོ་བྱེད་ཀྱི་འཇོར། ཁུར་བྱེད་ཀྱི་སླེ་པོ། རྡུང་བྱེད་ཀྱི་ཤིང་ཐོ། འཚག་བྱེད་ཀྱི་ལྕགས་དང་ཡང་ན་སྨྱུག་མས་བསླས་པའི་ཚགས། བརྫི་སྣོད་སྐབས་བསྟུན། འདམ་བླུག་སྣོད་ལྕགས་ཟེའུ། འདག་མི་སྐམ་པའི་འདག་ཁེབས་ཆུ་ཤོག་ལེན་བྱེད་འདག་ལེན་ཏེ་ཤིང་ལེབ་གྲུ་བཞི་ཡུ་བ་ཅན། བྱུག་བྱེད་འདག་ཞལ་དང་། དབུར་བྱེད་ལྕགས་ཞལ་གཉིས་ཀྱི་ངོས་རྡོག་མཐིལ་ལྟ་བུ་ལ་རྒྱབ་ཏུ་སྤར་ཡུ་འཛིན་བདེ་ཅན། ཞལ་བ་ཁམས་སྙོམ་མིན་ལྟ་བྱེད་ཚད་ཤིང་འདོམ་གང་བ་བཅས་སོ། །ཞལ་བ་བྱེད་པར། ཞལ་བ་བྱ་སའི་གཞི་དེ་རྩུབ་ཅན་ཞིག་དང་རླན་ཅུང་ཟད་ཡོད་ན་འབྱར་སླ་ཞིང་བརྟན་པོ་འོང་བས་གཞི་དེ་ལྟར་གྱི་སྟེང་དུ། ཐོག་མར་ཤིང་གི་འདག་ཞལ་གྱིས་ཤེད་ཕྱུང་ནས་བྱུགས་ཏེ་འབྱར་ངེས་བྱ། དེའི་སྟེང་ལྕགས་ཞལ་གྱིས་གཞོང་འབུར་བསྙམས། ཚད་ཤིང་གིས་ཁོད་སྙོམ་མིན་བལྟས་ཤིང་བཅོས་མཐར་ལེགས་པར་བརྡར་ནས་གྲུབ་བོ།།
ལྕགས་ཟམ་བཙུགས་རྒྱུའི་གྱི་ལག་ཤེས།
དར་མདོ་གྲོང་ཁྱེར་ནུབ་རྒྱུད་ཀྱི་སྤྱི་ལེ༡༠༠ལྷག་ཙམ་གྱི་སར་ལྕགས་ཀྱི་དཔྱང་ཟམ་ཞིག་བཙུགས་ཡོད་ཅིང་། དེ་ནི་མི་ཉག་གླིང་ཆུ་ཁྲ་མོ་ཞེས་པའི་ཆུ་བོའི་ཐོག་ལ་བཙུགས་ཡོད་ཅིང་། མི་རྣམས་ཀྱིས་དཔྱང་ཟམ་དེར་མི་ཉག་ལྕགས་ཟམ་ཞེས་ས་གནས་དེའི་ཕྱོགས་སུ་ཆགས་པའི་གྲོང་སྡེའི་མི་རྣམས་ལ་ལྕགས་ཟམ་ཁ་པ་ཞེས་འབོད་སྲོལ་ཡོད།
ས་གནས་དེ་གའི་རྒན་རབས་པ་ཚོས་བཤད་ཚུལ་ལ་གཞིགས་ན། ལྕགས་ཟམ་དེ་ནི་དུས་རབས་བཅོ་ལྔ་པ་ཡས་མས་སུ་གྲུབ་ཐོབ་ཀྱི་སྙན་གྲགས་ཀུན་ཏུ་ཁྱབ་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ས་གནས་དེ་ཕྱོགས་ཀྱི་ཆུ་ངོགས་གཉིས་ཀྱི་མི་རྣམས་ཕན་ཚུན་འགྲོ་འོང་བྱེད་སར་དཀའ་བའི་རྣམ་པ་སེལ་ཕྱིར་ལྕགས་ཐག་དཔྱང་བའི་ཟམ་པ་འདི་བཙུགས་པར་གྲགས། དེ་ལྟར་དུ་བརྩིས་ན་ལྕགས་ཟམ་དེ་བཙུགས་ནས་ཧ་ལམ་ལོ་ལྔ་བརྒྱ་ཙམ་གྱི་དུས་ཡུན་འདས་ཟིན། བདག་རང་གིས་ལྕགས་ཟམ་དེར་ལྟ་སྐོར་ཞིབ་མོ་བྱས་པར་བརྒྱུད་ལྟ་ཚུལ་འདི་འདྲ་ཞིག་ཆགས། དེའི་དུས་སུ་ད་དུང་སྔོན་ཐོན་གྱི་ཚ་ལ་རྒྱག་སྟངས་ཀྱི་ལག་རྩལ་དར་སྤེལ་བྱུང་མེད་ཀྱང་ལྕགས་ཟམ་དེའི་ལྕགས་ལུང་སོ་སོར་བརྒྱབ་པའི་ཚ་ལ་ནི་དེང་སང་ཡང་སྐྱོན་སྤུ་ཙམ་ཤོར་མི་འདུག ད་དུང་ཡ་མཚན་ཆེ་བ་ཞིག་ནི་ལྕགས་ཟམ་བཙུགས་ནས་ལོ་ཟླ་ཧ་ཅང་མང་པོ་འདས་རུང་དེའི་ལྕགས་ཡོངས་རྫོགས་ལ་བཙའ་ཐིག་གི་སྐྱོན་ཞིག་རིག་རྒྱུ་མི་འདུག སྣུམ་དབྱུག་པ་འདྲ་པའི་རྣམ་པ་མངོན་བཞིན་མཆིས། ལྕགས་ཟམ་དེའི་མཐོ་ཚད་ཧ་ལམ་སྨི༩ཙམ་ ཞིག་ཡོད་པ་རེད། ས་གནས་དེ་གའི་ངག་རྒྱུན་དུ་བརྗོད་པར་གཞིགས་ན། མི་ཉག་གླིང་ཆུ་ཁྲ་མོ་ཆེན་པོར་གྱུར་ནས་ལྕགས་ཟམ་དེ་ཁེབས་སོང་ན་ཆུ་བརྒྱུད་དེའི་ལུང་ཁུག་ཏུ་ཆགས་པའི་གྲོང་སྡེ་རྣམས་ལ་ཆུའི་གནོད་སྐྱོན་ཐེབས་ཉེན་ཡོད་ཅེས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཞལ་ཆེམས་བཞག་མྱོང་བ་རེད། ༡༩༩༥ལོའི་དབྱར་གཞུང་དུ་མི་ཉག་གླིང་ཆུ་ཁྲ་མོའི་སྟོད་རྒྱུད་དུ་ཆར་ཆུ་འབེལ་བའི་རྐྱེན་གྱིས་ལྕགས་ཟམ་ཁེབས་ཉེན་ཡོད་པའི་གནས་སུ་སླེབས། དུས་དེར་མིའི་ཚེ་སྲོག་ཤོར་མེད་ཀྱང་ཆུ་རྒྱུད་ཉེ་འགྲམ་དུ་ཡོད་པའི་ས་ཞིང་དང་སྡོད་ཁང་རྣམས་ཆུའི་གནོད་འཚེ་ཐེབས་མྱོང་བ་རེད། དེར་བརྟེན་ཐང་སྟོང་རྒྱལ་པོའི་ཞལ་ཆེམས་དེར་རིགས་པས་དཔྱད་པའི་ཁུངས་ལུང་ཡོད་པ་རེད་ཅེས་ས་གནས་དེ་གའི་མི་རྣམས་ཀྱི་བཤད་བཞིན་འདུག ལྕགས་ཟམ་དེའི་ཟམ་སྟེགས་ནི་རྡོ་ཕུང་ཤ་སྟག་གི་བརྩིགས་པ་ཞིག་རེད། ཧ་ལམ་ལོ་ལྔ་བརྒྱ་ཙམ་བརྒྱུད་ཀྱང་ད་དུང་གནོད་སྐྱོན་ཞིག་ཐེབས་མེད་པར་དཔག་ན་ཟམ་སྟེགས་ཀྱི་ཟབ་ཚད་དང་ལས་སྟངས་ཀྱི་སྤུས་ཀ་ཡག་པོ་ཡིན་པ་ཤུགས་བསྟན་དུ་མངོན། དེའི་རིང་ཚད་སྨི༢༦ཙམ་ཡོད་པ་དང་ལྕགས་ཐག་བཞི་དཔྱང་བའི་ཐོག་ཤིང་ལེབ་བཏིང་ནས་མི་འགྲོ་ས་བྱེད་པ་ཞིག་ཡིན། ལྕགས་ཟམ་དེའི་ཉེ་འགྲམ་དུ་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བཙུགས་དུས་ལྕགས་མགར་བྱེད་སའི་མགར་ཁང་རེད་ཅེས་པའི་ཁང་མིག་གི་རྗེས་ཤུལ་རྣམས་ད་ལྟའང་ཡོད། དེའི་རྩར་ཐོ་སྟེགས་སམ་མགར་གདན་དང་། ཐོ་བ། སྐམ་པ་སོགས་མགར་བྱེད་སའི་ཡོ་བྱད་ཁག་ཅིག་མཇལ་རྒྱུ་འདུག ལོ་རྟག་པར་དབྱར་གཞུང་དུ་ཆུ་ངོགས་གཉིས་ཀྱི་མི་རྣམས་ལྕགས་ཟམ་ཁར་འདུས་འཛོམས་བྱས་ནས་རྩེད་མོ་སྣ་ཚོགས་བརྩེས་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བཙུགས་པར་དྲན་གསོ་བྱེད་ཀྱིན་ཡོད་པ་ཡིན་ནོ། །
ལེའུ་བརྒྱད་པ། འགྲིམ་འགྲུལ་དང་ཁྲིམས་ལུགས་ཀྱི་སྐོར།
འགྲིམ་འགྲུལ་དང་སྐྱེལ་འདྲེན།
དེ་ཡང་གནའ་སྔ་མོ་མི་ཉག་གི་འགྲིམ་འགྲུལ་ནི་ས་ཆ་གང་ལ་འགྲོ་དགོས་ན་རྟ་དང་ཟོག་མི་བཅས་འགྲོ་སའི་ས་ཆ་རྣམས་ལ་ཕལ་ཆེར་ཐོགས་པ་མེད་པ་གང་མོས་འགྲོ་ཆོག་ཀྱང་། དགེ་བྱིས་བྱས་སམ་སྐྱིད་ཡུལ་དང་དཔའ་སྲེག་རོང་འདྲ་ཁོག་སོགས་ལ་འགྲོ་དགོས་ན་ཅུང་ཟད་འགྲོ་ས་དཀའ་མོ་ཡིན། ད་སྐབས་ཀྱི་འགྲིལ་འགྲུལ་ལ་མཚོན་ནས་བཤད་ན་མི་ཉག་གི་ས་ཆ་གང་དུ་འགྲོ་དགོས་ན་སྐྱོན་མེད་ཙམ་དུ་གྱུར་ཡོད། སྐྱེལ་འདྲེན་ནི་གནའ་སྔ་མོ་གཙོ་བོ་རྟ་དྲེལ་དང་གཡག་དང་མཛོ། དྲེལ་བོང་བུ་བཅས་ཀྱི་འགྲོས་ལ་བརྟེན་ཏེ་རོང་འབྲོག་ཕན་ཚུན་བར་ལ་ཚོང་འགྲུལ་བྱས་ནས་འབྲུ་རིགས་ཉོ་སྒྲུབ་བྱེད་ས་དང་། དབྱར་དགུན་སྟོན་དཔྱིད་ཀྱི་འབྲོག་པའི་རུ་སྤོ་བྱེད་དང་རོང་པས་ཁང་པའི་གདུང་མ་དང་ཀ་བ་འཇམ་སོགས་འགེལ་སའི་བྱ་བ་རྣམས་གཙོ་བོ་བྱེད་ཀྱིན་ཡོད་ཅིང་། སྤྱིར་གཡག་གཅིག་ལ་རྒྱབ་འགེལ་རྒྱུའི་ལྕི་ཡང་གི་ཚད་གཞི་ནི་སྤྱིར་བཏང་རྒྱ་མ་བརྒྱ་དང་ཉི་ཤུ་ཡིན། རྒྱབ་འགེལ་ནས་ས་ཆ་ཐག་རིང་ལ་འགྲོ་དགོས་ན་ཉིན་རེ་ལ་འགྲོ་ཚད་ནི་ཉིན་ཕྱེད་མ་གཏོགས་འགྲོ་སྲོལ་མེད། ད་སྐབས་ནི་སྐྱེལ་འདྲེན་ལ་ཤིན་ཏུ་མཁོ་བའི་དངོས་པོ་འཕྲུལ་འཁོར་གྱི་རིགས་ལ་རླངས་འཁོར་ཆེ་ཆུང་སྣ་ཚོགས་དང་། འདྲུད་འཐེན་འཁོར་ལོ། འཕྲུལ་རྟ། ལྕགས་རྟ་སོགས་ཡོད་པ་ཡིན་པས་དཀའ་ངལ་རྣམས་སེལ་བཞིན་པ་ཡིན་ནོ། །
སྤྱི་ཁྲིམས་ཀྱི་གནས་ཚུལ།
དེ་ཡང་མི་ཉག་གི་ཁྲིམས་ལུགས་ནི་མི་བསད་ན་མི་སྟོང་འཇལ་དགོས། རྟ་བསད་ན་རྟ་སྟོང་འཇལ་དགོས། མཛོ་དང་མཛོ་མོ་བསད་ན་མཛོ་སྟོང་འཇལ་དགོས། བྱི་ཕྲུག་ཕུད་ན་བྱི་སྟོང་འཇལ་དགོས། རྐུ་བྱས་ན་མི་སྟོང་འཇལ་དགོས། ཇག་པ་རྒྱབ་ན་ཇག་སྟོང་འཇལ་དགོས། རྐུན་ཇག་གི་དོན་ལ། ཕྱི་ཁ་ནང་ཁྲིད་བྱེད་མི་ཆོག ནང་རྐུན་ཕྱི་འདྲེན་བྱེད་མི་ཆོག མདོར་ན་སྡེ་པ་སོ་སོའི་ནང་རྐུ་འཕྲོག་སོགས་བྱེད་མི་ཆོག་རྒྱུའི་ནང་ཁྲིམས་དམ་པོ་བཞག་ཡོད། ཁ་མཆུ་སོགས་གྱོད་དོན་ཅི་འདྲ་ཞིག་ཡོད་ཀྱང་བླ་མ་དང་དཔོན་པོ་དེ་མིན་གྱི་མི་རྒན་གོ་ཤེས་བསམ་ཡོད་འགའ་ཞིག་བོས་ཏེ་གྲོས་མོལ་བྱས་རྗེས་ད་གཟོད་གཟུ་རྒྱག་དགོས། གཟུ་དེ་བརྒྱབ་ནས་གྱོད་ཡ་ཕྱོགས་གཉིས་ཀས་འཐད་པ་བྱུང་ན་ད་གཟོད་གྱོད་དོན་དེ་འགྲིག་པ་རེད་ཅེས་ཐག་གིས་གཅོད་ཆོག སྤྱིར་ཡུལ་འདིའི་ཁྲིམས་ཀྱི་སྙིང་པོ་ནི་ལས་རྒྱུ་འབྲས་སྲུང་རྒྱུ་གཙོ་བོ་ཡིན་ལ། མི་བསད་ཀྱི་གྱོད་དོན་ལྟ་བུ་ཡིན་ན་གྱོད་དེ་མ་འགྲིག་ན་ཡུལ་བརྗེ་དགོས་པ། དཔེར་ན་མི་ཉག་གསེར་ཁ་ཤང་གི་སོག་རག་མ་འབྲོག་སྡེ་ཁ་ཤས་ཀྱི་མི་འགའ་ཤས་རྔ་བ་རང་སྐྱོང་ཁུལ་རྐ་ཁོག་རྫོང་དུ་ཡུལ་བརྗེས་ནས་སོང་བ་ལྟ་བུ་འགྲོ་དགོས་པ་ཡིན་ནོ། །
ཞར་བྱུང་འབྲོག་པའི་ཇག་ཁྲིམས་ནི། འབྲོག་མི་སུ་ཞིག་ཡིན་རུང་སྔོན་འཁོན་གཞི་བྱུང་མེད་ན་མི་སྡེ་གང་རུང་དང་། རང་སྡེ་ནང་ཁུལ་བཅས་ལ་ཇག་པ་རྒྱག་མི་ཆོག་ཅིང་། གལ་ཏེ་ཁྲིམས་འགལ་ཞིག་བྱེད་མཁན་བྱུང་ཚེ་གླང་ཟླ་བའི་བཞི་རྒྱལ་ལམ་སྟག་ཟླའི་འདུ་བའི་སྐབས་སུ་གང་འཕྲོག་བཅོམ་བྱས་པའི་དངོས་པོ་རྣམས་རྩིས་ལེན་དང་འཇལ་བཤགས་ཀྱིས་རྩོད་འདུམ་བྱེད་ཀྱི་ཡོད་པ་རེད། འབྲོག་མིས་འཇམ་རྐུན་བྱེད་སྲོལ་མི་འདུག་པར་སུ་ཞིག་གིས་བྱས་པ་ཡིན་ན་དེ་ནི་སྐྱེས་པ་ཕོའི་གྲལ་ནས་ཐོན་པའི་ཁྲེལ་དང་ངོ་ཚ་ཧ་ཅང་ཆེ་བར་བྱེད་པ་དང་། གལ་ཏེ་མི་སུ་ཞིག་ཡུལ་དེའི་དགྲ་ཡིན་པའི་ཡུལ་དུ་ཕྱིན་ཏེ་རྟ་ནོར་སོགས་འཕྲོག་བཅོམ་བྱེད་ཐུབ་པ་ཡིན་ན། མི་དེ་ནི་ཡུལ་མི་ཚང་མས་རྩིས་ཐང་ཆེ་ཞིང་དཔའ་བོའི་གྲས་སུ་འཇོག་སྲོལ་ཡོད་པ་རེད། མི་ཉག་བའི་ནང་དུ་ཁྱེད་རང་མནའ་མ་དང་བུ་ཐང་ངམ་མག་པ་བཅས་འོང་བསམ་མཁན་ཡོད་ཚེ་ཐོག་མར་མི་ཉག་གི་ཁྲིམས་ལུགས་ཀྱི་ནང་དོན་རྣམས་ཡག་པོ་ཤེས་དགོས་སོ། །
རྔོན་ཁྲིམས་ཀྱི་གནས་ཚུལ།
དེ་ཡང་མི་ཉག་གི་རོང་འབྲོག་གི་སྡེ་པ་གང་ཞིག་ཡིན་རུང་། ཡུལ་སོ་སོའི་བླ་རི་དང་གཞི་བདག་གམ། ཡང་ན་དགོན་པ་ཁག་གི་བཀག་རི་རྣམས་ཀྱི་རི་དྭགས་ཆེ་ཕྲ་མཐའ་དག་གསོད་མི་ཆོག་ཅིང་། གལ་ཏེ་གསོད་མཁན་ཞིག་བྱུང་ན། དེ་མ་ཐག་ཏུ་ཡུལ་དེའི་མི་སྡེ་ཚོས་རྗེས་འདེད་བྱེད་ཅིང་། སེམས་ཅན་གང་བསད་པ་དེའི་རོ་དང་། གསོད་མཁན་གྱི་རྟ་སོགས་འཕྲོག་སྟེ་ཡུལ་དེའི་གླང་ཟླའི་བཞི་རྒྱལ་གྱི་རྟེན་ཐེབས་སུ་འཇོག་གི་ཡོད་པ་རེད། གལ་ཏེ་གསོད་མཁན་དེ་མི་སྡེ་དཔུང་ཚོགས་ཤིག་ཡིན་ན་དེར་ཡོད་དགོན་པ་གང་རུང་གིས་བར་འདུམ་བྱེད་ཅིང་། རྔོན་པ་ཚོས་གང་བསད་པའི་རོ་དང་། རྟ་མཛོ་འམ་ཁ་བཏགས་སོགས་ཀྱིས་བཤགས་པ་འབུལ་དགོས་པ་དང་། གལ་ཏེ་རྔོན་པ་ཚོས་ཁས་མ་བླངས་ན་ཡུལ་དེ་དང་མི་ཚོགས་དེའི་བར་ལ་རྩོད་གཞི་ཆེན་པོར་འགྱུར་གྱི་ཡོད། འོན་ཀྱང་རོང་འབྲོག་གི་མི་ཚོས་གཞི་བདག་དང་བཀག་རི་རྣམས་ལས་རི་དྭགས་བསད་ན་རང་རང་གི་ཁ་རྗེ་དབང་ཐང་མར་རྒུད་པ་དང་། ཚེ་ཐུང་བ་དང་། ལས་གང་བྱས་ལམ་དུ་མི་འགྲོ་བ། སྒོ་ནོར་ལ་ཤི་གོད་འབྱུང་བའི་ཡིད་ཆེས་གཏིང་ཟབ་མོ་ཡོད་པར་བརྟེན་ཁྲིམས་འགལ་བྱེད་མཁན་ཤིན་ཏུ་ཉུང་ཞིང་། གལ་ཏེ་བྱས་ནའང་ཕྲལ་དུ་བཤགས་པ་དང་ཆད་པ་གཅོད་དགོས་པ་ཡིན། འབྲོག་པའི་རི་རྒྱ་ནི། རང་ཡུལ་གྱི་བླ་རི་དང་གཞི་བདག་རྣམས་ཀྱི་ནང་ནས་སུས་ཀྱང་རི་དྭགས་བསད་མི་ཆོག་པ་མ་ཟད། ཤིང་ནགས་གཅོད་པ། ས་རྐོ་བ། རྡོ་སློག་པ། གང་བྱུང་ཆུ་ཡུར་དྲངས་པ་སོགས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བྱ་མི་ཆོག་ཅིང་། དེ་དག་ནི་ང་ཚོས་བཤད་སྲོལ་དུ་ཡུལ་ལྷ་རིགས་མི་འདྲ་བ་རྣམས་གནས་ཡུལ་ཡིན་སྟབས། གང་བྱུང་གིས་གཏོར་བཤིག་བྱས་ན་དེའི་མི་ཕྱུགས་ལ་ནད་ཡམས་དྲག་པོ་འབྱུང་ཞིང་། དེའི་རྐྱེན་གྱིས་ཡུལ་ཁམས་ལ་ནད་ཡམས་ངན་པ་འབྱུང་རྒྱུ་རེད། ཅེས་ཟེར་ཞིང་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད། མི་ཉག་གི་རི་བཤེར་ནི། རོང་འབྲོག་གི་ཡུལ་ཁྲིམས་ཀྱི་རྐང་འཛིན་ས་དང་། ཡུལ་གྱི་བདེ་འཇགས་སུ་སྲུང་སྐྱོབ་ཀྱི་ལས་འགན་གལ་ཆེ་ཤོས་ནི་རི་བཤེར་བྱེད་དགོས་པ་དེ་ཉིད་ཡིན་འདུག་ཅིང་། དེ་ཡང་གནའ་སྔ་མོ་རོང་པ་དང་འབྲོག་སྡེ་ཁག་སོ་སོ་ནས་དབྱར་སྟོན་དུས་སུ་ངེས་མེད་ལ་རི་བཤེར་དུ་ཡང་ཡང་འགྲོ་སྲོལ་འདུག་ཅིང་། རི་བཤེར་འགྲོ་མཁན་ནི་ཡུལ་སོ་སོའི་ཕོ་གཞོན་རྟ་བཟང་གྲས་རྣམས་ཡིན། འབྲོག་པའི་ཕོ་གཞོན་རྣམས་རྟག་པར་རི་བཤེར་དུ་འགྲོ་བ་ལ་ཧ་ཅང་དགའ་པོ་ཡོད་པ་ཡིན། གང་ལགས་ཞེ་ན། དེ་དག་ནི་རྟག་པར་ཡུལ་གྱི་འཐབ་རྩོད་བྱེད་པ་ལ་ཧ་ཅང་དགའ་པོ་ཡིན་པས། སྐབས་དེར་ཕྱི་ཡུལ་ནས་འབྱོར་བའི་རྔོན་པ་དང་། རི་རྒྱ་བཤིག་མཁན། འཐབ་རྩོད་བྱེད་མཁན་སོགས་དང་འཕྲད་སྲིད་ཀྱི་ཡོད་པ་རེད། རི་བཤེར་གྱི་ལས་དོན་གཙོ་བོ་ནི་རྔོན་པ་དང་། རི་རྒྱ་བཤིག་མཁན། ཇག་རྐུན་དང་། ཡུལ་ལུང་ལ་གཏོར་བཤིག་གཏོང་བསམ་མཁན་དེ་དག་གི་སོ་ཉུལ་སོགས་ཡོད་མེད་རྟོགས་ཞིབ་བྱེད་དགོས་པ་དག་ཡིན་འདུག་པ་དང་། རི་བཤེར་དུ་འགྲོ་དུས་ཀྱང་སྔོན་མ་སྔོན་མའི་སྐབས་སུ་ཕྱི་མ་ཕྱི་མའི་དུས་ཚོད་ཁ་ཆད་བྱེད་པ་ཙམ་ལས་དུས་ཚོད་ངེས་ཅན་ཞིགམེད་དོ། །
གྱོད་དང་ཁ་མཆུའི་གནས་ཚུལ།
འབྲོག་མི་ཚོས་ཁ་མཆུ་ལ་གྱོད་ཅེས་དང་། ཁ་མཆུ་རྩོད་མཁན་ལ་གྱོད་པ་ཞེས་དང་། ཁ་མཆུའི་འདུམ་ཐབས་བྱེད་མཁན་རྣམས་ལ་གཟུ་པ་ཞེས་དང་། འདུམ་གྱི་ཆོད་དོན་ལ་གཟུ་ཞེས་བཤད་སྲོལ་འདུག གྱོད་ཀྱི་ལས་ཁུངས་ནི་ཡུལ་གྱི་རྒན་པོ་ཕན་ཚུན་གཉིས་དང་། བར་བ་ཞེས་བྱ་བ་གྱོད་པ་ཕན་ཚུན་ལ་འདྲི་བསྡུར་བྱེད་མཁན་གྱི་མི་རང་བཞིན་དྲང་ཞིང་རིག་པ་བཀྲ་བ་གཉིས་བཅས་དགོས་ཀྱི་ཡོད་པ་རེད། གཟུ་པ་གཉིས་ཀ་ནི་ཕྱོགས་རིས་མེད་པ། མ་ཟད་གཟུ་པ་རང་ཕྱོགས་ཀྱི་གྱོད་ཡ་ལ་ཅུང་ཟད་ཕམ་ཁ་སྤྲད་མཁན་རེ་དགོས་འདུག་ཅིང་། གལ་ཏེ་གཟུ་པ་གང་རུང་གིས་ཕྱོགས་ཞེན་བྱས་ཏེ་གཞན་ཕྱོགས་ལ་ཕམ་ཁ་སྤྲད་འདུག་ན། གྱོད་ཡ་དེས་གཟུ་པའི་གཟུ་པ་མི་ཉན་ཞིང་གཟུ་པ་ལ་ཡང་གྱོད་བྱེད་ཆོག་པ་དང་། དེ་འདྲ་བྱུང་ན་གཟུ་པ་གསུམ་པ་ཞིག་བཙལ་ཏེ་བདེན་རྫུན་ཤན་འབྱེད་ཐོག་གཟུ་པ་སྔོན་རྗེས་ཐུན་མོང་ནས་གཟུ་གཏོང་དགོས་ཀྱི་ཡོད་པ་རེད། སྤྱིར་འབྲོག་མིའི་ཁ་མཆུ་འདུམ་མཁན་ནི་སྐྱེ་བོ་ཉམ་ཆུང་ཡིན་ཡང་བློ་ཁོག་དྲང་ན་གཟུ་ཆེན་པོ་དག་ཀྱང་ཐག་གཅོད་བྱེད་ཐུབ་སྟེ། མི་སྡེའི་ཁ་དཔེ་ལའང་། གཟུ་ར་རྩག་གམ་ར་སློག་ཅན་གྱིས་རྒྱབ་ན། །སྟག་སློག་ཅན་གྱི་ཡར་བཟློག་མེད། །ཅེས་བརྗོད་པ་ལྟར་བརྩི་འཇོག་བྱེད་དགོས་པ་དང་། གལ་ཏེ་གཟུ་པ་ཕན་ཚུན་ནས་དྲང་བདེན་གྱི་གཟུ་བརྒྱབས་ཟིན་པའི་རྗེས་སུ་གྱོད་ཡ་གང་རུང་ནས་གཟུ་དེ་དང་ལེན་མ་བྱས་ན་གྱོད་གཟུ་ལས་བུད་ཅེས་བརྗོད། གྱོད་གཞི་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ད་བུད་ང་དེ་ལ་སོགས་གོང་གསལ་གྱི་རིག་གནས་འདི་དག་ནི་མི་ཆོས་ཡ་རབས་ཀྱི་སྤྱོད་པ་དང་འབྲེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་དང་། སྲོག་ཆགས་སྲུང་སྐྱོབ་སོགས་དེང་རབས་ཅན་གྱི་དཔལ་ཡོན་དང་འདྲ་བའི་སྔོན་ཐོན་ཅན་གྱི་ཚན་རིག་དང་འབྲེལ་བའི་རིག་གནས་ཤ་སྟག་ཏུ་སྣང་ངོ་། །གཞན་ཡང་སྤྱི་ལོ་༢༠༡༡ལོ་ནས༢༠༡༣བར་དུ་དགོན་པ་ང་བཅུ་ལྷག་གི་བླ་སྤྲུལ་མཁན་གསུམ་དང་གྲྭ་པ་ཇོ་མོ་བཅས་རྩ་འཛུགས་བྱས་ནས་མི་ཤ་སོགས་ཀྱི་གྱོད་དོན་བདུན་ཅུ་ལྷག་བཤད་ནས་འབྲས་བུ་བཟང་པོ་ཐོབ་ནས། རྒྱལ་ཁབ་དང་མི་སེར་ཚོས་བསྟོད་བསྔགས་ཆེན་པོ་བྱས་པ་ཡིན། གཞན་ཡང་མི་ཉག་གི་མི་ལ་གཞན་སྡེ་དང་མི་སྒེར་སོགས་ཀྱིས་རྒྱུ་མཚན་གང་ཡང་མེད་པར་གནོད་པ་བྱས་ན་མི་ཉག་གི་མི་དམངས་བརྒྱ་ཆ་དགུ་བཅུ་དང་བརྒྱད་ཅུའི་བར་གྱིས་ངོ་རྒོལ་བྱེད་སྲོལ་ཡོད། མི་ཉག་གི་མི་ཞིག་གིས་རྒྱུ་མཚན་གང་ཡང་མེད་པར་གཞན་པ་མི་ཉག་བ་མ་ཡིན་པའི་མི་སྒེར་སྤྱི་བྱེ་བྲག་སུ་ཞིག་ལ་གནོད་པ་བྱས་པ་ཡིན་ན། མི་ཉག་གི་མི་དམངས་བརྒྱ་ཆ་དགུ་བཅུ་དང་བརྒྱད་ཅུའི་བར་གྱིས་རང་མི་ཉག་གི་མི་དེ་ལའང་ངོ་རྒོལ་བྱེད་ངེས་ཡིན་ནོ། །
ལེའུ་དགུ་པ། གནས་རི་གྲགས་ཅན་སྐོར།
ཤར་སྟོད་བཞག་བྲའི་ངོ་སྤྲོད།
དཀར་མཛེས་ཁུལ་དར་མདོ་རྫོང་ལྷ་སྒང་ཤང་གི་གོ་རོ་མའི་ས་ཆའི་ཤར་སྟོད་བཞག་བྲ་དཀར་པོ་ནི་མཚོ་འཕགས་སྨི༥༨༢༠ཙམ་ཡོད་པར་བཤད། རི་དེ་ནི་ཁམས་ཕྱོགས་ཀྱི་གནས་རི་དང་གཞི་བདག་རྩ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། དེ་ཡང་སྤྱིར་བཞག་བྲ་ཟེར་དོན་ནི་ཨ་མྱེ་རྨ་ཆེན་དང་ཁོང་གི་སྲས་གཉིས་ཡུལ་འདིར་ཕེབས་སྐབས་མི་ཉག་ཕྱོགས་ཀྱི་གཞི་བདག་རྣམས་འཛོམས་ནས། ཁྱེད་ཀྱི་སྲས་འདི་ཡུལ་འདིའི་གནས་བདག་དུ་བཞག་བྲ་དང་མི་བྲ་ཞེས་ཞུ་བ་ཕུལ་སྐབས་རྨ་རྒྱལ་སྤོམ་རས་བཞག་བྲ་ཞེས་པས་བཞག་བྲ་ཞེས་མིང་ཐོགས་སོ། །
གནས་རི་འདིའི་བདག་པོ་ནི་མི་དཀར་རྟ་དཀར་གཞོན་ནུའི་ཆ་བྱད་ཅན་ཞིག་ཡིན་ཟེར་སྲོལ་ཡོད། གནས་རི་འདི་ཉིད་ལ་ཤམ་བྷ་ལ་གཉིས་པ་ཞེས་པའི་གོ་དོན་ནི་སྔོན་ཀཿདམ་པ་བདེ་གཤེགས་ཀྱིས་མཛད་པའི༼གནས་ཡིག་ཐར་ལམ་བགྲོད་བྱེད༽ཅེས་པའི་ནང་དུ་སྤྱིར་ཤམ་བྷ་ལ་ནི་དུས་ཀྱི་འཁོར་ལོ་ནས་གསུངས་པ་ལྟར། རིགས་ལྡན་ཉེར་ལྔའི་ཐོག་མ་རིགས་ལྡན་འཇམ་དཔལ་གྲགས་པ་ནས་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་བར་དུ་བྱོན་སའི་གནས་དེ་ཡིན་ཡང་འདིར་རྟེན་འབྲེལ་གྱི་གནད་སྒོ་ཁྱད་པར་ཅན་ཡོད་པར་བརྟེན། མི་ཉག་བཞག་བྲའི་གནས་རི་འདི་ནི་དོན་ལ་ཤམ་བྷ་ལ་དངོས་དང་ཁྱད་པར་མེད་ཀྱང་། ཚིག་ལ་ཤམ་བྷ་ལ་གཉིས་པ་ཞེས་བརྗོད་ནས་གནས་འདི་ཉིད་དང་འབྲེལ་བ་བྱས་ན་འབྲེལ་ཚད་ཚང་མ་ཚེ་འདི་ཕྱི་ཐམས་ཅད་ལ་འབྲས་བུ་བཟང་པོ་ཐོབ་པ་ཐེ་ཚོམ་མི་དགོས་ཞེས་ཡང་ཡང་གསུངས་སོ། །གནས་ཡིག་དེ་ལོ་བཅུའི་དུས་འཁྲུགས་སྐབས་བོར་བརླགས་ཤོར་སོང་ངོ་། །
གནས་འདིའི་མིང་གི་རྣམ་གྲངས་ནི། ཤར་སྟོད་བཞག་བྲ། བཞག་བྲ་ལྷ་རྩེ། མི་ཉག་བཞག་བྲ་དཀར་པོ། ཤམ་བྷ་ལ་གཉིས་པ། བསྟན་སྲུང་བཞག་བྲ་ལྷ་རྩེ། ཤར་སྟོད་ཀྱི་དུང་རི་དཀར་པོ་སོགས་འབོད་སྲོལ་ཡོད།
གནས་འདིའི་སྐུ་གསུང་ཐུགས་ཡོད་ཏན་འཕྲིན་ལས་ཀྱི་གནས་ནི། སྐུ་ཡི་གནས་རི་མི་ཉག་འབོ་གངས་དཀར། གསུང་གི་གནས་རི་བཞག་མོ་སྨན་བཙུན་གཞོན་ནུ། ཐུགས་ཀྱི་གནས་མཆོག་དཔལ་ལྷ་སྒང་། ཡོན་ཏན་གྱི་གནས་ཕག་མོ་རི། འཕྲིན་ལས་ཀྱི་གནས་མགར་ཐར་བྱམས་པ་གླིང་བཅས་ཡིན་ཞིང་། སྤྱིར་མགར་དགོན་པ་ལ་བཞག་བྲའི་གར་འཆམ་ཞིག་ཀྱང་ཡོད་པར་བཤད།
གནས་རིའི་རྩ་བའི་ཚ་ཆུ་རྣམས་ནི། བེེ་རོ་ཚ་ཆུ། ཕོ་ལོག་ཚ་ཆུ། བརྒྱ་ཤོང་ཚ་ཆུ། མཁལ་མའི་ཚ་ཆུ། གཟེར་འཇོམས་ཚ་ཆུ། ཀུན་ཕན་ཚ་ཆུ་སོགས་ཚ་མིག་དྲུག་བདུན་ཙམ་ཡོད་པ་དེ་ནད་རིགས་ཀུན་ལ་ཕན་ནོ། །
རི་བོ་ནི། གནས་རི། རྫ་རི། བྲག་རི། གངས་རི། ནགས་རི། སྤང་རི། གཡའ་རི། གཏེར་རི་སོགས་ཡོད།
ཆུའི་སྐོར་ལ། རང་བྱུང་གཏེར་ཆུ། ཆུ་མིག སྨན་ཆུ། རྫ་ཆུ། གངས་ཆུ། ཚེ་ཆུ། འབབ་ཆུ། གྲུབ་ཆུ། གླང་ཆུ་བཅས་སོ། །
བླ་མཚོ་ནི། ནང་གི་བླ་མཚོ་བཞག་བྲ་གཡུ་མཚོ། ཕྱིའི་བླ་མཚོ་མཚོ་གསུམ་ཁའི་མཚོ། རྒྱུ་མ་རྒྱུ་ཁུག་མཚོ། མི་རྒོད་མཚོ། གསང་བའི་བླ་མཚོ། ས་གཡང་མཚོ། ལུ་འདན་མཚོ་བཅས་སོ། །
ཤིང་སྣའི་རིགས་ནི། ཤུག་པ། སྟག་མ། ཐང་ཤིང་། བེ་ལོ་ཤིང་། ཁྲེད་པ་ཤིང་། སུ་རུ། སྤེན་མ། གླང་མ། ཉ་བྲུག ཁྲ་མ། འོམ་བུ། སྲ་ཤིང་། སུར་དཀར་སོགས་ཤིང་རིགས་དུ་མ་ཡོད་དོ། །
ཟ་རྒྱུའི་ལྡུམ་རིགས་ནི། རྫ་ལྕུམ། ལྕུམ་མདུང་། ཆུའི་ལྕུམ། དཀར་ཡང་། ཤ་མོ་རིགས་ལ། ཤ་བ་གྲོད་པུ། བྱེའུ་ཙེ་ལག་པ། འབྲུག་གྲགས་ཤ་མོ། ཉ་ལ་ཉ་ཅོ། རྒན་མོ་འཕང་ཤ བེ་ལོ་ཤ་མོ་སོགས་ཡོད།
གཏེར་རྫས་སྐོར་ལ། ཞ་ཉེ། དངུལ། གསེར། ཟངས། གཡུ། ལྕགས། རྡོ་ཤེལ། རག་བཅས་ཡོད་པར་བཤད།
གཅན་གཟན་དང་རི་དྭགས་ཀྱི་རིགས་ནི། སྟགདང་མི་རྒོད(བཤད་སྲོལ་ཞིག་ཡོད་འདུག)གཟིག །དྲེད་མོ། ཕག་རྒོད། ཤ་བ། དོམ། གླ་བ། དགོ་བ། འཕར་བ། ཝ། སྤྱང་ཀི་བཅས་ཡོད།
བྱ་རིགས་ནི། བྱེའུ་རིགས་དུ་མ་དང་། ཁུ་བྱུག འཇོལ་མོ། བྱ་དཀར། གོང་མོ། བྱ་རྒོད། ཁྲ། གླག ཕོ་རོག སྐྱ་ག་སོགས་ཡོད།
སྨན་རྩའི་རིགས་ནི། སྨན་ཆེན། (མཐོང་བ་སུམ་ལྡན་འཛོམས་ཡོད)དབྱར་རྩྭ་དགུན་འབུ། དབང་པོ་ལག་པ། རྩ་མཁྲིས། གཡའ་ཀྱི་མ། སྙི་བ། སྟོང་རི་ཟིལ་པ། ཀླུ་བདུད་རྡོ་རྗེ། དྲེས་མ། ཨུག་ཆོས། ཨུཏྤལ་སྔོན་པོ་དང་སེར་པོ། བོང་བ་དཀར་པོ། ཨ་བྷི་ཥ། ལུག་རུ་དཀར་པོ་དང་སེར་པོ། ལྕེ་ཚ། ཤུག་པ་ཚེར་མ་ཅན། ཤང་དྲིལ། བྱ་རྒོད་སུག་པ། སེ་བ། གུར་ཏིག ཁྱུང་སྡེར། ཨ་ཀྲོང་། སྲོ་ལོ་དམར་པོ། དབྱི་མོང་། སྙ་ལོ། ལྕ་བ་སོགས་སྨན་རིགས་མང་ངོ་། །
གནས་ཆེན་འདིའི་ཁྱད་ཆོས་ནི། སྐར་བཟང་དུས་བཟང་ལ་ནམ་རྒྱུན་རང་བྱུང་གི་བསང་གཏོང་རྒྱུ་ཀུན་གྱིས་མངོན་སུམ་དུ་མཐོང་རྒྱུ་དེང་སང་ཡང་ཡོད། མ་ཚད་སྲིད་པ་ཆགས་པའི་དར་ཤིང་སོགས་མཐོང་རྒྱུ་ཡོད་ལ་ཡུལ་དེར་སྦས་ཡུལ་ཁྱད་མཚར་ཞིག་ཀྱང་ཡོད་པ་མི་འགས་མཐོང་མྱོང་། ས་བཅུ་ཐོབ་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་ཟེར། གནས་རི་འདི་ལ་གཞི་བདག་ལྟ་བུ་བྱས་ནས་བསང་བཏང་ན་ཚེ་བསོད་རླུང་རྟ་འཕེལ་བ་དང་ཁ་རྗེ་དབང་ཐང་དར་བས་བསང་གཙང་མ་གཏོང་དགོས།
གནས་འདི་ལ་འབྲེལ་བའི་ཕན་ཡོན་ནི། ཚེ་འདི་ལ་རྐྱེན་ངན་བར་ཆད་སེལ་བ་དང་ལས་ངན་གྱི་སྡིག་སྒྲིབ་དག་ནས་ཁ་རྗེ་རླུང་རྟ་དར་ཞིང་། ཕྱི་མ་ཐར་བའི་ལམ་སྣ་ཟིན་པའི་དགོས་པ་ཁྱད་པར་ཅན་འབྱུང་བར་ཡང་གསུངས་སོ། །གཞན་ཡང་གནས་རི་འདིའི་གཏེར་རྡོ་རྣམས་རྐོས་ནས་ས་ཆ་གཞན་ལ་ཁུར་འགྲོ་སྐབས་སྤྱི་ལོ༢༠༠༧ལོའི་ཟླ༦པའི་ཚེས༡ལ་མགར་ཐར་བ་གཙོ་བོར་བྱས་ཤིང་བ་སྨད་མི་དམངས་རྣམས་ཀྱིས་མི་ཤུགས་དང་རྒྱུ་ཤུགས་ཕུད་ནས་གཏེར་ཕུད་མ་བཅུག་ནས་བྱས་རྗེས་ཆེན་པོ་བཞག་ཡོད་པ་རང་གཞན་ཚང་མས་ཤེས་རྒྱུ་གལ་ཆེན་པོ་ཡིན་ནོ། །
