རིག་འཛིན་བསྟན་སྲུང་གིས་བརྩམས། 2018-06-06
འདས་ཟིན་པའི་བར་བྱོན་སྐྱེས་ཆེན་དམ་པའི་སྐོར།
མཁན་ཆེན་འཇམ་དབྱངས་གྲགས་པའི་མཛད་རྣམ།
དེ་ཡང་སྐྱེས་མཆོག་མཁས་དབང་འཇམ་དབྱངས་གྲགས་པ་ཚང་ནི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པའི་སློབ་མ་དང་། སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱི་ཡོངས་འཛིན་ཡིན། ཁོང་ནི་དུས་རབས་བཅོ་ལྔ་པའི་སྟོད་ཕྱོགས་སུ་མི་ཉག་སྨད་ཕྱོགས་ཀྱི་འབའ་ཆ་ཞེས་པའི་ས་ཆ་རུ་སྐུ་འཁྲུངས། རྨ་སེ་སྟོན་པ་དགུང་ལོ་དྲུག་ཅུ་ཁ་གྲངས་ཡིན་སྐབས་ཁོང་དགུང་ལོ་བརྒྱད་དགུ་ཙམ་ཞིག་ཡིན་པར་བཤད། ཁོང་གི་ཕ་ཡབ་མ་ཡུམ་མཚན་ནི་སྔོན་གྱི་ཡིག་ཆ་དང་རང་རྣམ་བཅས་ཀྱི་ནང་དུ་བྲིས་མེད་པས་འདིར་འབྲི་མ་ཐུབ། ཁོང་གི་ཆོས་བརྒྱུད་ནི་བཀའ་རྒྱུད་པ་ཡིན། གདན་ས་གཙོ་བོ་ནི་དར་མདོའི་ཤར་ལ་མོ་རྩེ་དགོན་པ་སོགས་ཡིན། བླ་མ་རང་གིས་བརྩམས་པའི་རྣམ་ཐར་ལས། ང་བྱིས་པའི་དུས་ནས་དམ་པའི་ཆོས་ལ་ནན་ཏན་ཞིག་བྱ་བསམ་པ་ལས། འཇིག་རྟེན་གྱི་བྱ་བ་འདི་སྒྲུབ་བསམ་པ་གཏན་ནས་དྲན་མ་མྱོང་གསུངས། དགུང་ལོ་བརྒྱད་ཀྱི་ཐོག་ནས་ཡི་གེ་ཀློག་མཁས་པར་གྱུར་ནས་ཕ་ཡབ་དང་མཉམ་དུ་འདོན་པ་འདོན་ས་ཁོ་ནར་ཕེབས། སྤྱན་རས་གཟིགས་ཁོང་གི་ཡི་དམ་དུ་མཛད་ནས་རྒྱུན་དུ་མ་ཎི་ཤ་སྟག་གསུངས། ཕ་རྒན་གྱི་ཡི་དམ་སྒྲོལ་མ་ཡིན་པས་སྒྲོལ་མའི་བསྟོད་ཚོགས་ཤོག་ནག་ལ་གསེར་དངུལ་གྱིས་བྲིས་པ་ལ་རྒྱུན་དུ་ཐུགས་དམ་མཛད། དགུང་ལོ་བཅུ་དགུ་སྐབས་སུ་ཡབ་རྒན་གཤེགས། དཀོན་བརྩེགས་ཀློག་ནས་ཁོང་ལ་དད་པ་ཆེན་པོ་སྐྱེས་ཏེ། ཁོང་གིས་དམ་ཆོས་ངོ་མཚར་ཆེ་ལུགས་ཅི་འདྲ་ཞིག་ཡིན་འོང་བསམ་བྱུང་ཞེས་གསུངས། དགུང་ལོ་བཅུ་གསུམ་པ་ལ་རབ་ཏུ་བྱུང་། མཁན་ཤཱཀྱ་དཔལ་སོགས་ཀྱི་མདུན་ནས་ཕར་ཕྱིན་སོགས་མཚན་ཉིད་ཀྱི་ཆོས་ལ་སློབ་གཉེར་མཛད། དགུང་ལོ་ཉེར་གཅིག་ཐོག་ཏུ་རྣ་རུ་དགོན་དུ་མདོ་སྔགས་ཀྱི་ཆོས་ལ་ཐོས་བསམ་ལོ་མང་པོར་བརྩོན་པས་མཁས་པ་ཆེན་པོ་གྱུར། རྗེས་སུ་འབོ་རྩེ་རི་སྐེད་དང་སླང་ང་མའི་ནང་དུ་རྒྱུན་དུ་མཚམས་ལ་བཞུགས། ཡང་སྐབས་ཤིག་ཁོང་ལྷ་མོ་རྩེར་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་ཡུན་རིང་པོར་མཛད་པས། རྒྱགས་ཆད་པའི་དུས་སུ་ཁོང་གི་ཉེ་འབྲེལ་དང་གྲྭ་སློབ་ཡོན་བདག་ཡིན་ཟེར་བ་གཅིག་ཀྱང་ཐོན་རྒྱུ་མེད་གསུངས། རྗེས་སུ་ཁོང་སྐད་གྲགས་ཅུང་ཟད་ཆེ་སྐབས། ང་ནི་ཁོ་བོའི་ཉེ་འབྲེལ་ཡིན་ཟེར་བ་མང་། ང་གྲྭ་སློབ་ཡིན་ཟེར་བ་མང་། ཡོན་བདག་ཡིན་ཟེར་མཁན་ཡང་མང་། ཁུ་བོ་དང་ཨ་ནེ་ཤི་བའི་རྗེས་སུ་མ་སོང་ཞིང་བློས་བཏང་བར་བྱས་པས། གནས་སྐབས་ཁོང་མི་ངན་ལྟ་བུ་ཞིག་གི་གྲས་སུ་གྱུར་ནའང་རྗེས་སུ་ཇེ་དད་ཇེ་མོས་རྒྱགས་ཀྱང་ཇེ་མང་དུ་ཐལ་ཞེས་གསུངས། རྒྱགས་ཆད་ཀྱི་རྩ་བ་ནི་ཕ་ཞིང་ལས་བྱུང་། ཆགས་སྡང་གི་རྩ་བ་ནི་ཉེ་འབྲེལ་སོགས་ལས་བྱུང་ཞེས་ཁོང་གིས་རྒྱུན་གསུངས་མཛད། བཀའ་འགྱུར་གྱི་ཆོས་རྩིག་ལ་མཆོད་པ་ཕུལ་ཞིང་ཕྱག་འཚལ། ཉ་སྟོང་ཚེས་བརྒྱད་ལ་བསྙུང་གནས་སྲུང་། དཔྱིད་དུས་སུ་བྱེའུ་རྣམས་ལ་ནས་འབྲུ་སྦྱིན། མ་ཎི་ཕན་ཡོན་མང་པོ་ཡོད་པ་ཐུགས་ལ་བཟུང་ནས། མི་མང་རྣམས་ལ་མ་ཎི་འུ་རུ་རུ་འདོན་བཅུག་ནས་ཆོས་གསུངས་པ་སོགས་ཀྱིས་དགེ་བསྐུལ་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད། མི་སེར་ཚོ་ལ་ཕག་རྒན་དང་ཨ་རྐོའམ་ལྟོ་ལེ་མི་གསོད་རྒྱུ་ཁས་ལེན་བྱེད་བཅུག ངས་བྱིས་པ་ཆུང་ངུ་རྣམས་ལའང་དགེ་སྡིག་གི་བླང་དོར་མང་པོ་བརྡ་སྤྲད་པ་ཡིན་གསུངས། སྐབས་ཤིག་ཁོང་གིས་ནཱ་རོའི་དཀའ་བ་སྤྱད་ཚུལ་ཡིག་ཆ་ཞིག་ལོན་ནས། དེར་གཟིགས་པས་ཡིད་འཕྲོག་ནས་ནམ་ཟླ་གར་སོང་མ་ཚོར་བ་ཡིན་གསུངས། ཁོང་གིས་ཆོས་ཁྲིད་གནང་སྐབས་མི་ཚང་མ་ལ་སྤྱན་རས་གཟིགས་ཀྱི་གཟུངས་རིང་གི་ལུང་དང་། ཡི་གེ་པོ་ཏི་གཅིག་མགོ་ཐོག་ལ་བཞག་ནས། ཙན་དན་ཕྲེང་བ་རེ་གནང་ནས་ཡིག་དྲུག་འདོན་དགོས་ཁོ་ན་གསུངས། ར་ཏིའི་དགོན་གྱི་གྲྭ་པ་རྣམས་མཇལ་ས་བྱུང་སྐབས། ང་རང་ཡང་འདི་རྣམ་པ་ལྟར་རབ་བྱུང་གི་གོས་གྱོན་དགོས་དགོངས་ནས། དེའི་ཕྱིན་ཆད་ནས་གཟན་ཤམས་གྱོན་རྒྱུ་ལ་ཤིན་ཏུ་དགའ། ཡང་ཁོང་ལན་གཅིག་རྒྱ་ནག་རི་བོ་རྩེ་ལྔའི་དཀར་ཆག་ལྷུན་པོའི་རྒྱན་ཞེས་བྱ་བར་གཟིགས་པས་མགོན་པོ་འཇམ་དབྱངས་ཡི་དམ་བྱེད་དགོས་སྙམ་ནས་ཡི་དམ་དུ་བརྟེན་རྗེས་མཚན་ཉིད་ཀྱི་གྲྭར་ཞུགས་པའི་བག་ཆགས་སད། ཆོས་རྗེ་རིན་པོ་ཆེའི་འགྲོ་བའི་དོན་དུ་གདན་ས་བྱེད་མྱོང་ས་དང་གནས་མཇལ་འགྲོ་མྱོང་ས་སོགས་ཀྱི་ས་མིང་རྣམས་ཁོང་གི་རྣམ་ཐར་ལས་བཏུས་པ་ལྟར་འདིར་བཀོད་པ་རྣམས་གཤམ་གསལ།