གནས་འདིའི་ཡུལ་ལྷ་འགའི་མིང་ནི།
ནོར་ལྷ་གཏེར་བདག་ལབ་ཙེ། ཟུར་གསུམ། བཞག་མོ། མི་ཉག་རྡོ་ར་དཀར་མོ། དར་མདོའི་བཞག་བྲའི་བསང་ཁྲི། ལྷ་སྒང་གི་སྒྲོལ་མ་རི་ངོ་། དར་མདོའི་རྟའུ་བའི་ལབ་རྩེ་སོགས་ནི་གཞི་བདག་འདིའི་ཚབ་བྱེད་ཆོག་པའི་བསང་མཆོད་བྱེད་ས་ཁྱད་པར་ཅན་མང་ངོ་། །
གནས་རི་འདིའི་མཐའ་འཁོར་དུ་གནས་ཡོད་པའི་རོང་པ་དང་འབྲོག་སྡེ་རྣམས་ནི་ ལས་རྒྱུ་འབྲས་ལ་ཧ་ཅང་མཐོང་ཆེན་བྱེད་མཁན་ཞིག་ཡིན་པས་ཁོང་ཚོས་གཙོ་བོ་ཞབས་འདེགས་ཞུ་ས་ནི། ཐག་རིང་གི་མགྲོན་པོ་དང་། ཡུན་རིང་གི་ནད་པ། ཕ་མ་རྒན་གྲས་བཅས་ཡིན། ས་ཆ་དེར་ཡུལ་སྐོར་སྤྲོ་འཁྱམ་བྱེད་མཁན་ཡོད་ཚེ་དེར་གནས་པའི་མི་དང་ཡུལ་ལྗོངས་དང་ཁོར་ཡུག་སོགས་ཕུན་སུམ་ཚོགས་པ་ཡོད་པས་ཡུལ་འདིའི་ཤང་སྲིད་གཞུང་དང་སྡེ་མི་སེར་ཚོས་ཁྱེད་རང་རྣམ་པ་ཚོ་དེར་ཕེབས་ཐུབ་བྱུང་ན་དགའ་བསུ་ཆེན་པོ་ཞུ་ངེས་ཡིན།
གནས་ཆེན་འབོ་གངས་དཀར་གྱི་ངོ་སྤྲོད།
མི་ཉག་གི་གངས་དཀར་རྣམ་གསུམ་གྱི་ཡ་གྱལ་རི་བོ་གངས་དཀར་རམ་འབོ་གངས་དཀར་ནི། རི་འཛེགས་ལུས་རྩལ་ལ་དགའ་མཁན་རྣམས་འགྲོ་འདོད་ཆེ་བའི་ས་ཆ་ཁྱད་པར་ཅན་ཞིག་ཡིན་ཞིང་། ལྗོངས་རྒྱུ་ལྟ་སྐོར་བ་དང་དད་ལྡན་གནས་སྐོར་པ་མང་པོ་རྒྱུན་དུ་འགྲོ་སའི་གནས་རི་ཁྱད་པར་ཅན་ཞིག་ཡིན།
རི་བོ་གངས་དཀར་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་མདོ་རྫོང་གངས་དཀར་ཡུལ་ཤོག་གི་ཁོངས་སུ་གཏོགས་ཡོད། དེའི་རི་རྒྱུད་ནི་མི་ཉག་གི་དར་རྩེ་མདོ་དང་། ལྕགས་ཟམ་ཁ། བརྒྱད་ཟུར། སྲིབ་སྨད་བཅས་རྫོང་བཞི་ལ་བརྐྱངས་ནས་ཡོད་ཅིང་། ལྷོ་ནས་བྱང་གི་བར་གྱི་རིང་ཚད་ལ་སྤྱི་ལེ༢༠༠ལྷག་ཙམ་ཡོད་ཅིང་། ཤར་ནས་བྱང་བར་གྱི་འཕྲེད་ཞེང་དུ་སྤྱི་ལེ༡༠༠ ཡོད་པ་རེད། རི་བོ་གངས་དཀར་གྱི་ཡང་རྩེ་མཐོ་ཤོས་ནི་དར་མདོ་རྫོང་ས་བདེ་ཡུལ་ཤོག་ལ་ཐོན་ཡོད་ཅིང་། རི་དེའི་མཐོ་ཚད་ནི་མཚོ་འཕགས་སྤྱི་ཁྲི༧༥༩༠ཡིན། དེ་ནི་གངས་ཀྱི་རི་རྒྱུད་ཆེན་པོ་དེའི་རྩེ་མོ་མཐོ་ཤོས་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་རི་བོ་མཐོན་པོ་ཨང་དང་པོའི་གྲས་སུ་གྱུར་ཡོད། རྒྱང་ཐག་རིང་པོ་ནས་བལྟས་ཚེ། དེ་ནི་དཀར་ཞིང་མཛེས་བརྗིད་ལྡན་པའི་མཆོད་རྟེན་ཆེན་པོ་ཞིག་དང་མཚུངས་ཤིང་། རི་ ཚོགས་ཀྱི་དབུས་སུ་ལྷམ་མེར་མངོན་ཡོད་པ་ཞིག་ཡིན་ལ། མཛེས་པའི་དཔལ་ཡོན་རབ་ཏུ་འབར་ཡོད་པར་བརྟེན། རི་བོ་ཐམས་ཅད་ཀྱི་ཁྲོད་ཀྱི་རི་རྒྱལ་ཞེས་པའི་སྙན་གྲགས་ཐོབ་ཡོད་པ་རེད། གངས་རིའི་རྩེ་མོའི་གཡང་ས་གཟར་མོ་དང་གངས་ཆུའི་མཚོ་དང་མཚེའུ་རྣམས་མིག་དབང་འཕྲོག་པའི་ཆུ་ཤེལ་གྱི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། རི་བོ་གངས་དཀར་གྱི་ཞོལ་དུ་སྐད་གྲགས་ཅན་གྱི་བཀའ་བརྒྱུད་པའི་ཀརྨ་བཀའ་བརྒྱུད་ཀྱི་ཆོས་རྒྱུད་གངས་དཀར་དགོན་པ་ཆགས་ཡོད།
རི་བོ་གངས་དཀར་གྱི་ཡང་རྩེ་ལ། དབྱར་དགུན་མེད་པར་ཁ་བ་འཐུག་པོ་ཆགས་ཡོད། གངས་དཀར་གངས་ཆུའི་འབྱུང་གནས་ཏེ། གངས་ཀྱི་ཆུ་བོ་དྲག་ཏུ་འབབ། །རླབས་ཀྱི་ཕ་བོང་ཆེན་པོ་རྡེག །ཆུ་ཡི་ཟེགས་མའི་མེ་ཏོག་བཞད། །འོ་མའི་མདོག་ལྟར་བདུད་རྩིའི་ཆུ། །ཡན་ལག་བརྒྱད་ལྡན་ཡོན་ཏན་འཛོམས། །ཁམས་ཕྱོགས་ཀྱི་ས་ཆ་དུ་མ་ལ་ཚ་བ་ཤིན་ཏུ་ཆེ་བའི་སྐབས་སུ། རི་བོ་གངས་དཀར་གྱི་འོག་ཏུ་དཔྱིད་དུས་སུ་ཁེལ་ཡོད་པའི་གནས་ཚུལ་རྣམས་གཤམ་གསལ།
གངས་རི་མཐོན་པོའི་ཞོལ་དུ། །སྟག་མ་མེ་ཏོག་སྣ་ཚོགས། །ཕན་ཚུན་འགྲན་རྩོད་བྱེད་བཞིན། །འདབ་བརྒྱའི་རླབས་ཕྲེང་འཁྲུངས་ཡོད། །ལོ་འདབ་རྒྱས་པའི་བེ་ཤིང་། །སྐྱེས་སྟོབས་ཆེ་བའི་ཐང་རྒན། །ཤིང་ནགས་འགྲིག་རེ་འགྲིག་རེར། །ལོ་མའི་གཡུ་ལོ་གྱོན་ཡོད། །ཅེས་དང་དེ་ཡང་རི་བོ་གངས་དཀར་གྱི་གཤམ་གྱི་ཡུལ་ལྗོངས་རྣམས་སུ་དབྱར་རྩྭ་དགུན་འབུ་སོགས་སྐྱེས་ཏེ་རྩི་སྨན་སྣ་ཚོགས་ཀྱི་དྲི་བསུང་འཐུལ་ཞིང་། ར་རྒོད་རྣམས་བྲག་ལ་རྩེ་ཞིང་རྐྱང་ཁྱུས་གོམ་འགྲོས་འགྲན་པར་མ་ཟད། ཤ་བ་དང་གླ་བས་ཅི་འདོད་ཀྱིས་རྩེད་གར་འཁྲབ་ཅིང་། ཡིད་དུ་འོང་བའི་འདབ་ཆགས་རྣམས་ཀྱིས་སྙན་པའི་གླུ་དབྱངས་ལེན་
པ་ལྟ་བུ་སོགས་མདོར་ན་ངོ་མཚར་བའི་རི་སྐྱེས་སྲོག་ཆགས་དང་བྱ་རིགས་སྣ་ཚོགས་ཀྱིས་རྩྭ་རྩི་ཤིང་དང་ནགས་ཚལ་དུ་མས་རི་ལུང་བརྒྱན་ཡོད་སའི་ས་ཆ་ངོ་མཚར་ལྡན་པ་ཞིག་ཡིན།
རི་བོ་གངས་དཀར་ནི་རྒྱལ་ཕྱི་ནང་གི་རི་འཛེགས་ལུས་རྩལ་པ་ཚོས་དཔའ་རྩལ་ངོམ་པར་བྱེད་ཆོག་ས་ཞིག་ཡིན་པས་སྤྱི་ལོ༡༩༥༧ལོའི་ཟླ་བ༦པའི་ཚེས༡༣ཉིན། རང་རྒྱལ་གྱི་རི་འཛེགས་རུ་ཁག་རི་བོ་གངས་དཀར་གྱི་རྩེ་མོར་འཛེགས་ཐུབ་ཡོད། མི་རིང་བའི་སྔོན་དུ། རང་རེའི་རྒྱལ་ཁབ་ཀྱིས་རི་བོ་གངས་དཀར་འདི་ཕྱི་ཕྱོགས་སུ་སྒོ་ཕྱེ་རྒྱུའི་ཁྱབ་བསྒྲགས་བྱས། དེང་སང་རི་བོའི་ཁྲོད་ཀྱི་རི་རྒྱལ་དེས་དཔུང་པ་ཆ་གཅིག་བརྐྱངས་ཏེ། རང་རྒྱལ་དང་ཕྱི་རྒྱལ་གྱི་རི་འཛེགས་ལུས་རྩལ་བ་དཔའ་བོ་དཔའ་མོ་ཚོ་དང་ལྗོངས་རྒྱུ་བ་རྣམས་འདིར་ཕེབས་པར་ལྷག་བསམ་རྣམ་དག་གིས་རེ་སྒུག་དང་དགའ་བསུ་བྱེད་བཞིན་པ་ཡིན་
ནོ། །
དར་རྩེ་མདོའི་གདན་ཐོག་རིའི་ངོ་སྤྲོད།
དེ་ཡང་རྟ་རྒྱུག་རིའམ་གདན་ཐོག་རི་བོའི་གཏམ་རྒྱུད་གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ནག་ལ་ཇ་རྫོང་ཕབ་ས་ཕེབས་སྐབས་དེར་དར་མདོའི་མི་རྣམས་ཀྱིས་གླིང་གེ་སར་གདན་འདྲེན་ཞུས་ནས་གདན་ཐོག་ཏུ་སྟོན་མོ་ཆེན་པོ་བྱས། གེ་སར་གྱིས་ལྷ་རྟ་རྐྱང་ལུ་ཆིབས་ནས་རྟ་རྒྱུག་སོགས་རྩེད་མོ་སྣ་ཚོགས་བྱས་པར་མ་ཟད། ཁོང་ཐུགས་ཤིན་ཏུ་དགྱེས་ནས་དར་མདོའི་ལྷ་མོ་མཆེད་བརྒྱད་དང་ཁ་དོག་སྣ་ལྔའི་མཚོ་བཅས་བྱིན་གྱིས་བརླབས་ནས་གྲུབ་རྟགས་མང་པོ་བསྟན། སྐབས་དེར་ཁོང་གིས་འབྲུག་མོ་ལ་ཞལ་རྩེས་ཚུལ་དུ་ཁྱོད་ཀྱིས་ཀྱང་གྲུབ་རྟགས་ཤིག་སྟོན་དགོས་ཞེས་གསུངས། འབྲུག་མོས་འོ་ལགས་སོ་ཞེས་དེ་མ་ཐག་ཏུ་གདན་ཐོག་རིའི་རྩེ་མོ་དེ་ལྷ་མོ་ཞིག་གི་དབྱིབས་སུ་བསྒྱུར་ནས་མི་ཐམས་ཅད་ལ་ངོ་མཚར་ཆེན་པོ་སྐྱེས་ནས་རི་དེའི་མིང་ལ་ལྷ་མོ་རྩེ་ཞེས་བཏགས། དེ་ནས་བཟུང་ད་ལྟའི་བར་དུ་ལྷ་མོ་རྩེ་ཞེས་པའི་མིང་དུ་ཐོགས། གདན་ཐོག་རི་ལ་རྟ་རྒྱུག་རི་ཞེས་པའི་དང་པོ་མིང་གི་བྱུང་ཚུལ་ནི་གནའ་སྔ་མོ་གེ་སར་གྱིས་རྒྱ་ནག་གི་ཇ་རྫོང་ཕབ་ནས་རྒྱལ་ཁ་ཐོབ་པའི་དུས་སྟོན་གྱི་ཆེད་དུ་རྟ་རྒྱུག་བྱས་ནས་བཟུང་སྟེ་དར་རྩེ་མདོ་པ་ཚོས་ལོ་རེ་བཞིན་དུ་བོད་ཟླ་བཞི་པའི་ཚེས་བརྒྱད་ལ་མི་ཉག་ལྕགས་ལ་རྒྱལ་པོ་ཚང་གི་རྟ་རྒྱུག་སའང་ཡིན་པས་རྟ་རྒྱུག་རི་ཞེས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དོན་བསྒྱུར་བྱས་ནས་རྒྱས་མིང་ཕའོ་མ་ཧྲན་ཞེས་པའི་མིང་གསར་པ་ཞིག་བཏགས། དེའི་སྔོན་དུ་གདན་ཐོག་རི་བོ་ཞེས་མིང་ཡོད་པ་རེད། དེང་སང་མི་འགའ་རེས་ཕག་མོ་རི་ཞེས་དཔལ་འབྱོར་སོགས་ཀྱི་དགོས་མཁོ་དང་བསྟུན་ནས་མིང་བཏགས་ཡོད་པ་ནི་ཡུལ་འདི་ལ་མ་གྲགས་པའི་དུས་རབ༢༡པའི་ནང་གི་མིང་གསར་པ་ཞིག་ཡིན་ཞིང་། ཕག་མོ་རི་ནི་མི་ཉག་གི་ས་ཆའི་དེང་གི་ཉག་ཆུ་རྫོང་གི་ས་ཆའི་གནས་རི་རྩ་ཆེན་ཞིག་གི་མིང་ཡིན་ནོ། །རི་འདིའི་དུས་དྲན་གྱི་སྤྲོ་སྐྱིད་གཏང་བའི་དུས་ཚོད་ནི་ལོ་རེའི་བོད་ཟླ་བཞི་པའི་ཚེས་བརྒྱད་ལ་ནམ་རྒྱུན་དར་མདོ་རུ་དགའ་སྟོན་གྱི་བྱ་བ་སྣ་ཚོགས་སྤེལ་སྲོལ་གནའ་ནས་ད་ལྟའི་བར་དུ་ཡོད། རི་འདིའི་གླུ་དབྱངས་ད་སྐབས་རྒྱལ་སྤྱིའི་ཐོག་ཏུ་སྐད་གྲགས་ཆེ་བའི་རྒྱུ་མཚན་ནི་འཛམ་གླིང་གེ་སར་རྒྱལ་པོའི་རྟ་རྒྱུག་ས་ཡིན་པས་རེད་འདུག དེའི་རྒྱུ་མཚན་ཅི་རེད་ཅེ་ན་ང་རང་གི་ཨ་མྱེས་རྗེས་སུ་དར་མདོའི་གེ་སར་གྱི་རྟ་རྒྱུག་རི་དེ་འཛམ་གླིང་དུ་སྐད་གྲགས་ཅན་གྱི་མི་རྣམས་ཀྱིས་ཡུལ་སྐོར་བྱེད་སའི་གནས་རྩ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་ནམ་རྒྱུན་ཡང་ཡང་བཤད་ཀྱང་། ང་རང་གིས་བདེན་པར་འཛིན་མ་མྱོང་ཡང་ད་སྐབས་ངས་བསམ་བློ་བཏང་ན་དངོས་གནས་མ་འོངས་ལུང་བསྟན་ལྟ་བུ་ཞིག་ཏུ་གྱུར་འདུག ངའི་ཨ་མྱེ་ནི་གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཡང་སྲིད་ཡིན་ཞེས་མ་ཎྀ་བླ་མས་ཤིན་ཏུ་རྩིས་ཆེན་མཛད་ནས་ཐེངས་གཉིས་ཙམ་ལ་མཇལ་འཕྲད་གནང་མྱོང་ཞེས་མི་རྒན་ཚོས་བཤད། ཁོང་གིས་སྒྲུང་བཤད་སྟངས་ནི་གོང་བཤད་ལྟར་གནའ་གཏམ་གྱི་ཚུལ་དུ་ང་ཚོ་ལ་དུས་རྒྱུན་དུ་བཤད། ཁོང་གི་མིང་ལ་ང་ཚོ་སྡེ་པའི་མི་ཚོས་སྒྲུང་ཁ་ཞེས་ནམ་རྒྱུན་འབོད། དེའི་དོན་དེ་ང་རང་ཆུང་ཆུང་ཡིན་སྐབས་ཅི་ཡིན་ཤེས་མ་མྱོང་ཡང་། རྗེས་སུ་བསམ་བློ་གཏོང་དུས་ཁོང་ནི་སྒྲུང་མཁན་ཞིག་ཡིན་པས་ཁོང་གི་ཆེད་མིང་རེད་འདུག་གོ། །
མི་ཉག་ཕག་མོ་རི་གནས་ཀྱི་ངོ་སྤྲོད།
གནས་ཆེན་ཕག་མོ་རི་ནི་ཉག་ཆུ་རྫོང་ཨོ་རོང་ཤུལ་གྱི་ནང་ཁུལ་དུ་ཡོད་ལ་རྫོང་དང་སྤྱི་ལེ༣༩བརྒྱངས་པའི༣༡༨ལམ་གྱི་གཡས་ལོགས་སུ་གནས་ཡོད། རི་བོའི་ངོས་སུ་ཐང་ཤིང་དང་གསོམ་ཤིང་སོགས་སྟུག་པོར་འཁྲིགས་ནས་ཚང་ཚིང་གི་ནགས་ཚལ་གྲུབ་ཡོད་པ་མ་ཟད་དེའི་ནང་དུ་རི་དྭགས་གླ་བ་དང་ནགས་བེའུ། གཅན་གཟན་དོམ་དང་གཟིག འདབ་ཆགས་བྱ་དཀར་དང་ཕོ་རག བྱ་བྱེའུ་སྣ་ཚོགས། འཇོལ་མོ་སོགས་མང་པོ་གནས་ཡོད། དུས་ཡུན་རིང་པོར་མི་རྣམས་ཀྱིས་དེ་དག་ལ་གནོད་འཚེ་མ་བཏང་བས་ཕན་ཚུན་འཆམ་མཐུན་གྱིས་གནས་ཡོད་ལ་འདབ་ཆགས་རྣམས་ཅི་འདོད་གང་དགར་གྱིས་མི་རྣམས་ཀྱི་ལག་པ་དང་ཕྲག་པའི་ཐོག་ལ་བབས་ཏེ་ཁ་ཟས་བཟའ་བར་བྱེད། གནས་རི་དེའི་སྐོར་ལམ་གྱི་གཡས་གཡོན་དུ་རྡོ་འདྲ་མིན་སྣ་ཚོགས་ཐོག་ལ་མ་ཎི་རང་བྱོན་དང་། རྡོའི་མཁར་རྔ་རང་གྲགས། སྲིད་པའི་ནས་འབྲུ། ཕག་མགོ་རང་བྱོན། བྱ་རྒྱལ་ཁྱུང་གི་སྒོ་ང་། ཕག་མོའི་སྐུ། སྒྲོལ་སྐུ་རང་བྱོན། རྡོ་རྗེའི་ཕག་མོ་རང་བྱོན། ཨོ་རྒྱན་པད་ཞྭ་སོགས་སུ་གྲགས་པའི་རང་བྱུང་ལྷུན་གྱིས་གྲུབ་པ་ཧ་ཅང་མང་པོ་ཡོད་ལ་དེ་མིན་ཕག་མོའི་གསང་གནས་སྒྲུབ་ཕུག་དང་འཆི་ཁ་བར་དོའི་གནས་སྒོ། རྨི་ལམ་བར་དོའི་གནས་སྒོ། བསམ་གཏན་བར་དོའི་གནས་སྒོ། མཁའ་འགྲོའི་བྲོ་ར་སོགས་མོ་མཚར་བ་བགྲང་ལས་འདས་པ་མཇལ་རྒྱུ་ཡོད་དོ། །
མི་ཉག་ཕོ་བྲང་ལྔ་བརྩེགས་གནས་ཀྱི་ངོ་སྤྲོད།
གནས་མཆོག་དེ་ནི་ཨོ་རྒྱན་རྗེས་འབངས་ཉེར་ལྔའི་ནང་ཚན་བྲག་རི་ཐོག་མེད་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བགྲོངས་ནས་མདོ་ཁམས་ཕྱོགས་སུ་བྱོན་དུས་གནས་དེར་བཞུགས་གནས་སྒོ་ཐོག་མར་ཕྱེས་པས་ཕྱི་ལྟར་རྒྱལ་བ་རིག་གསུམ་མགོན་པོའི་གནས་དང་། ནང་ལྟར་རྡོ་རྗེ་ཕག་མོ། གསང་བ་རྒྱལ་བ་རིགས་ལྔའི་གནས་སུ་ངོས་བཟུང་ནས་གནས་སྒོ་ཕྱེས་ཏེ། དམ་སྲི་ཕོ་མོ་སོགས་བཏུལ་ནས་ངོ་མཚར་ཅན་གྱི་གྲུབ་རྟགས་ཡ་མ་ཟུང་མང་དུ་བསྟན་པ་ད་ལྟའང་མངོན་སུམ་མིག་གི་སྤྱོད་ལམ་དུ་མཐོང་རྒྱུ་ཡོད། ལྷ་ལུང་དཔལ་གྱི་རྡོ་རྗེས་མི་ཉག་སྟོད་སྨད་ནས་གནས་སྒོ་ཕྱེས་པའི་གནས་ཡུལ་མང་ཙམ་བཞུགས་ཀྱང་མཐར་ལྔ་བརྩེགས་གནས་ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པས་སྐུ་གདུང་དེར་བཞུགས་ཀྱང་རྗེས་སུ་བོད་སྡེ་པ་གཞུང་ནས་བོད་ལ་གདན་འདྲེན་བྱེད་སྐབས་ཁམས་མདོ་སྨད་ཡུལ་ནས་ཡར་མ་བསྐུལ་བར་འདྲ་སྟོད་བྲག་ཐོག་དཔོན་གྱི་ཉེ་ཞབས་ཤེའུ་ཆུའི་འགྲམ་དུ་བཞུགས་པས་དུས་འགྱུར་ཟིང་ལོང་གི་སྐབས་ཤེའུ་ཆུའི་ནང་དུ་གཤེགས་པར་གྲགས་ཀྱང་ངེས་པ་མེད་པས་བརྟག་པར་བྱའོ། །
གནས་རི་དེའི་གནས་ཤིང་བོད་ཀྱི་ཙན་དན་དཀར་པོ་ཞེས་སྨན་རྫས་ཤིན་ཏུ་བཟང་པོ་ཞིག་ལ་རྩི་སྲོལ་ཡོད། གནས་དེར་ཁྲོ་ཟུར་དྷརྨ་བཛྲ་དང་ཉག་རོང་མཁན་པོ། བྱ་བྲལ་པདྨ་ནོར་བུ། བླ་མ་ཨ་པད། བླ་མ་ཀུན་བཟང་ཆོས་གྲགས་སོགས་སྐྱེས་ཆེན་དམ་པ་མང་པོ་བྱོན་མྱོང་ལ་བྲ་བྲལ་པདྨ་ནོར་བུ་དང་བླ་མ་ཨ་པད་གཉིས་ཕྱག་ན་རྡོ་རྗེའི་གནས་རིར་བཞུགས་སྐབས་ལྷ་འདྲེས་ཆོ་འཕྲུལ་བརྩམས་པ་བླ་སློབ་གཉིས་ཀས་བཟློག་པ་དང། སྒྲུབ་གནས་དེར་གྲུབ་རྟགས་བྲག་ལ་ཕུར་པ་བཏབ་པ་དང་ཤིང་ལ་ཕྱག་མདུད་མཛད་པ། གནས་མདུན་ལ་ལྷ་ཁང་བཞེངས་པ་སོགས་ཀྱི་མཛད་རྗེས་ད་ལྟའང་ཡོད།
བོད་རབ་བྱུང་བཅུ་དྲུག་པའི་མེ་ལོ་ལུག་མོའི་བོད་ཟླ༥པའི་ཚེས༩དུས་ཚོད༨ཀྱི་ཐོག་ཏུ་གཞི་རི་བྲག་དཀར་ཞེས་པའི་རི་དེ་ཞིག་ནས་ཉག་ཆུ་ཉིན་ཞག་བདུན་ལྷག(ཉིན་ཞག་བཅོ་བརྒྱད་ཀྱང་ཟེར་སྲོལ་འདུག)བཀག་སྟེ། ཕོ་བྲང་ལྔ་བརྩེགས་ཀྱི་རྩེག་འོག་མའི་སྒྲུབ་ཕུག་དང་རྡོའི་རང་བྱོན་རྣམས་དང་། ལྷ་ལུང་དཔལ་གྱི་རྡོ་རྗེའི་བཞུགས་གནས། བསྐལ་པ་མར་མེའི་མཆོད་རྟེན་སོགས་ཕལ་ཆེར་ཆུ་འོག་ཏུ་ནུབ། དེའི་རྗེས་སུ་བཀའ་དྲིན་ཆེ་བའི་རྒྱ་སྒོ་བླ་མ་བསོད་ནམས་བཟང་པོ་དང་། སྤྲུལ་སྐུ་ལུང་རྟོགས། བླ་མ་མཁས་གྲུབ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་བཞེངས་པ་ད་ཡོད །
གནས་མཆོག་ཕོ་བྲང་ལྔ་བརྩེགས་ཀྱི་གནས་འདུས་ནི་སྦྲུལ་ལོ་ནམ་ཤར་དང་སྦྲུལ་ཟླ་ནམ་ཚེས་ཀྱི་དུས་ཡིན་ལ་ཕན་ཡོན་ནི་ཕྱག་སྐོར་བྱས་ཚད་ངན་སོང་གི་སྐྱེ་སྒོ་གཅོད། །བཀུར་སྟི་བྱས་ཚད་མཐོ་རིས་གནས་སུ་སྐྱེ། ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས། །ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་བྱང་། །ཚོགས་འཁོར་ལན་གསུམ་ཨོ་རྒྱན་པད་མ་བདག། དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ། །ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ། །མཆོག་གི་དངོས་གྲུབ་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ། འབྲེལ་ཚད་དོན་ལྡན་གནས་མཆོག་ཨ་མ་ཧོ། ཞེས་སོ། །
གནས་མཆོག་ཁ་བ་དཀར་པོའི་ངོ་སྤྲོད།
དེ་ཡང་སའི་གོ་ལའི་ཤར་ཕྱེད་ཨ་ཤེ་ཡའི་ཁོངས་སུ་གཏོགས་པའི་མཚོ་སྒང་ཤར་ངོས་ཡུན་ནན་དང་བོད་ལྗོངས་ཀྱི་འབྲེལ་ མཚམས། ཤམ་བྷ་ལའམ་སེམས་ཀྱི་ཉི་ཟླ་ཞེས་གྲགས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་མངའ་ཁོངས་སུ། རི་དབྱིབས་མདུང་མོ་གཤིབས་པ་འདྲ། །རི་རྩེ་དཀར་གཏོར་བཤམས་པ་འདྲ། །རི་མདོག་དར་དཀར་འཕྱར་བ་འདྲ། །གཡས་རི་སེང་ཆེན་འགྱིང་བ་འདྲ། །གཡོན་རི་གཡུ་འབྲུག་རྔམ་པ་འདྲ། །རྒྱབ་རི་ཁྱུང་གཤོག་བརྐྱངས་པ་འདྲ། །
མདུན་རི་དོམ་ནག་རྔམ་པ་འདྲ། །ཞེས་ཡོངས་སུ་གྲགས་པའི་ཁ་བའི་རྡུལ་བརྩེགས་ལྟ་ན་སྡུག་པ་ཞིག་འགྱིང་ངེར་ལངས་པ་དེ་ནི་འཇིག་རྟེན་སྟེང་ལ་སྙན་གྲགས་ཡོངས་སུ་ཁྱབ་པའི་གནས་མཆོག་ཁ་བ་དཀར་པོ་ཞེས་བྱ་བ་དེ་ཡིན།
རི་བོ་དེའི་མཐོ་ཚད་ལ་མཚོ་འཕགས་སྨི༦༧༤༠ཡོད་ཅིང་། ཡུན་ནན་ཞིང་ཆེན་ཁོངས་ཀྱི་རི་བོ་མཐོ་ཤོས་དེ་ཡིན།
གནས་ཆེན་ཁ་བ་དཀར་པོའི་གཡས་གཡོན་དུ་འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་མཉམ་གཤིབ་ཏུ་རྒྱུག་བཞིན་ཡོད་ལ།
ཆུ་གསུམ་གྲོག་རོང་གཡང་གཟར་ཆེ། །ཆུ་ཆེན་འབབ་སྒྲ་འུར་རུ་རུ། །གཡའ་ཆུ་གངས་ཆུ་སི་ལི་ལི། །རྩི་ཤིང་སྣ་ཚོགས་བསིལ་བའི་ཚལ། །ནགས་ཚལ་ཚང་ཚིང་འཁྲིགས་སེ་འཁྲིགས། །མེ་ཏོག་སྣ་ཚོགས་ཁྲ་ཆེམ་ཆེམ། །འདབ་ཆགས་གསུང་སྙན་སི་ལི་ལི། །རི་དྭགས་རྩེ་གར་འཁྲིགས་སེ་འཁྲིག །གཅན་གཟན་འདུར་འགྲོས་ཤར་ར་ར། །ཞེས་བརྗོད་པར་ལྟར། དེ་ཡང་ཆུ་གསུམ་མཉམ་རྒྱུག་གི་མཛེས་ལྗོངས་བྱ་བར་གྲགས་ཏེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་ཁོངས་སུ་གཏོགས་པ་ཡིན་ཞིང་། གནས་ཆེན་ཁ་བ་དཀར་པོ། །གནས་བདག་ཨུ་རྒྱན་པདྨ། །ཞེས་གསུངས་པ་ལྟར་ཡིན། སྤྱི་ལོའི་དུས་རབས༡༣པའི་སྐབས་སུ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་དངོས་སུ་གནས་དེར་ཕེབས་ཏེ་གནས་སྒོ་ཕྱེས་པ་མ་ཟད། བསང་ཡིག་ཀྱང་ཕྱག་བྲིས་གནང་ཡོད། དེའི་རྗེས་སུ་མི་དྲག་དང་བླ་ཆེན་མང་པོས་གནས་བསྟོད་དང་བསང་ཡིག་ཀྱང་མང་པོ་མཛད་ཡོད་པ་དང་ཆབས་ཅིག་ཏུ། རྡོ་རིང་མང་པོ་བཞེངས་ཡོད་པས། དེ་དག་ནི་རིག་རྫས་རྩ་ཆེན་ཞིག་ཏུ་གྱུར། སྤྱི་ལོ༡༩༨༦ལོའི་སྟོན་ཁར་ཀུན་གཟུགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ཁ་བ་དཀར་པོར་གནས་གཟིགས་སུ་ཕེབས་སྐབས། ངོ་མཚར་བའི་རྟགས་སྣ་ཚོགས་བསྟན་ཡོད་པ་ཀུན་གྱིས་མཐོང་ཡོད་པ་ཡིན་ནོ། །
ད་ལྟ་ཆོས་དད་མང་ཚོགས་དང་ལྗོངས་རྒྱུ་བ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས། གནས་འདིར་མཇལ་སྐོར་དང་སྤྲོ་བསེང་དུ་ཕེབས་དང་ཕེབས་བཞིན་པ་ཡིན། ལུག་གི་ལོ་ལ་ནི་ཁ་བ་དཀར་པོའི་རང་ལོ་ཡིན་པས་དད་ལྡན་མང་ཚོགས་དང་ལྗོངས་རྒྱུ་བ་རྣམས་སྔར་ལས་ཀྱང་མང་པོ་ཞིག་གནས་དེར་ཡོང་ནས་ལྗོངས་རྒྱུ་ལྟད་མོར་ལྟ་བཞིན་པ་ཡིན་ནོ། །
གཞན་ཡང་གནས་ཡིག་འབྲི་མ་ཐུབ་པའི་གནས་འགའ་ཞིག་གི་མིང་ཐོ།
གནའ་སྔ་མོ་བཤད་སྲོལ་ལ་མདོ་སྟོད་ཀྱི་གངས་དཀར་རྣམ་གསུམ་ཞེས་འབོད་པ་དེ་ནི། གོང་ཞུས་ཀྱི་འབོ་གངས་དཀར་དང་། དཔའ་སྲེག་རོང་གི་དཔའ་སྲེག་གངས་དཀར། བཞག་མོ་གངས་དཀར་གསུམ་ནི་མི་ཉག་ཀྱི་གངས་དཀར་རྣམ་གསུམ་ཡིན་པར་བཤད། རྟའུ་བའི་སྦལ་ཞབས་བྲག་དཀར། རྟའུའི་ནས་དེའུ་ཕྱུག་མོ། ལུང་བསྟན་གྱི་གེ་སར་རིག་གནས། བརྒྱད་ཟུར་གྱི་འོད་ཕྱུག་མཚོ་དང་མི་རྒོད་རི་ཁྲོད་སོགས། ཚྭ་ཐོག་རྫོང་གི་གླིང་དགུ་མཚོ། དར་མདོའི་བཞག་བྲ་གཡུ་མཚོ་དང་། མི་རྒོད་མཚོ། དཔལ་རིའི་རི་བདུན་མཚོ་བདུན། སྙ་ལམ་གྱི་གནས་ལུང་། གསེར་རྒྱ་སྒོའི་མ་ཎི་རྡོ་མཁར། ལྷ་སྒང་རྩ་ཐང་སོགས་ལ་གནས་མཇལ་འགྲོ་ཐུབ་ན་ཕན་ཡོན་ཆེན་པོ་ཡོད་པར་བཤད་དོ། །
ལེའུ་བཅུ་པ། གྱོན་གོས་དང་རྒྱན་ཆ་སོགས་ཀྱི་སྐོར།
མི་ཉག་གི་གྱོན་ཆས་སྤྱི་བཤད་པ །
མི་ཉག་གི་སྣ་ཚོགས་མདངས་ལྡན་གོས་གྱོན་རྒྱུའི་རིགས་ནི་རོང་འབྲོག་གི་ས་ཁུལ་རྣམས་དྲོ་གྲང་ཆ་མི་སྙོམ་པའི་ས་ཁུལ་ཞིག་ཡིན་སྟབས། ཡུལ་སོ་སོའི་འཚོ་བའི་གོམས་གཤིས་དང་། ཆས་གོས་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་འདི་ནི་གཙོ་བོ་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་གྱིས་བྱས་པ་ཞིག་ཡིན་པས་གནའ་ནས་ད་བར་དུ་འགྱུར་བ་ཕྲན་ཚེགས་ཙམ་ལས་མ་ཕྱིན་པའི་ཆས་ལུགས་ཧ་ཅང་རྙིང་པ་ཞིག་རེད། དེ་ཡང་མི་ཉག་ས་ཆ་མང་ཆེ་སའི་ཡུལ་དུ་དབྱར་ཁ་ལ་སྣམ་བུ་དཀར་ནག་གི་གོས་དང་། དགུན་དུས་སུ་ལྤགས་རིགས་ཀྱི་གོས་གྱོན་པ་འདི་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་ཞིག་རེད། ལྷག་པར་དུ་བོད་ཆོས་རྒྱལ་ཆེན་པོའི་སྐབས་སུ་དར་སྲོལ་ཆེ་བའི་རྒྱལ་པོ་རྣམས་ཀྱི་དབུ་ལ་དར་གྱི་ལ་ཐོད་བཅིངས་པ་དང་།བློན་ཆེན་དང་དམག་དཔོན་རྣམས་ཀྱི་གོ་གནས་མཚོན་བྱེད་དུ་གོས་ལ་གཅན་གཟན་གྱི་ལྤགས་རྒྱན་བཏབ་པ། དམག་མི་ཕལ་གྱིས་མགོ་དཀྲིས་བརྒྱན་པ་སོགས་ཀྱི་ཆ་ལུགས་དེ་དག་དུས་ཕྱིས་བར་དུ་ལྕགས་ལ་རྒྱལ་པོའི་མདུན་སྐོར་དང་དཔོན་རིགས་རྣམས་ཀྱིས་བདེ་སྤྱོད་བྱེད་སྲོལ་ཡོད་པ་རེད། དེ་བཞིན་བོད་བཙན་པོའི་སྐབས་སུ་དཔོན་རིགས་རྣམས་ཀྱིས་དུས་སྟོན་གྱི་སྐབས་སུ་མགོ་ལ་རིན་ཆེན་རྒྱན་ཆ་འདོགས་སྲོལ་ཡོད་པ་གསལ་བ་ལྟར། མི་ཉག་ཕྱོགས་འདིར་དེང་གི་བར་དུ་བུད་མེད་རྣམས་ཀྱི་མགོ་ལ་སྐྲ་མཐུད་གྱིས་བསླས་མའི་ཐོག་ཏུ་ཨ་ལུང་དང་། བ་སོ། སྤོས་ཤེལ། གསེར་དངུལ་གྱིས་བཟོས་པའི་མེ་ཏོག་དང་། དཔལ་བེའུ་སོགས་རྒྱན་རིགས་མང་པོ་ཞིག་འདོགས་ཡོད་པ་དང་། སྐེ་ལ་གསེར་དངུལ་གྱི་ཕྲ་རྒྱབ་པའི་རྒྱན་ཆ་གའུ་དང་། བྱུ་རུ། གཡུ་སོགས་རིན་ཆེན་རིགས་ཀྱི་ཕྲེང་བས་བྱས་པའི་སྐེ་རྒྱན་སྣ་ཚོགས་འདོགས་ཅིང་། གསེར་དངུལ་གྱིས་བཟོས་པའི་རྣ་རྒྱན་དང་བ་སོ། གཡང་ཊི་སོགས་ཀྱིས་བཟོས་པའི་ལག་གདུབ། དེ་མིན་གྱི་གཟི་སོགས་རྒྱན་ཆའི་རིགས་མ་ཚང་བ་མེད་པ་ཞིག་བཏགས་སྲོལ་ཡོད། པང་ངོས་སུ་དངུལ་ཐག་དང་། གློ་ཟུང་། ཚྭ་ཁུག ཁབ་ཤུབས་གློ་རིས། གྲི་ཆུང་། ཁྲོ་ལོ་སོགས་རྒྱན་ཆའི་རིགས་དུ་མ་འདོགས་སྲོལ་ཡོད། སྐྱེས་པ་རྣམས་ཀྱིས་མགོ་སྐྲ་བསླས་མའི་ཐོག་ཏུ་བ་སོ་མཐེ་སྐོར་དང་། སྟོང་སྐུད་ཅ་ལ་དམར་པོ་ནག་པོ་སོགས་ཀྱི་ཚར་ལོ་འཕེན་སྲོལ་ཡོད་ཅིང་། རྣ་རྒྱན་འབུར་དཀྲུས་དང་བུ་མོ་ལ་རྣ་ལུང་། གཞན་ཡང་སྐེད་གྲི་དང་། གའུ་འབར་ཡ་ཞེས་པ་གསེར་དངུལ་སྤྲས་པའི་གའུ་འབུར་ཡ་ཆེན་པོ་རེ་ལ་སྟོང་སྐུད་དམ་དར་སྐུད་ཀྱིས་བཅིངས་ཏེ་བཏགས། ལྷག་པར་དུ་ཕོ་གཞོན་རྣམས་ནི་མེ་མདའ་དང་། རྟ་ཕོ་ལ་རྩིས་ཐང་ཆེན་པོ་བྱེད་སྲོལ་ཡོད་པ་རེད། ཆེས་གནའ་བོའི་དུས་ཀྱི་ཆས་གོས་ཞིག་ནི། ཤར་མི་ཉག་ར་རྔ་ཁ་དང་། བརྒྱད་ཟུར་སོགས་ཀྱི་མི་རྣམས་ཀྱིས་ནགས་ཁྲོད་དུ་འཚོ་སྡོད་བྱས་པའི་མི་ཚོས་གྱོན་པའི་ཀོ་བ་གསོན་པོའི་སྟོད་གོས་དང་འདྲ་བ་ར་ལྤགས་ཁ་སྤྲོད་ཀྱི་སྟོད་གཡོག་གྱོན་སྲོལ་ཡོད་པ་རེད། འདི་ནི་གནའ་བོའི་ཡིག་རྙིང་རྣམས་སུ་གསལ་བར་ལྟར་ན། ཟས་སུ་མ་རྨོས་ལོ་ཐོག་གི་འབྲུ་རིགས་ཟ་ཞིང་གོས་སུ་ཤིང་ལོ་གྱོན་པ་དང་། ནགས་ན་རི་དྭགས་ལྟ་བུ་གནས་པ་ཡི། ཀློ་དང་མོན་ལྟར་སྤྱོད་པས་བོད་ཁམས་གང་། ཞེས་པ་ལྟར་ཆེས་གདོད་མའི་དུས་ཀྱི་ཆས་གོས་ཤིག་ཡིན་པར་བཤད་དོ། །
ཁམས་མི་ཉག་གི་སྤྱིའི་གྱོན་གོས་སྐོར་ལ། དགུན་གོས་རིགས་ལ་ལྤགས་སློག་དང་ཚར་རྩག ར་རྩག་གམ་ར་སློག །རས་ལྭ། སྦྱར་མ་བཅས་ཡོད་པ་རེད། དེ་ལས་ཚར་རྩག་གམ་པགས་སློག་ནི་ལུ་གུའི་པགས་པས་བཟོས་པ་ཡིན་སྟབས་ངེས་པར་དུ་རས་ཀྱི་རིགས་དང་། གོས་ཆེན་གྱི་རིགས། ཡང་ན་མགོ་སྣམ་སོགས་ཀྱི་ཕྱི་གཡོག་རྒྱག་དགོས། སློག་གོས་ལ་སྣ་ཁ་གཉིས་ཏེ། སློག་གོས་རྐྱང་པ་དང་། རས་ཀྱི་མཐའ་ཤན་ཅན་གྱི་སློག་གོས་བཅས་རིགས་གཉིས་ཡོད། རོང་ཁུལ་སོགས་ཀྱི་ས་ཆ་ཆེ་ཆུང་དྲོད་སའི་ཡུལ་དུ་དགུན་གོས་ལ་སྣམ་གོས་ལ་རས་གཡོག་རྒྱག་པ་དང་། ཡང་ན་སྤུ་གཟན་འཐག་མ་ལ་རས་སྣ་ཚོགས་ཀྱིས་བཟོས་པའི་སོ་སོའི་གོས་རིགས་ཧ་ཅང་མི་འདྲ་བ་མང་པོ་ཡོད་ཅིང་། དེ་ལས་ལུག་བལ་གྱིས་འཐག་པའི་སྣམ་བུ་དཀར་པོའི་གོས་རྣམས་ལ་ལྭ་སྐྱ་ཟེར་བ་དེ་སྐྱེས་པ་ཚོས་གྱོན་པ་དང་། ཟོག་གི་ཁུ་ལུ་ཡིས་འཐག་པའི་སྣམ་བུ་ནག་པོའི་གོས་ལ་དེ་ལྭ་ནག་ཟེར་བ་དེ་ནི་བུད་མེད་ཚོས་གཙོ་བོ་གྱོན་རྒྱུ་ཞིག་ཡིན། ཕོ་མོ་ཐུན་མོང་གི་གྱོན་ཆས་ལ་སྣམ་གོས་དང་། ཕྲུག་གོས། མགོ་སྣམ་ལྭ་བ། གོས་ཆེན་གྱི་ལྭ་བ་སྣ་ཚོགས་སོགས་དང་། རས་རྐྱང་གོས་ལ་ཆུ་སྦའམ་རས་ལྭ་ཟེར། གོས་བཟོ་སྟངས་ལ་མི་ཉག་གི་རོང་འབྲོག་ཡུལ་ལུང་སོ་སོའི་ལུགས་དང་བསྟུན་པའི་དབྱིབས་མི་འདྲ་བ་སྣ་ཚོགས་ཡོད། གོས་ཆུང་བའི་རིགས་ལ་སྟོད་ཐུང་དང་། ནང་འཇམ། རྔུལ་ལེན་ནམ་ཤ་འཛིན། དོར་མ་བཅས་པ་རྣམས་ཡིན། ཞར་བྱུང་དེང་སང་སློག་པ་ལ་རྩག་པ་ཞེས་པའི་སྔོན་གྱི་སྒྲ་འདོན་སྟངས་ཉམ་ནས་ཁ་སྐད་ལ་འབྲོག་པ་དང་རོང་པ་ཕལ་ཆེ་བས་རྩག་པ་ཡི་སྒྲ་དེ་འདོན་བཞིན་ཡོད་པའང་ངེས་པར་དུ་ཤེས་དགོས་པ་ཡིན་ནོ། །
ཁམས་མི་ཉག་ཡུལ་གྱི་རྒྱན་གོས།
དེ་ཡང་ཉི་ཟླ་དབྱིབས་ཅན་གྱི་གསེར་དངུལ་རྒྱན་ཆ་དེ་མི་ཉག་བུ་མོའི་སྐྲའི་ལན་བུར་བརྒྱན་ཚེ་ལྷག་པར་མཛེས་ཤིང་ལྟ་ན་སྡུག འཛམ་གླིང་ཡང་རྩེར་གནས་པའི་མཐོ་སྒང་བོད་ཀྱི་ར་བར།གངས་དཀར་རི་བོའི་སྙན་གྲགས་མདོ་ཁམས་ཀུན་ལ་ཁྱབ་ཅིང་།སྔོ་ལྗང་གཡུ་ཡི་མེ་ལོང་འདྲ་བའི་རྩྭ་ཐང་སྟེང་དུ་གནས་རི་བཞག་བྲ་དཀར་པོས་བརྗིད་ཉམས་སྟོན།ས་ཡི་དགེ་བཅུ་ཚང་བའི་ཡུལ་གྲུ་འདིར་ཁམས་པའི་ཕོ་རྒོད་དག་གིས་གླུ་དབྱངས་དང་ཞབས་བྲོ།རྟ་རྩེད་སོགས་ཀྱི་རྩེད་འཇོ་ཅི་དགར་རོལ། གནའ་བོའི་ཇ་འདྲེན་བྱེད་ལམ་བརྒྱུད་ཡུལ་དུ་འཚོ་གནས་བྱེད་པའི་ཁམས་པའི་ཕོ་རྒོད་ཀྱི་སྐྲའི་རྒྱན་ཆའི་གྲངས་ནི་ལྔ་དང་བདུན།དགུ་བཅས་བཀྲ་ཤིས་པའི་གྲངས་ཀ་ལྡན་པས།ས་གནས་དེ་གའི་གནའ་བོའི་ལུགས་སྲོལ་མཚོན།རྒྱ་མཚོ་ལས་བྱུང་བའི་བྱུ་རུ་དང་།རང་བྱུང་ཁམས་ཀྱི་གཟི་སོགས་ལས་གྲུབ་པའི་རིན་པོ་ཆེའི་ཕྲེང་བ་སོགས་ཀྱིས་ལུས་ལ་མངོན་པར་བརྒྱན།
བུད་མེད་རྣམས་ཀྱི་མགོ་ལ་གཡུ་དང་བྱུ་རུ།མུ་ཏིག་མུ་མེན་དང་བ་སོ་སོགས་རིན་ཆེན་ཕྲ་ཚོམ་དག་ནི་རྒྱུ་སྐར་ལྟར་གྲངས་མང་ལ།མེ་ཏོག་བཞིན་དུ་མདོག་ཡག ཆོས་དུང་དཀར་པོའི་སྒྲ་དང་དྲི་ཞིམ་ཕྱོགས་ཀུན་འཐུལ་བའི་ལྷ་བསང་དཀར་པོའི་ཁྲོད་དུ།ཁམས་པའི་ཕོ་གསར་རྣམས་ཀྱིས་ལག་ཏུ་དཔའ་བོ་གེ་སར་གྱི་དགྲ་སྟ་བཟུང་བ་དང་།བྲང་ལ་བླ་མས་བྱིན་གྱིས་བརླབས་པའི་གའུ་བཏགས།སྐེད་ལ་སྐེད་གྲི་བཏགས།དགྲ་ལྷ་ཝེར་མས་གནམ་ནས་སྡོང་གྲོགས་མཛད།ཡུལ་ལྷ་གཞི་བདག་གིས་རྒྱབ་རྟེན་གནང་།ཁམས་པའི་ཕོ་རྒོད་ཀྱི་རྒྱ་ཆེའི་བསམ་པ་དེ་ཡངས་པའི་རྩྭ་ཐང་ཁྱོན་དང་མཉམ།སྙན་འཇེབས་པི་ཝང་གི་སྒྲ་ཡི་ཁྲོད་དུ་མི་ཉག་བུ་མོའི་སྒེག་ཉམས་སྟོན་པའི་གོམ་སྟབས་བསྒྱུར།དགའ་བའི་འཛུམ་མདངས་རབ་ཏུ་རྒྱས་པའི་སྐེད་མེད་མ་ཡིས་མིག་མདའ་ཕྱོགས་བཞིར་འཕེན། བྱུ་རུས་བརྒྱན་པའི་དངུལ་ཆབ་དང་མུ་ཏིག་གིས་ལེགས་པར་སྤུད་པའི་སྐེད་རྒྱན་དག་གི་བུ་མོའི་འགྲོས་དང་བསྟུན་པའི་སྙན་སྒྲ་ནི་དབྱངས་ཅན་མ་ཡི་རྒྱུད་མངས་སྒྲ་ལས་བྱུང་བར་ངེས། བཤད་སྲོལ་ལྟར་ནམ་མཁའི་ལྷ་མོས་ཁམས་པའི་ཕོ་རྒོད་དང་མོ་སར་ལ་ལྷག་པར་གཅེས་སྐྱོང་བྱས་པས།ཕོ་སར་མོ་སར་རྣམས་ཀྱི་ལུས་ལ་རིན་པོ་ཆེའི་བསོད་ནམས་ཡོངས་སུ་འཁོར།དེ་ལྟར་དུ།ཉག་ཆུ་སྔོན་མོས་ཚེ་རབས་དུ་མར་ཁམས་པའི་ཕོ་རྒོད་དང་མི་ཉག་བུ་མོའི་ཐུན་མོང་མ་ཡིན་པའི་དགེ་མཚན་སྐྲུན་བཞིན་ཡོད་པ་ཡིན་ནོ། །
ཞྭ་ལྷམ་གྱི་མིང་གི་དབྱེ་བ་བཤད་པ།
སྤྱིའི་ཞྭ་གྱོན་རྒྱུའི་ཐད་ལ་ཚེ་རིང་ཞྭ་མོ། ཝ་ཞྭ། ཚར་ཞྭ། ཕུར་ཞྭ། ཕྱིང་ཞྭ་ལ་སོགས་པ་ཡུལ་ལུང་སོ་སོ་ལ་ཞྭ་རིགས་མི་འདྲ་དུ་མ་ཞིག་ཡོད། རྐང་ལ་གྱོན་རྒྱུའི་ལྷམ་རིགས་ལ་ཀོ་ལྷམ་དང་། རྒྱ་ལྷམ། འགྱིག་ལྷམ། ཀོ་དམར་ལྷམ། རས་ལྷམ། རས་མགོ་མ། འཇུར་རྟ། ཤོས་ཙི། འཕྲུག་ལྷམ། འཇའ་མ་ལ་སོགས་མི་ཉག་གི་ཡུལ་སོ་སོའི་ལྷམ་རིགས་མང་པོ་ཡོད་ཅིང་།
ཞྭ་མོ་དགུན་ཞྭ་ཕལ་ཆེར་ཝ་ཞྭ་དང་། ཚར་ཞྭ་ཡིན་ལ། དབྱར་ཞྭ་ནི་ཕྱིང་ཞྭ། ཀོ་ཞྭ། རས་ཞུ། ཞྭ་དབྱིབས་མི་འདྲ་བ་སྣ་ཚོགས་ཞིག་ཡོད། དགུན་ལྷམ་ཕལ་ཆེར་ཀོ་ལྷམ་རིགས་མི་འདྲ་བ་དུ་མ་ཡོད། དབྱར་ཁ་གཙོ་བོར་ཀོ་ལྷམ་དང་སྣམ་བུས་འཚེམ་པའི་ལྷམ་རིགས་ཤ་སྟག་ཡིན། རོང་འབྲོག་གཉིས་ཀྱི་བར་དུ་གནས་པའི་ཡུལ་གྲུ་འདི་དག་གི་མི་རྣམས་ཀྱི་རྒྱན་དང་ཆས་གོས་རྣམས་ནི་དེ་བས་ཀྱང་རྣམ་གྲངས་མང་ཞིང་ཕུན་སུམ་ཚོགས་པ་ཞིག་ཡིན། བོད་ཀྱི་རོང་འབྲོག་གཉིས་ཀའི་ཆས་གོས་བེད་སྤྱོད་བྱ་བའི་རྨང་གཞིའི་ཐོག་ཏུ་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་ཆས་གོས་མི་འདྲ་བ་སྣ་ཚོགས་རེ་ཡོད། མི་ཉག་གི་ཡུལ་ལུང་སོ་སོའི་ཆས་གོས་ལ་བལྟས་པ་ཙམ་གྱིས་ཤེས། དེ་ཡང་དཔེར་ན་འབྲོག་པའི་ཆས་གོས་ནི་མཐུག་པ་དང་། ཆེ་བ། རིགས་ཀྱི་རྣམ་གྲངས་ཉུང་བ་བཅས་དང་། རོང་ཁུལ་གྱི་ཆས་གོས་ནི། སྲབ་པ་དང་། ཡང་བ། སྟབས་བདེ་བ། དབྱིབས་དང་ཁ་དོག་རྣམ་པ་མི་འདྲ་བ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། དེ་དག་ཐམས་ཅད་ཀྱི་ནང་དུ་ལོ་སྟོང་ཕྲག་མང་པོའི་རིང་གི་བོད་ཀྱི་ཆས་གོས་ཡིག་ཐོག་ཏུ་ཁྱད་ཆོས་རྣམས་རགས་རིམ་ཙམ་བཀོད་ཡོད་པ་ཡིན་ནོ། །
མི་ཉག་གི་གྱོན་ཆས་བྱེ་བྲག་ཏུ་བཤད་པ།
དེ་ཡང་བྱེ་བྲག་ཏུ་མི་ཉག་ཤར་ཕྱོགས་སྲིབ་སྨད་གྱི་རོང་པ་དང་། ལྷོ་ཕྱོགས་བརྒྱད་ཟུར་རོང་སོགས་དྲོད་ཁུལ་ཏུ་འཚོ་སྡོད་བྱས་པའི་མི་རྣམས་ཀྱི་ཆས་གོས་གཙོ་བོར་རས་ཆ་དང་། སྣམ་བུའི་རིགས་ཀྱིས་བཟོས་ཡོད་ཅིང་། དར་གོས་རིགས་ཀྱི་ཆས་གོས་དང་། དགུན་གོས་ལྟ་བུ་ལྤགས་རིགས་ཀྱིས་བཟོས་པ་ཉུང་ཤས་མ་ཏོགས་མི་འདུག སྤྱིར་རས་ཆས་བཟོས་པའི་གོས་རིགས་ལ་ཤ་འཛིན་དང་། སྟོད་ཐུང་། ཁ་རྐྱང་། དོར་མ་བཅས་རིགས་མི་འདྲ་བ་དུ་མ་ཡོད་པ་དང་། དེ་དག་ལའང་ནང་གསེས་ཀྱི་དབྱིབས་དང་། ཁ་དོག་མི་འདྲ་བའི་བཀྲག་མདངས་དང་། མཛེས་ཆོས་སྣ་ཚོགས་ལྡན་པའི་ཕོ་མོའི་གོས་རིགས་ཐ་དད་པ་མང་པོ་ཡོད་པ་དཔེར་ན། གོས་དང་སྟོད་ཐུང་ལ་ཕུ་དུང་ཅན་དང་། ཕུ་མེད། རྒྱུན་གོས་དང་། ཆས་གོས་སོགས་ཀྱི་དབྱེ་བ་ཡོད་པ་རེད། ཡུལ་དུས་དང་བསྟུན་པའི་ཞྭ་མོ་དང་། ལྷམ་གྱི་རིགས་ཀྱང་མི་འདྲ་བ་མང་པོ་ཞིག་ཡོད། མི་ཉག་བྱང་ཁུལ་འབྲོག་སྡེའི་མི་རྣམས་ཀྱི་ཆས་གོས་གཙོ་བོ་ནི། ལྤགས་རིགས་དང་། སྤུ་ལྡན་གྱི་སྣམ་བུའི་རིགས་ཀྱིས་བཟོས་པ་མང་ལ། གཟབ་སྤྲོས་ཀྱི་ཆས་སུ་རས་ཆ་དང་། དར་གོས་ཀྱིས་བཟོས་པའི་གོས་རིགས་དབྱིབས་དང་ཁ་དོག་སྣ་ཚོགས་ཞིག་ཡོད། འབྲོག་གོས་རྣམས་ནི་ཁོག་ཆེ་ལ་ཕུ་དུང་རིང་བ་ཤ་སྟག་ཡིན་ཤིང་། ཕུ་མེད་ཀྱི་རིགས་ཀྱི་ཆས་གོས་ནི་མང་པོ་ཞིག་མེད། དབྱར་དུས་ཀྱི་དོར་མ་ལ་རས་དོར་དང་། སྣམ་དོར་སོགས་མི་འདྲ་བ་ཡོད་ཅིང་། དགུན་ཁའི་གྱོན་རྒྱུ་དོར་མ་ནི་ལྤགས་དོར་དང་སྣམ་དོར་སོགས་ཡིན་ཞིང་། ཆས་གོས་ཀྱི་ཁྱད་ཆོས་གཙོ་བོ་ནི་ཁོག་ཆེ་ལ་ཕུ་དུང་རིང་བ་ཙམ་ལས། རོང་ཁུལ་གྱི་ཆས་གོས་ལྟར་དབྱིབས་དང་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་མཛེས་རྩལ་འདི་དཀོན་པོ་ཞིག་ཡིན་ནོ། །
མི་ཉག་གི་བུད་མེད་ཀྱི་རྒྱན་གོས།
དེ་ཡང་མི་ཉག་གི་ཁྱད་ཆོས་འབུར་དུ་ཐོན་པའི་བུད་མེད་ཀྱི་རྒྱན་གོས་ལ་མི་ཉག་རང་གི་སྐད་དུ༼འབག་རྒོ༽ཟེར་ལ། སྟོད་འགག་དང་སྨད་ཤམ་གྱི་རྣམ་པ་ཟུང་འབྲེལ་གྱིས་བཟོ་དྲུབ་བྱས་པ་ཞིག་ཡིན་ལ། དེའི་རྒྱུ་གཙོ་བོ་ཕྲུག་དང་སྣམ་བུ། ལུག་བལ་བཅས་ཀྱིས་གྲུབ་ཅིང་། ཕྲུག་དང་སྣམ་བུ་ལ་ཁ་དོག་དཀར་སེར་དམར་ལྗང་སོགས་ཁ་དོག་སྣ་ལྔའི་ཚོན་གྱིས་སྡེབ་སྦྱོར་བྱས་ཏེ་འཐག་བཟོ་བྱས་པ་ཞིག་ཡིན་པས། མི་ཉག་བུད་མེད་ཀྱི་རྒྱན་གོས་ལའང་ཁ་དོག་དཀར་སེར་དམར་ལྗང་གི་ཚོན་བསྡེབས་ཏེ་བཟོ་དྲུབ་བྱེད་དགོས་པ་ཞིག་ཡིན་པས་ཁ་དོག་དེ་དག་གིས་གནམ་སྔོན་པོ་དང་སྤྲིན་དཀར་པོ། ས་སེར་པོ་སོགས་དང་འབྲེལ་བ་ཡོད་པ་མཚོན་གྱི་ཡོད་པ་རེད། བཟོ་དྲུབ་བྱེད་སྟངས་རྒྱན་གོས་གཞན་པ་བཟོ་དྲུབ་བྱེད་ལུགས་དང་གཏན་ནས་མི་འདྲ་ལ་དཀར་སེར་དམར་ལྗང་སོགས་ཁ་དོག་དམར་པོ་མང་པོ་བསྡེབས་ཏེ་ཁོག་སྨད་ཀྱི་གོས་ཧྲིལ་པོ་ཆག་པ་བྱས་ཏེ་དྲུབ་བཟོ་བྱེད་དགོས་པ་ཞིག་ཡིན་ལ། ཆག་པ་ལའང་ཆག་པ་དྲུག་ཅུ་ཅན་དང་ཆག་པ་བརྒྱད་ཅུ་ཅན། ཆག་པ་བརྒྱ་དང་བརྒྱད་ཅན་སོགས་སོ་སོར་བརྒལ་ཏེ་དེའི་ནང་གི་གོས་ཀྱི་རིན་ཐང་ལ་དབྱེ་བ་འབྱེད་རྒྱུ་ཡོད་པ་རེད། ཁོག་སྟོད་ལའང་རྒྱུ་དེ་དག་གིས་གྲུབ་པའི་སྟོད་ཐུང་ཞིག་གྱོན་རྒྱུ་ཡོད་ལ་དེའི་ནང་ལ་ནང་འཇམ་དང་སྟོད་འགག སྨད་ཀྱི་པང་ཁེབས་སོགས་ས་ཆ་ གཞན་ལ་མེད་པའི་ཁྱད་ཆོས་འབུར་ཐོན་གྱི་རྒྱན་གོས་ཤིག་ཡིན། རྒྱན་གོས་འདི་ནི་གཙོ་བོ་གཉེན་སྟོན་དང་དུས་ཆེན། དུས་སྟོན་གྱི་སྐབས་སུ་གྱོན་རྒྱུའི་རིགས་ཤིག་ཡིན་ནོ། །
མི་ཉག་གི་ལོ་སར་གཏོང་ལུགས།
དེ་ཡང་ལོ་སར་མ་ཤར་སྔོན་གྱི་ཉིན་ཁ་ཤས་ཀྱི་ནང་དུ་སྔར་བུ་ལོན་གང་དགོས་ཐམས་ཅད་ཕར་སྤྲད་ཚུར་ལེན་བྱེད་ཚར་དགོས། བོད་ཟླ་གཉིས་པའི་ཚེས༢༨ལ་གྱོན་གོས་སོགས་ཚང་མ་བཀྲུ་དག་བྱེད་དགོས་། ཁྱད་པར་དུ་ལོ་གཅིག་གི་ཐབ་ཚང་གི་དུད་དྲེག་དུད་རྒན་ཡོད་ཚད་བཅད་ནས་ཕྱིར་ལམ་སུམ་མདོ་སོགས་ཀྱི་ཐོག་ཏུ་འཕོ་དགོས། ཚེས༢༩ཡི་དགོང་མོ་ཁྱིམ་ཚང་གང་གི་མི་ཚང་མས་དགུ་ཐུག་འཐུང་རྒྱུ་ཡིན། ཚེས༣༠ཉིན་ལ་གནམ་གང་ཞེས་མི་རྒན་གཞོན་ཀུན་གྱིས་ཉིན་གུང་ཕོ་ལོག་བཅས་ནས་ཟ་ཞིང་། དགོང་མོ་གྲོ་རྗེན་གྱི་བུ་དག་གམ་ཕྱེ་ཐུག་འཐུང་དགོས། དེའི་ནང་དུ་གྲོ་རྗེན་གྱིས་སྲོག་ཆགས་ཀྱི་གཟུགས་བརྙན་བཅས་ནས་སུ་ལ་ཡག་པོ་ཐོབ་ཡོད་བལྟ་དགོས། ཚེས༡ཉིན་གྱི་སྔ་མོ་ཡར་ལངས་ཏེ་ཆུ་མགོ་ལེན་སར་སོང་ནས་བསང་གཏོང་དགོས། ཉིན་དེར་ཟས་གང་ཞིམ་དང་གོས་གང་ཡག་གྱོན་ནས་ཉིན་གཅིག་ལ་རང་རང་གི་ཁྱིམ་ལ་འཁྱར་ནས་འདུག་སྲོལ་ཞིག་གནའ་ནས་ད་ལྟའི་བར་དུ་ཡོད་ཅིང་། ཉིན་དེར་བྱིས་པ་ཆུང་ཆུང་ཚོ་མ་གཏོགས། མི་རྒན་ཚོ་གཞན་གྱི་ཁྱིམ་དུ་འཁྱམ་ས་འགྲོ་སྲོལ་མེད། ཁྱིམ་མཚེས་ལ་མི་ཤི་མཁན་ཡོད་ཚེ་ཉིན་དེར་དུད་ཚང་དེའི་མི་རྣམས་མགྲོན་ཁ་འབོད་དགོས། ཚེས་གཅིག་ཉིན་ནས་བཟུང་ཁྱིམ་དུ་ཐང་ག་དང་གསེར་སྐུ་སོགས་སྐུ་གསུང་ཐུགས་རྟེན་མདུན་དུ་མཆོད་ཡོན་རྣམ་ལྔ་དང་མཆོད་མེ་བཅས་མཆོད་བཤམས་བྱས་ཏེ་ཡར་ལྷ་ལ་མཆོད་པ་ཕུལ ཞིང་། མར་སྤྲང་པོ་རྣམས་ལ་སྦྱིན་པ་བཏང་བར་མ་ཟད་སྒོ་ཁྱི་སོགས་ལའང་ཁྱི་ལྟོ་ཕུན་སུམ་ཚོགས་པ་སྦྱིན་དགོས། ཚེས༢ལ་གྲོང་སྡེ་སོ་སོ་དང་རུ་ཁག་སོ་སོའི་ཁྱིམ་མཚེས་ཀྱི་མི་རྣམས་མགྲོན་ཁ་འབོད་དགོས། ཚེས༣ནས༡༥བར་དུ་རི་བསང་རླུང་རྟ་བྱས་ཏེ་གླུ་ལེན་རྒྱུ་དང་བྲོ་འཆམ་རྒྱུ། རྟ་རྒྱུག་བྱེད་རྒྱུ་སོགས་ཀྱི་འགྲོ་ལུགས་ཡོད་པ་ཡིན་ནོ། །
མི་ཤི་སྐབས་འདས་མཆོད་བྱེད་ལུགས།
དེ་ཡང་བྱིས་པ་ཆུང་ཆུང་ལོ༡ནས༥བར་ཅན་ཤི་བ་ཡིན་ན་ཞེ་དགུ་བདུན་༡ནས༣་ཙམ་མ་གཏོགས་འདེད་སྲོལ་མེད། དེ་ལས་ཀྱང་ཆུང་ཆུང་ཉིན་ཁ་ཤས་སམ་ཟླ་བ་འགའ་ཤས་ཅན་ཤི་བ་ཡིན་ན་ཉི་མ་༣ཙམ་མ་གཏོགས་འདོན་པ་འདོན་སྲོལ་ཆེར་མེད་ཀྱང་། ཡང་ཡུལ་ལུང་ཁ་ཤས་ལ་འགྲོ་ལུགས་གཞན་དག་ཀྱང་ཡོད། མི་ཆེན་པོ་ཤི་བ་ཡིན་ན་དང་པོ་ཞག་མ་གསུམ་ལ་ཞག་གསུམ་ཞེས་པ་ཞིག་འཚོགས་རྒྱུ་ཡོད་ཅིང་། ད་གཟོད་ཞག་པོ་བཞི་བཅུ་ཞེ་དགུ་ལ་གྲྭ་པ་འགའ་ཤས་ཀྱི་ཞེ་དགུ་འདེད་དགོས་ཤིང་། གྲྭ་པ་མང་ཉུང་གི་ཚད་གཞི་ནི་གཏན་འཁེལ་མེད་པས་ཁྱིམ་ཚང་རང་རང་གི་རྒྱུ་འབྱོར་བ་ཆེ་ཆུང་ལ་ལྟ་དགོས། གོང་བཤད་དེ་དག་ཐམས་ཅད་སངས་རྒྱས་ཆོས་ལུགས་ཀྱི་ལུགས་སྲོལ་ལྟར་བཤད་པ་ཡིན་ཞིང་། ང་ཚོའི་བོན་པོ་ཆོས་ལུགས་ལའང་འགྲོ་ལུགས་སྟབས་བདེ་པོ་མང་པོ་ཡོད་ཀྱང་། ད་ཐེངས་དེ་ཙམ་གྱིས་ཆོག་པར་བྱས་ནས་མ་བྲིས་སོ། །མི་ཤི་བའི་རོའམ་ཕུང་པོ་དེ་མེ་བསྲེགས་ནས་ མེ་དུར་བྱས་པ་དང་། བྱ་ལ་སྦྱིན་ནས་མཁའ་དུར་བྱས་པ། ཆུར་འཕངས་ནས་ཆུ་དུར་བྱས་པ་ལས་ས་འོག་ཏུ་སྦས་ནས་ས་དུར་བྱས། རྡོ་སྒམ་ནང་དུ་སྦས་ནས་རྡོ་དུར་བྱས་ཡོད་ཅིང་། དམར་གདུང་ནི་དུས་རབས་བརྒྱད་པའི་ནང་དུ་དར་བའི་ལུགས་སྲོལ་ཞིག་ཡིན་ཏེ། དཔེར་ན། གངས་དཀར་སྤྲུལ་སྐུའི་སྐུ་དམར་གདུང་དང་མི་ཉག་སི་ཧུ་དགོན་པའི་མཁན་ཆེན་ངག་དབང་ཤེས་རབ་ཀྱི་དམར་གདུང་སོགས་ལྟ་བུ་ཡིན། དེང་སང་ནི་ས་དུར་དང་རྡོ་དུར་བྱེད་སྲོལ་ནི་འགོས་ནད་ཅན་འདྲ་ཡིན་ན་མ་གཏོགས་བྱེད་སྲོལ་ཆེར་མེད་དོ། །
ཞར་བྱུང་འབུད་ཤིང་གི་རིགས་བཤད་པ།
དེ་ཡང་བུད་ཤིང་ནི་གཙོ་བོ་ཟོག་གི་ལྕི་བ་དང་ཤིང་གི་རིགས་སྟེ། སུ་རུ། སྤེན་མ། གླང་མ། གསོམ་པ། བཀའ་གཤོག་ཆེ་ཆུང་། སྟག་མ། ཐང་ས། ས་ལྕི། བེ་ལོ་སོལ་བ་སོགས་ཡོད་མོད། འོན་ཀྱང་རྗེས་སུ་བོད་རིགས་ལ་འཕེལ་རྒྱས་ཅུང་ཟད་བྱུང་ན་རླུང་གློག་དང་ཉི་གློག་མ་ཟད། ཆུ་གློག་བཅས་ལ་བརྟེན་ནས་བུད་ཤིང་ལྕི་བ་སྲེག་མི་དགོས་རྒྱུའི་ཐབས་ཤེས་ཤིག་ཐོན་ན་ལྕི་བ་འདི་ལུད་རྫས་ཧ་ཅང་བཟང་པོ་ཞིག་ཡིན་པས་རང་ཡུལ་ལ་རྩྭ་ཡག་པོ་ཞིག་སྐྱེས་རྒྱུ་རེད་སྙམ། དེང་སང་རྟ་ཟོག་ལ་རྩྭ་ཟ་རྒྱུ་ཤིན་ཏུ་དཀོན་པོ་ཡིན་པས་རྒྱུ་མཚན་གཙོ་བོ་ནི་ལྕི་བ་སོགས་ལུད་རྫས་བཟང་པོ་མེད་པས་སྐྱོན་རེད་སྙམ། ཐང་ས་ཞེས་པ་ནི། ཟོག་གི་ལྕི་བ་འཁང་ཐོ་རྣམས་ཉིན་ཁ་ས་གཟར་ས་ལ་སྐམ་བཅུག་པའི་ལྕི་བའི་མིང་ལ་ཐང་ས་ཞེས་མིང་བཏགས་ཡོད་པ་ཡིན་ནོ། །
ལེའུ་བཅུ་གཅིག་པ། ཟ་མའི་རིག་གནས་ཀྱི་སྐོར།
ཟ་མ་དང་འཐུང་རྒྱུའི་རིགས་བཤད་པ།
ཟ་མ་འབྲུ་ཡི་རིགས་ལ། ཨ་འབྲུ་ནས་དང་། གྲོ། སྲན་མ། འབྲས། ཡུང་མ། ལ་ཕུག ཞོགས་ཁོག གྲོ་མ་སོགས་ཡོད།
ཟ་མ་དཀར་ཆུའི་རིགས་ལ། ཞོ་སྣ་ཁ་ལྔ་ཙམ་ཡོད། འོ་མ། འཕྱུར་བ། སྐྱུར་ལོག ཕོ་ལོག ཟོ་ཤེ། ཨ་པུས། ཐུད་ཀྱི་རིགས་སྣ་མང་། གྲོ་མ་མར་ཁུ། ཟོ་ཤེ་མར་ཁུ། ཞོ་མར་ཁུ། བག་ཚོས་མར་ཁུ། ཤ་ཚོས་མར་ཁུ། ཤ་ཕོ་ལོག མར་ཕོ་ལོག སྐྱུར་པོ་ཕོ་ལོག སྒོག་པ་ཕོ་ལོག ཞོག་ཁོག་ཕོ་ལོག འཕྱུར་བ་ཕོ་ལོག སྐྱུར་རྡོ། བུད་འཐོར་སོགས་ཡོད།
འཐུང་རྒྱུའི་རིགས་ལ། ཇ་ནག་ཁུ། ཇ་དཀྲུག་མ། མར་ཁུ། འབྲས་ཚའམ་འབྲས་ཐུག། འཐེན་ཐུག བག་ཐུག བུད་ཏག འོ་མ། འོ་ཇ། དར་བ། སྐྱུར་ཁུ། སྔོ་ཁུ། ཨ་རག ཆང་སེར་བཅས་ཡོད། གོང་བཤད་ཀྱི་ཟ་མ་འགའ་ཤས་ཀྱི་ངོ་སྤྲོད་བཤད་པ་རྣམས་གཤམ་གསལ།
ཟོ་ཤེ་རིག་གནས་ཀྱི་ངོ་སྤྲོད་མདོར་སྡུས།
དེ་ཡང་ཟོ་ཤེ་ཞེས་པའི་གོ་དོན་ནི་ཟོ་བའི་ནང་གི་ལྕུག་མ་སིལ་བུ་བསྐོར་ཏེ་བཞག་པར་འོ་མ་བླུགས་ཏེ་ཆགས་པའི་བཅུད་ལྡན་གྱི་རྩི་ཆགས་པའི་ཟས་ཤིག་གི་མིང་ཡིན། ཡང་སྐྱར་གཅིག་བཤད་ན་མི་ཉག་གི་ཟོ་ཤེའི་བརྒྱུད་རིམ་ནི་ཟོག་བཞོན་སའི་སྣོད་ཟེའུ་དང་ཟོམ་(ཟོ་བ)སོགས་ཀྱི་ནང་དུ་གླང་མའི་ལྕུག་མ་རྣམས་བཀུག་སྟེ། གྲ་འགྲིག་མོ་དང་ཆ་མཉམ་པོ་ཞིག་བསྐོར་བ་བརྒྱབ་ནས་འཇོག་དགོས། དུང་ཤིང་རྣམས་ཀྱི་ངོས་སུ་འོ་མའི་རྩི་ཡག་པོ་ཆགས་པའི་མིང་ལ་ཟོ་ཤེ་ཞེས་མིང་བཏགས་པ་རེད། དེའི་མིང་ལ་འོ་རྩིའམ་འོ་དྲེག་སོགས་ཀྱི་མིང་མི་བརྗོད་པར་ཟོ་ཤེ་ཞེས་མིང་བཏགས་དགོས། ཟོ་ཤེའི་རྩི་རྣམས་དུང་ཤིང་ཐོག་ཏུ་འཐུག་པོ་ཆགས་ཚར་རྗེས། ས་དེའི་བཞོན་མ་ཚོས་ལག་པ་བཀྲུས་ནས། ཟོ་བའི་ནང་གི་དུང་ཤིང་རེ་རེའི་ངོས་ཀྱི་ཟོ་ཤེ་རྣམས་ལྷག་ལུས་མེད་པར་བཞར་ནས་གཅད་དགོས། ཟངས་ཆུང་དང་སླ་ངའི་ནང་དུ་མར་ཁུ་དང་མཉམ་དུ་བླུགས་ནས་ཐབ་ཏུ་མེ་བཏང་ནས་བསྐོལ་དགོས། ཡག་པོ་བསྐོལ་རྗེས་མི་ཉག་བ་ཚོས་སྐྱིད་སྐྱིད་གཏོང་ཞོར་དུ་འཐུང་དགོས། ལྷག་མ་རྣམས་ཟོག་ཤི་བའི་གྲོད་པ་ནང་དུ་བླུགས་ནས་གནམ་ལ་བཏགས་ནས་སྐམ་དུ་བཅུག་དགོས། ཟོ་ཤེ་སྐམ་པོ་རྣམས་དགུན་ཁ་དང་དཔྱིད་ཁར་ཟོས་ན་ཤིན་ཏུ་ཞིམ་པོ་ཡོད། གཞན་ཡང་ཉེ་བ་རྩ་ཆེན་དང་ཁུག་ཤུལ་འོང་མཁན་མགྲོན་པོ་ངོ་ཆེན་ཐོན་ན། མི་ཉག་འབྲོག་པ་ཚོས་དུང་འགོ་ལ་འཇུ་ཞེས་ཟོ་ཤེ་བཅད་ནས་མགྲོན་པོ་ལ་སྣེ་ལེན་བྱེད་དགོས། ཟོ་ཤེ་ཡིས་ནད་མང་པོ་ཞིག་ལ་ཕན། གཙོ་བོ་་ཡ་མའམ་མགོ་སྲིན་གྱི་རིགས་ཀྱི་རྣ་བ་དང་སྣའི་ནད་བཅས་ལ་ཕན་ཞིང་། རྐང་ལག་གི་ནད་འབམ་དང་ཆུ་ནད་ཀྱི་རིགས་ལའང་ཕན་པར་བཤད། དེང་སང་ནི་ཟ་མ་ཤིན་ཏུ་དཀོན་པོ་ཞིག་ལ་གྱུར་ཡོད་པ་ཡིན་ནོ། །དུང་ཤིང་ཞེས་པའི་དོན་ནི། རི་ཐང་གི་ངོས་སུ་གླང་མ་ཐུང་ཐུང་ཕྲ་ཕྲ་རྣམས་ཐུས་ནས། ཤིང་གི་ཤུན་པ་ཚང་མ་ལྷག་ལུས་མེད་པར་བཤུས་ཏེ་ཆུ་ནང་དུ་གཙང་མ་བཀྲུ་དགོས། གླང་མ་ཕྲ་བ་རྣམས་ཀྱི་ཤུན་པ་བཤུ་ས་ཤིན་ཏུ་དཀའ་མོ་ཞིག་ཡིན། ང་རང་ཆུང་ཆུང་སྐབས་སུ་མ་རྒན་ལ་དུང་ཤིང་ཤུན་པ་བཤུ་རོགས་ཐེངས་མང་པོ་བྱེད་མྱོང་། ཤུན་པ་བཤུས་ནས་ཆུར་བཀྲུས་ཚར་རྗེས་ད་གཟོད་གོང་ཞུས་ལྟར་ཟས་སམ་ཟོམ་གྱི་ནང་དུ་རྩུབ་མ་ལྟར་བཀྲམ་ནས་གྲ་འགྲིག་པོ་ཞིག་འཇོག་དགོས། ཟས་འདི་ནི་མི་ཉག་གི་ཐུན་མོང་མ་ཡིན་པའི་བཅུད་ཆེན་གྱི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ། །
སྐྱུར་ལོག་གི་རིག་གནས་ཀྱི་ངོ་སྤྲོད་མདོར་བསྡུས།
དང་པོ་མདོང་མོ་ནང་དུ་འོ་མ་བླུགས་ཤིང་དཀྲུགས་ཏེ་བྱུགས་ནས་འདྲེས་པར་བྱེད་དགོས། གཉིས་པ་འོ་མའི་ནང་གི་མར་ཐམས་ཅད་ལྷག་ལུས་མེད་པར་བླངས་ནས་ཆུ་སོགས་ཡོད་སའི་འཁྱགས་སར་འཇོག་དགོས། གསུམ་པ་འོ་མ་ཤིང་ཁུའི་ནང་དུ་སྐྱུར་ཁུ་ཅུང་ཟད་བླུགས་ནས་ཐབ་ཀའི་ཟངས་བའམ་སླ་ངའི་ནང་དུ་བསྐོལ་དགོས། བཞི་པ་འོ་མ་ཤིང་ཁུ་ཁོལ་ཚར་རྗེས་བྱིས་པ་དང་མི་རྒན་ཚོ་ལ་ཨ་པུས་རྐུབ་རིལ་དང་གོར་གོར་སོགས་བཅས་ནས་སྦྱིན་དགོས། དེ་མིན་ཨ་པུས་རྣམས་ཡག་པོ་སྐྱགས་སམ་ཐུམ་བུས་བསྣོས་ནས་རྒྱ་མདུད་དང་གོར་གོར། ལོག་ལོག་བྱས་ནས་སྐྱུར་ཁུའི་མཉམ་དུ་ཟོ་བའམ་ཟོམ་བཅས་སྣོད་ཀྱི་ནང་དུ་གོས་ཀྱི་ལེགས་པོ་དཀྲུས་ཏེ་ཉིན་ཤས་བསྙལ་དགོས། དེ་ནས་སྐྱུར་ལོག་ཅེས་པའི་མིང་དེ་ད་གཟོད་བཏགས་ཆོག་པ་ཡིན། ཟས་འདིའི་ཕན་ས་གཙོ་བོ་ནི། མཁྲིས་པ་དང་། ཁྲག་མཐོན་པོ། ཁྲག་ཞགས་ཅན། མཆིན་ཚིལ་ཅན། གཅིན་སྙིའི་ནད། ཤ་རྒྱག་མར་ཤ་ཞི་བྱེད་བཅས་ཀྱི་ཕན་ནུས་ལྡན་པར་བཤད་ཡོད། ཟས་རིགས་འདི་ནི་མི་ཉག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། ཁྱེད་རང་གིས་ཟས་རིགས་ཉོ་དགོས་ན་མི་ཉག་ར་རྔ་ཁ་དང་ན་བ་གཤིས་སོགས་ཀྱི་གཞུང་ལམ་འགྲམ་དུ་བཙོང་རྒྱུ་ཤིན་ཏུ་མང་པོ་ཡོད་དོ། །
ཕོ་ལོག་རིག་གནས་ཀྱི་ངོ་སྤྲོད་མདོར་བསྡུས།
དེ་ཡང་མི་ཉག་གི་ཟ་མའི་རིག་གནས་ཀྱི་ཡ་གྱལ་ཕོ་ལོག་གི་ལོ་རྒྱུས་ཅུང་ཟད་གླེང་ན། དེ་ཡང་གནའ་སྔ་མོ་འཛམ་གླིང་གེ་སར་རྒྱལ་པོས་རྒྱ་ནག་ལ་ཇ་རྫོང་ཕབས་ས་འགྲོ་སྐབས་ཁོང་མི་ཉག་ཏུ་ཡུན་རིང་པོར་དར་མདོ་དང་ཀླུ་ལྡིང་ལྕགས་ཟམ་ཁ་སོགས་ལ་བཞུགས་དུས། དགྲ་དོགས་ཧ་ཅང་ཆེ་བས་མཚན་མོ་མ་གཏོགས་ཉིན་དཀར་ཇ་བསྐོལ་རྒྱུའི་གོ་སྐབས་མེད་པར་འཕྲད། མི་ཉག་གི་མི་རྒན་ཚོས་བློ་ཐབས་ཤིག་བེད་སྤྱོད་བཏང་ནས་ཟས་གསར་པ་ཕོ་ལོག་ཅེས་པ་ཞིག་གསར་བཏོད་བྱས། མི་ཚང་མས་ཕོ་ལོག་བཅས་ནས་ཟོས་ཏེ་ལྟོ་ཟ་རྒྱུའི་དཀའ་ངལ་སེལ། ཕོ་ལོག་གི་ནང་སྙིང་མར་དང་རྩམ་པའི་བྱེ་མར་བརྫིས་ཤིང་ཕྱི་ཤུན་གྲོ་རྗེན་བྱས་ཡོད་པས། ལྟོ་བ་འགྲང་ཞིང་ཧམ་ས་དང་རུལ་ས་དཀའ། ནང་དུ་སྦྲང་སོགས་བསྲེས་ཡོད་པས་བྲོ་བ་ཞིམ་ལ། རི་མགོ་ལ་ཁུར་ས་སྟབས་ཤིན་ཏུ་བདེ་མོ་ཡིན་པས་གེ་སར་ཐུགས་ཤིན་ཏུ་མཉེས་ཞེས་སྔོན་གྱི་མི་རྒན་ཚོས་བཤད། སྐབས་དེར་ཉིན་དཀར་དུ་བ་བཏང་ནས་ཟ་མ་བཙོ་མི་ཕོད། ཆུ་འཁྱགས་འཐུང་ནས་ཕོ་ལོག་ཟོས་ན་ཕོ་བ་རྒྱག་ཐུབ། དགོང་མོ་ནི་ཁོང་ཚོས་མེ་བུས་ཏེ་དུ་བ་བཏང་ནས་ཟ་མ་བཙོས་ཤིང་ཇ་བསྐོལ་བ་ཡིན་ཞེས་བཤད་པ་ལྟར་འདིར་བྲིས་སོ། །རྗེས་སུ་འཕེལ་རྒྱས་བྱུང་ནས་ཕོ་ལོག་ལ་དབྱེ་བ་སྣ་ཁ་མང་པོ་ཞིག་བྱུང་ཡོད་པ། དཔེར་ན། མར་ཕོ་ལོག་དང་། ཤ་ཕོ་ལོག སྐྱུར་པོ་ཕོ་ལོག སྐྱུར་ལོག་ཕོ་ལོག སྒོག་པ་ཕོ་ལོག ཕྱུར་བ་ཕོ་ལོག ཡུང་མ་ཕོ་ལོག ཞོག་ཁོག་ཕོ་ལོག་བཅས་ཀྱི་དབྱེ་བ་བྱུང་ཡོད། ཟས་འདི་ནི་མི་ཉག་གི་ཡུལ་དུ་གནའ་ནས་ད་ལྟའི་བར་དུ་དར་རྒྱས་ཆེན་པོ་བྱུང་མོད། འོན་ཏེ་དེང་སང་ནི་མི་ཉག་གི་ཕོ་ལོག་རིག་གནས་འདི་བོད་ཀྱི་ས་ཆ་མ་ཟད་རྒྱ་སོགས་གཞན་གྱི་ས་ཆ་ལའང་དར་ཁྱབ་འགྲོ་བཞིན་ཡོད། སྔོན་ཆད་ཟ་མ་འདི་མི་ཉག་གི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན་ནོ། །སྤྱིར་ཕོ་ལོག་ཅེས་པའི་གོ་དོན་ལ་དབྱེ་ན་གཉིས་ཏེ། གཅིག་ནི་ཕོ་ཐམས་ཅད་དམག་སོགས་ལ་འགྲོ་སྐབས་ལོག་ལོག་བྱས་ཏེ་འགྲོ་སྐབས་ཟ་མ་མཆོག་ཏུ་གྱུར་པ་ཞིག་ཡིན་པས་དོན་གྱི་མིང་ལ་ཕོ་ལོག་ཅེས་མིང་བཏགས། གཉིས་པ་ནི་ཟ་མ་དེའི་ཕྱིའི་གཟུགས་དབྱིབས་དེ་རིལ་རིལ་ལམ་ཕོ་བ་དེ་ལོག་ལོག་ཅིག་ཡིན་པས་ཕོ་ལོག་ཅེས་བཤད་སྲོལ་མི་འདྲ་བ་གཉིས་བྱུང་ཡོད་དོ། །
རྩམ་པ་རིག་གནས་ཀྱི་ངོ་སྤྲོད་མདོར་བསྡུས།
དེ་ཡང་མི་ཉག་གི་ཟ་མའི་རིག་གནས་ཀྱི་ཡ་གྱལ་ནས་འབྲུ་རྩམ་པར་འགྱུར་ཐབས་ལ་བརྒྱུད་རིམ་གཙོ་བོ་གསུམ་སྟེ། དང་པོ་ནས་འབྲུ་རྣམས་ཆུ་ལ་བཀྲུས་ནས་གཙང་མ་བྱས་ཏེ་ཉི་མ་དྲོ་སར་བྱ་ར་སོགས་ཀྱི་ཐོག་ཏུ་བཀྲམ་ནས་ཡག་པོ་ཞིག་བསྐམ་བཅུག་དགོས། གཉིས་པ་ནི་ནས་འབྲུ་དག་ཁྲོ་ཡས་དང་བ་མ་ནང་དུ་བླུག་ནས་བརྔོས་ཚར་རྗེས་ཡོས་གད་དམ་ཡོས་ཁྲ་ཞེས་མིང་བཏགས། གསུམ་པ་རང་འཐག་ནང་དུ་ཁྱེར་ནས་ཆུ་མཆུག་གམ་འཕྲུལ་མཆུག་གང་རུང་ཞིག་གིས་ཕྱེ་མ་ཞིབ་མོ་ཞིག་འཐག་པར་བྱ་དགོས། འཐག་ཚར་རྗེས་ད་གཟོད་ནས་ཕྱེའམ་ནས་སྙིགས་སོགས་མི་བརྗོད་པར་རྩམ་པ་ཞེས་མིང་བཏགས་ཆོག་པ་ཡིན། སྤྱིར་ཨ་འབྲུ་ནས་ནི་བོད་ཀྱི་ས་ཆ་མ་གཏོགས་ཡོད་ས་ཆེས་དཀོན་པོ་ཡིན། རྩམ་པ་ནི་བོད་ཀྱི་ཐུན་མོང་ཡིན་པའི་ཟས་མཆོག་ཅིག་ཡིན། རྩམ་པའི་ཕན་ནུས་ལ་མཚོན་ན། གཅིན་པ་མངར་འགྱུར་རམ་གཅིན་སྙིའི་ནད་ལ་ཤིན་ཏུ་ཕན། མཆིན་པའི་ནད་དང་གློ་ནད་ཚབ་ཆེན་ལ་ཕན་པ་ནི་མྱོང་གྲུབ་ཡིན། གཞན་ཡང་གྲང་རླུང་གི་ནད་རིགས་མང་པོ་ཞིག་ལའང་ཕན་པར་བཤད་ཅིང་། རྩམ་པའི་རིགས་ལ་དབྱེ་ན། ནས་ཀྱི་རྩམ་པ་དང་། གྲོའི་རྩམ་པ། སྲན་མའི་རྩམ་པ། མ་རྨོས་ལོ་ཐོག་གི་རྩམ་པ། བྲ་བོའི་རྩམ་པ། སོ་བའི་རྩམ་པ། གྲོ་མའི་རྩམ་པ་སོགས་ཀྱི་དབྱེ་བ་ཕྱེས་ཡོད། དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་ནས་དཀར་དང་ནས་ནག་གི་རྩམ་པ་གཉིས་ནི་མཆོག་ཏུ་གྱུར་པ་རེད་ཀྱང། དེང་སང་རྫས་འགྱུར་གྱི་ཞིང་ནང་ལ་ལུད་རྫས་བཏབ་ནས་རྨོས་པའི་ནས་ལ་ནི་དེ་ལྟ་བུའི་ནུས་པ་མེད་པར་བཤད་དོ། །
མི་ཉག་འདྲ་པའི་ཕག་རྙིང་གི་ངོ་སྤྲོད།
༡ སྤྱིར་ཡུལ་གྲུ་རེ་ལ་རང་རང་གི་ཡུལ་ཁམས་ནས་དར་བའི་ཐུན་མིན་གྱི་ཟས་རིགས་ཕུན་སུམ་ཚོགས་པོ་རེ་ཡོད་ལ། དེ་ལས་ཆེས་བཤད་རིན་དུ་ཡོད་པ་ནི་ཁམས་མི་ཉག་འདྲ་པ་ཡུལ་གྱི་ཕག་རྙིང་དེ་རེད། ལར་ཕག་རྙིང་ཟེར་དུས་ཕག་ཤ་རྙིང་བར་གོ་དགོས་ལ། ཕག་རྙིང་གི་ཟས་རིགས་འདིའི་གཡོས་སྦྱོར་གྱི་ལས་ཀ་འདི་ཡུལ་འདྲ་པ་ནས་དར་བས་ད་ལྟའི་བར་དུ་ལོ་བརྒྱ་ཕྲག་བཞི་ཙམ་གྱི་ལོ་རྒྱུས་འཆད་རྒྱུ་འདུག་ཅིང་། འདྲ་པའི་ཐུན་མོང་མིན་པའི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན་པ་མ་ཟད། དེང་སྐབས་རྒྱལ་ཕྱི་ནང་གི་ཟས་ཤིགས་ཁྲོད་དུའང་འདྲ་པའི་ཕག་རྙིང་གི་ཟས་རིགས་ཁྲོད་དུའང་མི་ཉག་འདྲ་པའི་ཕག་རྙིང་གི་ཟས་རིགས་ཧ་ཅང་བཅུད་ལྡན་དང་ངོ་མཚར་དུ་འཛིན་བཞིན་ཡོད།
འདྲ་པའི་ཕག་རྙིང་དེ་ཇི་ལྟར་གཡོས་སྦྱོར་བྱེད་དགོས་པའི་སྐོར།
ཡུལ་འདྲ་པའི་ཕག་རྙིང་དེ་ཇི་ལྟར་གཡོས་སྦྱོར་བྱེད་དགོས་ཤེ་ན། དེ་ནི་ཕག་གཅིག་(འདྲ་པ་རང་ས་ནས་ཡིན་པའི་བོད་ཀྱི་ཕག་ནག་པོ་མ་གཏོགས་དེང་སྐབས་ཀྱི་རྒྱ་ཕག་དཀར་པོ་རིགས་ཀྱིས་འདྲ་པའི་ཕག་རྙིང་ལས་བྱེད་ཀྱི་རྒྱུ་ཆ་བྱ་མི་རུང་བ་ཡིན། དེ་ནི་བོད་ཕག་ནག་པོའི་པགས་པ་མཐུག་ལ་རྒྱ་ཕག་དཀར་པོའི་པགས་པ་སྲབ་པས་ཡིན།) རང་ཡུལ་གྱི་ལྷད་མ་འདྲེས་པའི་ཞོག་ཁོག་དང་། ཉུང་མ། མ་རྨོས་ལོ་ཏོག། ནས་སོགས་ཀྱིས་ལོ་བཞི་ལྔ་ཙམ་ལ་གསོས་ཏེ་ཚོན་པོར་གྱུར་ནས་ཆེ་རུ་སོང་ཚེ་བཤའ་དགོས་པ་ཡིན། བཤས་ཚར་རྗེས་ཕག་སྤུ་གཙང་མ་བཞར་ནས་ཁོག་པའི་ཁ་ཕྱེས། ནང་ཁྲོལ་ཡོངས་རྫོགས་ཕྱིར་བླངས་རྗེས། ཕག་གི་ཁོག་པའི་ནང་དུ་ཆུ་ཚ་མོས་གཙང་མར་བཀྲུས། དེ་ནས་ཁོག་པའི་ནང་ཁྲོལ་གྱི་ཤུལ་ལམ་ཚབ་ཏུ་སྐྱུར་བོ་སྐམ་པོའམ་ཉུང་མའི་ལོ་མ་སྐམ་པོ་གང་གང་ཞིག་བརྫངས་རྗེས་ཕག་གི་ཁོག་པའི་ཁ་ཕྱིར་བཟོ་དྲུབ་བྱས་པ་དང་། ཤ་དང་པགས་པ་གཉིས་ཀྱི་བར་དུ་དབུགས་བརྒྱབ་སྟེ་ལྒང་རིལ་དུ་བཏང་། ཁ་མིག་སྣ་ཚོགས་བུ་ག་ཡོངས་རྫོགས་སུ་འདམ་བག་གིས་བརྫངས། (དེ་ནི་གཙོ་བོ་འདྲ་ཡུལ་ནི་ས་དྲོད་ས་ཡིན་པས་འབུ་སོགས་ཀྱི་གནོད་པར་དོགས་པ་ཡིན།) དེ་ནས་ཕག་གི་རྐང་ལག་བཞི་པོར་དབྱུག་པས་རྒྱུག་ཤིང་བཏང་སྟེ་ཐག་པས་དམ་པོར་བཀྱིགས་ཤིང་ཕག་གི་རྐང་ལག་བཞི་པོ་ཁ་གནམ་ལ་བསྐོར་ཏེ་ཕག་ཁོག་ཐབ་ཀའི་ཐོག་ནས་གནམ་ལ་འགེལ་བ་རེད། དེ་ནི་ཕག་རྙིང་ཞིག་ལས་རྒྱུའི་གོ་རིམ་ཐོག་མ་དེ་རེད།
༢ དེ་ནས་ཕག་ཁོག་ཧྲིལ་པོ་ཐབ་ཀའི་ཐོག་ནས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་པོ་རེས་མོ་ཡི་སྒོ་ནས་ལོ་རེ་རེ་བཞིན་སྟེང་དུ་ཁུང་ནས་ལྡིང་བའི་རླུང་དང་། འོག་ཏུ་ཐབ་ནས་འབར་བའི་མེ་དྲོད་དང་དུ་བས་བདུག་པའི་དྲོད་སོགས་ཡུན་རིང་པོ་སྟེ་རབ་ན་ལོ་ལྔ་བཅུ། འབྲིང་ན་ལོ་སུམ་བཅུ། ཐ་མའང་ལོ་ཉི་ཤུ་ཡར་མར་ལ (ལོ་ཇི་ལྟར་མང་བོར་སོང་ནས་དེ་ལྟར་རིན་ཐང་ཆེ་བར་བརྩི་བཞིན་ཡོད།) འགྲོགས་ཤིང་བཤིབས་ནས་ད་གཟོད་ཕག་རྙིང་ཞེས་བཅུད་དང་ལྡན་ལ། འཚོ་བའི་ཟས་ཕུན་སུམ་ཚོགས་པ་འདི་གྲུབ་པ་རེད།
ཕག་རྙིང་གི་ཟས་རིགས་ལ་བརྟེན་ཐབས།
ཕག་རྙིང་གི་ཟས་རིགས་འདི་གང་བྱུང་དུ་བཟའ་རྒྱུ་ཞིག་དང་མི་སུ་ཡིན་གྱིས་བཟའ་ཆོག་པ་ཞིག་གཏན་ནས་མིན་ལ། དེས་ན་ཕག་རྙིང་གི་ཟས་རིགས་འདི་སུ་ཞིག་གིས་དུས་གང་གི་སྐབས་སུ་བཟའ་ཆོག་པ་རེད་ཅེ་ན། དེ་ནི་གཙོ་བོ་གཉེན་སྟོན་གྱི་སྐབས་དང་ཁྱིམ་མི་ཚེ་དུས་བྱས་པའམ་མི་ཤི་སྐབས་ཀྱི་གཤིན་ཆོས་སོགས་སུ་བཟའ་ཆོག་པ་ཞིག་ཏུ་གྱུར་འདུག འདྲ་པར་མཚོན་ན་དུས་སྐབས་འདི་འདྲ་ལ་ཕག་རྙིང་གི་ཟས་རིགས་དེ་མེད་དུ་མི་རུང་བ་ཞིག་ཡིན། ཁྱིམ་མི་ལ་ཚེ་ཡིས་དུས་བྱས་ཚེ་ཡུལ་དེ་གའི་དགོན་པའི་བླ་སེར་གདན་དྲངས་ནས་གཤིན་ཆོས་འཚོགས་པའི་སྲོལ་དེ་ནི་བོད་ཁམས་ཀྱི་ས་ཆ་གཞན་དང་གཅིག་མཚུངས་ཡིན་ནའང་། ཆེས་ཡ་མཚན་པ་ཞིག་ལ་དགོན་པའི་བླ་སེར་དག་ལ་འབུལ་བའི་རྒྱུ་ནོར་དེ་སྒོར་མོ་དང་དངོས་པོ་གཞན་དག་མིན་པར། ཕག་རྙིང་གི་ཤ་དེ་གྱུར་འདུག ཕག་རྙིང་གི་སོག་པ་གཅིག་དགོན་པའི་བླ་མ་ལ་ཕུལ་སྲིད་ལ། སྨད་གཟུགས་ཀྱི་དཔྱི་མགོ་གྲུ་བཞི་ཞིག་དགོན་པ་དེའི་དགེ་སྐོས་ལ་ཕུལ་སྲིད། དེ་མིན་ཕག་ཁོག་ཧྲིལ་པོ་གྲུ་བཞི་གྲུ་བཞི་བྱས་ཏེ་དུམ་བུ་ཆུང་ཆུང་བཅད་དེ་གྲྭ་པ་ཚོར་ཕུལ་བ་རེད། རྒྱང་རིང་གི་མགྲོན་པོ་རྩ་ཆེན་དང་། ནང་མི་རྩ་ཆེན་རང་ཁྱིམ་དུ་འབྱོར་ཚེ་ཕག་ཤ་འདི་དྲངས་སྲིད། དེ་ནི་མི་དེ་ལ་ཆེས་མཐོང་ཆེན་དང་བརྩི་འཇོག་གི་གུས་སྲོལ་གྱི་རྣམ་པ་མཚོན་བྱེད་ཅིག་ཏུ་བརྩི་བཞིན་ཡོད། རང་གི་ཁྱིམ་མི་ལྷན་འཛོམས་ཀྱི་སྐབས་སུ་ནུབ་མོར་ཐུག་པ་རེ་སྐོལ་སྲིད་ལ་ཐུག་པའི་ནང་དུ་ཕག་ཤ་མཐེབ་མགོ་འདྲ་ཞིག་འཕེན་ན་དེའི་བཅུད་ཀྱིས་ཐུག་པ་བ་མ་གང་དེ་ལ་བྲོ་བ་ཕུན་སུམ་ཚོགས་པར་འབྱུང་སྲིད་པ་ཡིན་ནོ།།
ལེའུ་བཅུ་གཉིས་པ། མི་ཉག་གཉེན་སྟོན་གྱི་སྐོར།
རོང་འབྲོག་གི་གཉེན་སྟོན་བྱེད་ཚུལ་སྐོར།
མི་ཉག་གི་ས་ཁུལ་དུ་དར་སྲོལ་ཆེ་བའི་ཡུལ་སྲོལ་གོམས་གཤིས་འདི་དག་ནི་མི་རིགས་གཞན་གྱི་རིག་གནས་དང་། གོམས་གཉིས་མ་འདྲེས་པའི་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་ངོ་མ་དེ་ཡིན། མི་རིགས་སོ་སོའི་གནའ་བོའི་ལོ་རྒྱུས་མཚོན་བྱེད་ཀྱི་བརྒྱུད་ཤུལ་དངོས་ནི་གནའ་སྲོལ་རྒྱུན་མ་ཆད་པར་བྱུང་བའི་རིག་གནས་དེ་ཡིན། མི་རིགས་སོ་སོའི་ཡུལ་སྲོལ་གོམས་གཤིས་ནི་མི་རིགས་དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཡིན། དེས་ན་ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་འཚོ་བའི་གོམས་གཤིས་མང་པོ་ཞིག་ཉེ་དུས་བར་འགྱུར་བ་མེད་པའི་མི་ཉག་རོང་འབྲོག་གི་འཚོ་བའི་ནང་དུ་གནས་ཡོད་པ་མ་ཟད། འགའ་ཞིག་ནི་དེང་དུས་ཀྱི་བར་དུ་མ་ཉམས་པར་གནས་ཡོད་པ་དཔེར་ན།
གཉེན་སྒྲིག་བྱེད་སྟངས།
ཕོ་མོ་མོས་མཐུན་གྱི་གཉེན་སྒྲིག འདི་ནི་གཞོན་ནུ་ཕོ་མོ་རྣམས་དུས་རྒྱུན་ལས་ཀ་མཉམ་པོར་འཛོམས་ནས་ཕན་ཚུན་བརྩེ་བ་ཆགས་ཏེ་རང་མོས་ཀྱི་སྒོ་ནས་ལྷན་དུ་ཁྱིམ་གསར་འཛུགས་པ་ལ་ཟེར། དེ་ཡང་ཞིང་པ་ཡིན་ན་གྲོང་པའི་ཕོ་གསར་དང་མོ་གསར་མང་པོ་ལྷན་དུ་ཞིང་ཁ་ན་ལས་ཀ་བྱེད་སྐབས་ཕན་ཚུན་ངོ་ཤེས་ནས་མཐུན་པར་གྱུར་བ་དང་། འབྲོག་པ་ཡིན་ན་ཉིན་ལྟར་ཕྱུགས་རྫི་ལྷན་དུ་སོང་ནས་ཕན་ཚུན་མཐུན་འགྲིག་བྱུང་བ་ཡིན་ཞིང་། སྐབས་དེར་ཕོ་མོ་ཕན་ཚུན་སེམས་པ་ཤོར་ནས་བརྡ་གཏོང་བཞིན་ཡོད་པ་རེད། ཞིང་འབྲོག་ས་ཁུལ་གྱི་མི་དེ་དག་ཕལ་ཆེ་བ་ཡིག་རྨོངས་པ་ཡིན་སྟབས་ཁོ་ཚོས་ཡི་གེའི་ལམ་ནས་འབྲེལ་བ་བྱེད་ཐུབ་ཀྱི་མེད་ཅིང་། གཙོ་བོ་ཁོ་ཚོས་གླུ་ཞིག་ལ་དགའ་ན་ཁོ་རང་གླུ་གཞས་ཀྱི་ལམ་ནས་དགའ་བའི་བརྡ་སྟོན་ཞིང་། བུ་མོ་དེ་ཚུར་ལ་དགའ་མགུ་ཡོད་མེད་སྐད་ཆ་འདྲི་དགོས་པ་རེད། དེ་ལྟ་བུའི་སྙན་ངག་གི་གླུ་དེ་དག་ཕོ་མོ་ཚོའི་ཁ་ལ་རང་བཞིན་དུ་གནས་ཡོད་པ་རེད་མ་གཏོགས་ཁོ་ཚོས་སྙན་ངག་གི་གཞུང་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རྩ་བ་ནས་ཡོད་པ་མ་རེད། དེ་འདྲ་བྱས་ནས་ཁོ་རང་ཚོ་རང་བཞིན་གྱིས་དགའ་རོགས་བསྒྲིགས་ནས་སོ་སོའི་ཁྱིམ་ཚང་ནས་ཕྱིར་ཐོན་སྟེ་རང་ལ་དབང་བའི་ཁྱིམ་གསར་ཞིག་ཐུན་མོང་དུ་འཛུགས་ཞིང་ཡོད་པ་དེ་ལ་གཞིར་བཟུང་དང་། འབྲོག་པ་ཚོའི་ཡུལ་སྐད་ལ་སྦྲ་ཕུབ་དང་རོང་པ་ཚོས་མྱེ་འབུད་ཅེས་ཁང་པ་གསར་པ་ལས་རྒྱུའི་སྲོལ་བྱུང་བ་ཡིན་ནོ།།
མི་ཉག་གི་མག་པ་བསུ་ཚུལ།
མི་ཚང་གི་ནང་དུ་བུ་མོ་མ་གཏོགས་བུ་མེད་ན། བུ་མོ་དེ་ལ་ཕ་མའི་བློ་དང་མཐུན་པའི་ཁྱོ་ཀ་ཞིག་བཙལ་ནས་ནང་དུ་བསུ་རྒྱུ་ཡོད་པ་དེ་ལ་མག་པའམ་བུ་ཐང་བསུ་ཟེར། དེ་ལ་དང་པོ་མག་པའམ་བུ་ཐང་སློང་དུས་བུ་མོའི་ཕ་མའི་བློ་ལ་བབས་པའི་བུ་གང་རུང་ཞིག་གི་ཁྱིམ་ཚང་གི་ཕ་རྒན་མ་རྒན་བཅས་ལ་འབྲེལ་བ་བྱས་ནས། དར་དཀར་པོ་ཞིག་དང་ཆང་དུམ་གང་གིས་སྣེ་དྲངས་ཏེ་སློང་རྟེན་གྱི་ནོར་རྫས་གང་འཚམས་ཞིག་ཁྱེར་སྟེ་ཕ་རོལ་པོའི་ཁྱིམ་དུ་སློང་ས་འགྲོ་དགོས་པ་རེད། དེ་ནས་བློ་བབས་བྱུང་ཚེ་ཕྱོགས་གཉིས་ཀ་བློ་བབས་ཡོད་པའི་གཟའ་སྐར་མ་བཟང་པོའི་དུས་ཚོད་ཞིག་གཏན་འཁེལ་བྱ་ཞིང་། དུས་ཐོག་ཏུ་བུ་མོའི་ཁྱིམ་དུ་མག་པ་དེ་བསུ་སྲོལ་ཡོད་པ་རེད། མག་པ་བསུ་བའི་ཉིན་དེར་བུ་མོའི་ཉེ་བའི་ཕྱོགས་ནས་རྐྱ་མི་ཁ་ཤས་ཞིག་གཟབ་ཆས་ལེགས་པར་སྤྲས་ནས་ལམ་བར་བསུ་སར་འགྲོ་དགོས་ཤིང་ཡོད་པ་དང་། ཁྱོ་ཀ་རང་གི་ཕྱོགས་ནས་ཀྱང་གཉེན་ཉེ་དང་སྤུན་སོགས་ཀྱིས་གཟབ་ཆས་ལེགས་པར་སྤྲད་དེ། གྲི་བོའུ་རྟ་གསུམ་སྟེ་ཕ་ཆས་སྟེ་གསུམ་གྱི་ཐོག་དྲངས་པའི་རང་ནོར་གང་འཚམས་ཞིག་དང་བཅས་ཏེ་སྐྱེལ་དགོས་པ་རེད། ཉིན་དེ་ནས་བཟུང་བུད་མེད་ཕྱོགས་ཀྱི་ཁྱིམ་བདག་ཆགས་ཚར་པ་རེད།
མནའ་མ་བསུ་ཚུལ།
གོང་བཤད་ལྟར་བུ་མང་པོ་ཡོད་པའི་མི་ཚང་དེས་རང་གི་བློ་ཁ་དང་མཐུན་པའི་མི་ཚང་ཞིག་གི་བུ་མོ་མནའ་མ་སློང་སར་འགྲོ་སྲོལ་ཡོད་པ་རེད། མནའ་མ་སློང་ཚུལ་དང་བསུ་ཚུལ་གོང་གི་མག་པའི་སྐབས་དང་མཚུངས་ལ། ནོར་སྐལ་གཟི་བྱུར་སྤོས་གསུམ་དང་གསེར་དངུལ་གྱི་རྒྱན་ཆ་རང་ལ་གང་ཡོད་པའི་ནོར་རྣམས་དང་། རྟ་ནོར་ལུག་གསུམ་སོགས་རང་ལ་གང་འཚམས་ཀྱི་ནོར་སྐལ་དང་བཅས་མནའ་མ་བརྫངས་ཤིང་སྦྱིན་སྲོལ་ཡོད་པ་རེད། བུ་མོ་ནོར་དང་བརྗེ་བ་རྒྱ་ནག་གི་ལུགས་སྲོལ་དང་། བག་མ་ནོར་དང་ལྷན་དུ་བསུ་བ་རྒྱ་གར་གྱི་ལུགས་སྲོལ་ལྟར་མཐའ་གཉིས་ཀྱི་ས་ལ་མ་ལྷུང་བ་ཞིག་ཡིན། ཕོ་མོ་སུ་ཡིན་རུང་གི་ནོར་སྐལ་དང་ལྷན་དུ་ཁྱིམ་གྱི་ཁབ་ཏུ་བསུ་བ་ནི་བོད་གངས་ཅན་པའི་ལུགས་སྲོལ་ཡིན་ནོ།།
དེ་ཡང་བུ་རེ་ལ་མནའ་མ་རེ་བསུ་རྒྱུ་དང་། བུ་སྤུན་གཉིས་གསུམ་རེ་ལ་མནའ་མ་གཅིག་བསུ་རྒྱུའི་ལུགས་སྲོལ་ཡང་ཡོད་པ་རེད། ཡིན་ནའང་བུ་མོ་སྤུན་གཉིས་གསུམ་རེ་མག་པ་གཅིག་ལེན་རྒྱུའི་ལུགས་སྲོལ་རྩ་བ་ནས་ཡོད་པ་མ་རེད། དེ་ཡང་རྒྱུ་མཚན་གཙོ་བོ་སྐྱེས་པ་རྣམས་བུད་མེད་ཀྱི་ཆེད་དུ་ཕྲག་དོག་དང་མིག་སེར་ཆུང་ཞིང་། བུ་སྤུན་བར་གྱི་བརྩེ་དུང་དེ་ལས་ཟབ་ཅིང་ཡོད་པ་དང་། བུད་མེད་རྣམས་སྤུན་མཆེད་བར་ལ་བརྩེ་དུང་ཟབ་ནའང་མིག་སེར་གྱི་ནུས་སྟོབས་དེ་སྐྱེས་པ་ལས་ཆེ་བ་ཡིན་པར་སེམས། གཞན་ཡང་བླ་མས་བག་སྟོན་ལ་ཆོ་ག་འདོན་ཞིང་གཡང་ལེན་བྱེད་པའི་ཚུལ་དང་། ཁ་ལྕེ་བདེ་པོས་གཏམ་བཤད་བྱ་ཚུལ། ནང་དུ་བག་སྟོན་གྱི་བཟའ་ཆས་བཤམས་ཚུལ་སོགས་ལག་ལེན་རྒྱས་པ་བྱེད་སྲོལ་ཆགས་ཡོད། འབྲོག་མི་དག་གི་ཉེ་ཚན་ནི་མི་རབས་བདུན་བརྒྱུད་ཀྱི་བར་དུ་བརྩི་ཞིང་། ཕན་ཚུན་གཉེན་སྒྲིག་བྱེད་འོས་པའང་མི་རབས་བདུན་བརྒྱུད་ཀྱི་ཚད་མ་ཡིན་པ་ཞིག་ཡིན་དགོས། གལ་ཏེ་ཉེ་ཚན་འགའ་ཞིག་མི་རབས་བདུན་བརྒྱུད་མ་བརྒལ་བའི་གོང་དུ་གཉེན་གསར་བྱས་པ་ཡིན་ན། དེ་ནི་ཐན་ཞེས་པའི་བྱ་བ་སྟེ་ངོ་ཚ་ཧ་ཅང་ཆེ་བར་བརྩི་ཞིང་། འབྲོག་མི་དག་གི་ལྷན་སྐྱེས་ཀྱི་བསམ་པ་སྤྱོད་ཚུལ་དེས་ནི་ཡུལ་ཁམས་དེར་བཀྲ་མི་ཤིས་པར་བྱེད་དེ། མི་ཕྱུགས་ལ་ནད་ཡམས་དང་གོད་ཁ་འབྱུང་བ་དང་། ངོ་ཚ་བསྲེས་པ་ལས་ཆད་པའི་མི་བརྒྱུད་དེ་ནི་ནལ་ཞེས་བྱ་བ་སྟེ་མི་རིགས་རྒྱུད་སྡུག་པོ་དང་མི་གཙང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། རོང་འབྲོག་གི་མི་དག་གིས་ལྷ་གསོལ་བྱེད་པའི་སྐབས་སུ་ནལ་གྱི་རིགས་ཅན་དག་གིས་བསངས་ཤིང་དང་བསངས་རྫས་འབུལ་མི་ཆོག་ཅིང་། གལ་ཏེ་ཕུལ་བ་ཡིན་ན་ཡུལ་ལྷ་ལ་མནོལ་གྲིབ་ཕོག་ནས་ཉམས་པར་འགྱུར་བ་དང་། འབྲོག་མིའི་ཕྲུ་གུ་བཙའ་བའི་ཚེ་ནལ་གྱི་རིགས་ཅན་དག་མདུན་དུ་འགྲོ་མི་ཆོག་པ་དང་ཕྲུ་གུ་ལ་ལག་པས་རེག་མི་ཆོག་ཅིང་། གལ་ཏེ་ཕྲུ་གུ་ལ་རེག་པ་ཡིན་ན། ཕྲུ་གུ་ལ་ནལ་གྲིབ་ཕོག་ནས་འཚོ་དཀའ་བའམ། ཡང་ན་ཕྲུ་གུའི་ངག་ལྐུགས་པའམ། རིག་པ་མི་གསལ་བ་སོགས་འགྱུར་བར་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། མདོར་ན་ནལ་ཞེས་པ་དེ་མཚན་མ་ཤིན་ཏུ་ངན་པར་བརྩི་ཞིང་རོང་འབྲོག་གི་མི་ཀུན་གྱི་སྤང་བྱའི་གཞི་ཡིན་པར་བརྟེན། ཁྱད་པར་དུ་འབྲོག་ཡུལ་དེ་དག་ཏུ་ནལ་གྱི་མི་རྒྱུད་ནི་སྲིད་མཐའ་ཙམ་ལས་མེད་པའམ་ཤིན་ཏུ་དཀོན་པོ་ཞིག་ཡིན། སྤྱིར་མི་ཉག་གི་གཉེན་སྒྲིག་སྟོན་མོ་བྱེད་སྐབས་གཏམ་བཤད་རྒྱུ་རྒྱ་ཆེན་པོ་ཡོད་ཀྱང་འདིར་ཡི་གེ་མང་དོགས་ནས་མ་བྲིས་པ་ཡིན་ནོ། །
འདྲ་པའི་ཨ་འགྲོགས་གཉེན་སྲོལ།
འདྲ་པའི་ཁྱིམ་ཚང་ནི་མི་ཉག་བའི་གནའི་ཁྱད་ཆོས་ལྡན་པའི་མ་རྒྱུད་ཀྱིས་བཟུང་ཡོད། བུད་མེད་རྣམས་ནི་ཁྱིམ་ཚང་གི་སྲོག་སྙིང་ལྟ་བུ་ཡིན་ལ་བུ་རྒྱུད་གསོ་བའི་ལས་འགན་ཆེན་མོ་འཁུར་དགོས།སྐྱེས་པ་རྣམས་ནི་རང་གི་མིང་སྲིང་ཚོའི་བུ་དང་བུ་མོ་གསོ་མཁན་ཙམ་ལས་རང་གི་དགའ་ཡའི་ཁྱིམ་ཚང་ལ་འགན་ཅི་ཡང་ཁུར་མི་དགོས།དེ་ནི་མ་རྒྱུད་སྤྱི་ཚོགས་ཀྱི་རིག་གནས་ཀྱི་རྟགས་མཚན་མངོན་གསལ་དོད་པོ་ཞིག་ཡིན། ཡིན་ན་ཡང་འདྲ་པའི་ཨ་འགྲོགས་གཉེན་སྲོལ་ནི་དེ་འདྲ་ཅི་བསམ་གང་དྲན་མ་ཡིན་པར་མི་རབས་གསུམ་གྱི་གཉེན་ཉེའི་བར་ལ་ཨ་འགྲོགས་སྒྲིག་མི་ཆོག་པས་ཐོག་མར་ཕན་ཚུན་བར་ལ་གཉེན་ཉེ་བའི་འབྲེལ་བ་ཡོད་མེད་བལྟ་དགོས། དེ་ནས་བུ་མོ་ལའང་དགའ་ཡ་བསྒྲིག་པའི་མོས་པ་ཡོད་རྗེས་གཞི་ནས་བུ་མོ་ཚང་གི་ཁང་པའི་རྩིག་པར་འཛེག་ཆོག དེ་ཡང་འདྲ་པ་བ་རྣམས་ཉིན་མོར་མཉམ་དུ་འཛོམས་དུས་གལ་སྲིད་བུ་ཞིག་བུ་མོ་ཞིག་ལ་དགའ་ན་དེའི་ལུས་ལ་ཡོད་པའི་ཨ་ལུང་ལྟ་བུ་དངོས་པོ་ཆུང་ཆུང་ཞིག་འཕྲོག གལ་སྲིད་བུ་མོ་དེས་བུ་ཡི་ལག་ནང་ནས་དངོས་པོ་ཕྱིར་མ་འཕྲོག་ན་མོ་ལའང་དགའ་ཡ་བསྒྲིག་པའི་འདོད་པ་ཡོད་པའི་རྟགས་ཡིན་ལ་བུ་དེ་ལ་མོ་རང་གི་ཉལ་ཁང་དང་བཅས་པ་གསལ་པོར་བཤད་པའང་ཡོད། སྤྱིར་བཏང་དུ་བཤད་ན་འདྲ་པས་ཕན་ཚུན་དགའ་ཡ་སྒྲིག་པའི་རིང་ལ་སྐྱེས་པ་བུད་མེད་གཞན་གྱི་ཁྱིམ་ཚང་གི་ཁང་རྩིག་ལ་འཛེགས་ལ་བུད་མེད་ཀྱིས་ཀྱང་སྐྱེས་པ་གཞན་དག་འོངས་བཅུག་མི་སྲིད། རེད་དེ་མི་འགའ་ལ་དུས་ཐུང་ནང་དུ་ཨ་འགྲོགས་སྒྲིག་ཡུལ་མང་ཙམ་ཡོད་མོད། དེ་དག་ནི་ཡོངས་ཁྱབ་མ་ཡིན་པར་བརྩེ་དུང་བརྟན་པོར་ཆགས་མེད་པའི་ལོ་ཆུང་ན་གཞོན་གྱི་གྲས་རེད།
དོན་དུ་འདྲ་པའི་ཨ་འགྲོགས་གཉེན་སྲོལ་ནི་ཐོན་ཁུངས་དང་རྒྱུ་ནོར་གསོག་འཇོག་བྱས་ཏེ་ཁྱིམ་ཚང་ཆེན་པོ་ཞིག་གཏན་འཇགས་སུ་གནས་ཐུབ་པ་ལས་ས་ཞིང་བགོ་བཤའ་དང་ཁང་ལས་མང་པོ་བྱེད་མི་དགོས་པའི་ནུས་པ་ཡོད་པ་ཞིག་ལགས་སོ། །
ལེའུ་བཅུ་གསུམ་པ། མི་ཉག་གི་རྒྱལ་རབས་དང་དམག་དོན་གྱི་སྐོར།
དང་པོ། མི་ཉག་གི་རྒྱལ་རབས་རིམ་བྱོན་གྱི་མིང་གི་སྐོར།
མི་ཉག་སྔ་མའི་རྒྱལ་རབས་རིམ་བྱོན་གྱི་མིང་བོད་རྒྱ་ཤན་སྦྱར།
༡ ཀླུ་མེས་བཀྲ་ཤིས་ཚེ་དབང་། མཐོ་བ་ཁྲི་བཙན་རྒྱལ་རྒོད།拓跋思恭
༢ རྒྱལ་སྲས་ཚེ་མགོན། 拓跋思谏(李仁福)
༣ ཚེ་དབང་རྣམ་རྒྱལ། 拓跋益昌
༤ རྒྱལ་མཚན་བཟང་པོ། 拓跋思谏
༥ བཀྲ་ཤིས་རབ་རྒྱས། 拓跋益超
༦ ཀླུ་རིགས་བཀྲ་ཤིས། 拓跋益殷
༧ རྒྱལ་རྒོད་འབུམ་སྡེ་སྐྱབས། 拓跋克睿འདིའི་མིང་ལ་མི་ཉག་རྒྱལ་རྒོད་ཟེར།
༨ ཀླུ་ལྕེ་ཐར་འབུམ། 李继荺
༩ ཀླུ་གཅུང་ཕན་བདེ། 李继捧(赵保德)
༡༠ ཀླུ་འབུམ་བཀྲ་ཤིས། 李继迁(赵保吉963-1004年)
༡༡ གཡུང་དྲུང་དགྲ་འདུལ། 李德明(1004-1032年)
གོང་གི་རྒྱལ་པོ་རྣམས་ནི་རང་རང་གི་བུའི་རྒྱུད་པ་རྣམས་ཀྱིས་རྒྱལ་ས་བཟུང་བ་ཡིན་པར་བཤད།
༡༢ གཡུང་དྲུང་འབུམ་སྐྱབས། 斯乌甲挂(李元昊)1006-1048年)
༡༣ གཡུང་དྲུང་རྒྱལ་མཚན། 谅祚(1047-1068年)
༡༤ གཡུང་དྲུང་བདེ་སྐྱིད། 李秉常(1061-1086年)
༡༥ ཉི་མ་རྒྱལ་མཚན། 李乾顺(1083-1139年)
༡༦ རྒྱལ་བ་རིན་ཆེན། 李仁孝(1124-1193年)
༡༧ རྒྱལ་བ་མགོན་པོ། 桓宋李纯佑(1193-1206年)
༡༨ དབང་ཆེན་དར་ལུ། 李安全(1197-1211年)
༡༩ གཡུང་དྲུང་ཉི་མ། 尊顼(1211-1223年在位)
༢༠ བཀྲ་ཤིས་རྒྱལ་མཚན། 思旺(1223-1226年在位)
༢༡ མི་ཉག་རྡོ་རྗེ་དཔལ། 多吉贝(1226-1227年在位)
གོང་གི་རྒྱལ་པོ་ཉི་ཤུ་རྩ་གཅིག་པ་མཇུག་རྫོགས་པ་ཡིན་ན་ཡང་། མི་ཉག་སྔ་མ་ནི་ཁོང་གི་བློན་ཆེན་དང་ཉེ་བ་ལྕགས་ལ་རྒྱལ་པོ་འདིར་ཡོད་པས་དེ་རྣམས་ཀྱིས་རྒྱལ་སྲིད་བསྐྱངས། མི་ཉག་སི་ཧུ་རྒྱལ་པོའི་མིང་ལ་སེའུ་རྒྱལ་པོའང་ཟེར་སྲོལ་ཡོད་པས་དེ་གཉིས་གང་ཡིན་དཔྱད་པར་འཚལ་ཞུ། མི་ཉག་སྔ་མའི་རྒྱལ་རབས་ཀྱི་མིང་ནི་མི་ཉག་ཕྱི་མའི་རྒྱལ་རབས་དང་གཅིག་མཚུངས་ཡིན་པ་ལས་ཡན་གར་བ་ཞིག་མེད། འདིའི་དཔྱད་གཞིའི་ཡིག་ཆ་ནི་གནའ་མི་རྒན་པོ་ནགས་ལུང་མའི་རྩ་ར་ཚེ་དབང་གིས་མགར་ར་དབང་འདུས་ལ་སྦྱིན་པ་རེད་ལ། དེས་ངའི་ཨ་མྱེ་མཐུ་སྟོབས་རབ་བརྒྱད་ལ་སྤྲད་ནས་ཉར་ཚགས་བྱས་ནས་ལྷག་སོང་བ་ཞིག་ཡིན་ནོ། །རྒྱལ་པོ་རྡོ་རྗེ་དཔལ་གྱི་བཙུན་མོ་ན་ཚོད་གཞོན་ལ་གཟུགས་བྱད་མཛེས་པ་སོག་སྐད་དུ་གུར་པུལ་ཅེན་གྭོ་ཞེས་པ་དེ་ཆིང་གེ་སེང་གེས་བཙན་པོས་བཤོས། བཙུན་མོས་འཁོན་ལན་སློག་ཕྱིར་སྲོག་དང་བསྡོས་ནས་དགྲ་བོའི་རླིག་འབྲས་གཉིས་བཙིར་ནས། ལོ་དེའི་ཟླ་བདུན་པའི་ཚེས་གཉིས་ལ་ཆིང་གེ་སེང་བསད་ནས། མོ་རང་ཉིད་ཀྱང་ནག་ཆུར་ལྕེབས་ནས་རང་སྲོག་བཅད། དེ་ནས་བཟུང་མི་ཉག་གྷ་ཡི་རྒྱལ་རབས་མཇུག་རྫོགས་པ་ཡིན་ནོ།།
རྩོམ་གསར། 10