ཏྲེ་བོའི་ཡུལ། དཀར་མཛེས་སྡེ་མགོན་ལྷ་ཁང་། བསམ་འགྲུབ་དགོན། ར་ཏི་དགོན། སྟོང་མགོ་དགོན་པ། འདྲ་ཡུལ། འདྲ་འབུ་ཡང་རོང་། དགོན་གསར། རྫ་བཀྲ་རིན་ཆེན་སྒང་། ལ་ལི་གཤིས། ཉ་ར་དགོན། བོན་པོ་འདུ་ར་དགོན། དར་རྩེ་མདོ། རྣ་རི་དགོན། འགར་ཐར། འབུ་ཡང་རོང་། སྙ་ལམ་དགོན། བ་ཤི་དཔལ་གྱི་རི། ཉག་ཆུ་ཁ། ཉག་རོང་། ཁུ་ཁྲི་དགོན། བཀའ་བཞིན་དགོན། འགྲོ་མགོན་དགོན། མིའུ་རོང་། ཕག་མོ་རི། འགོམ་གྱི་སྡེ་དགོན། ཤལ་འགུའི་དགོན། ལི་ཐང་། ཀརྨ་ལྷ་སྟེང་དགོན། དགའ་ལྡན་དགོན། གོ་ཇོ་ཨེ་ཝཾ་དགོན། འུ་རུ་དགོན། འཕར་ར་དགོན། ཀཾ་པོའི་དགོན། ཁུ་རི་དགོན། ར་ཤལ་དགོན། རལ་པ་དགོན། བྱམས་སར་དགོན། སྐྱ་ཀེའི་ཡུལ། བོན་གྲོང་དང་འགུ་ཐོམ། འཇང་ཡུལ། འཇང་རི་སྨུག་པོ། རྨ་རྒྱ་འབོ་ལོ། མུར་རྒྱུ་ཁྲོ་འཛི། ཤེའུ་འགུ་ར། རྒ་ལོ་ཕུག་སོགས་སུ་བྱོན་ནས་འགྲོ་དོན་དཔག་ཏུ་མེད་པ་མཛད་མྱོང་བར་བཤད་དོ། །ཞེས་པ་འདི་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་འཇམ་དབྱངས་གྲགས་པའི་རང་རྣམ་གྱི་ཤོག་གུ་ལྡེབ་མ༢ནས༣ངོས་སུ་གཟིགས་དང་ཤེས་པར་འགྱུར་རོ། །ཞོར་དུ་མི་ཉག་གི་ས་ཆ་མང་པོ་ཞིག་གི་ས་མིང་རང་ཤུགས་ཀྱིས་རྟོགས་པར་འགྱུར་བ་ཡིན་པས་དེ་ལུགས་ཞུ། མཐར་ཁོང་དགུང་ལོ་བརྒྱད་ཅུ་གྱ་དགུའི་ཐོག་ཏུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། དེ་ཡང་ཁམས་མི་ཉག་ནི་བོད་ཀྱི་མཁས་པ་འབྱུང་སའི་སྒོ་ཆེན་ཡིན་པ་དཔེར་ན། རྒྱ་ནག་ཏཱ་མིང་གོང་མའི་དུས་ལའང་སངས་རྒྱས་བསྟན་པ་དར་ཞིང་མི་ཉག་མཁས་པ་མི་ལྔའམ་མི་དྲུག་སོགས་ཀྱི་བཀའ་དྲིན་གྱིས་རིག་གནས་ཀྱི་འཆད་ཉན་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་ཡོད། ཁོང་རྣམ་པ་ཚོས་གསུང་རྩོམ་དུ་མ་ཞིག་བརྩམས་ཡོད་ཀྱང་རིག་གསར་སྐབས་སུ་རྩ་མེད་རྡུལ་བརླག་ཏུ་བཏང་ཟིན། དེ་ཡང་མི་ཉག་མཁས་པ་མི་ལྔའམ་མི་དྲུག་གི་ལོ་རྒྱུས་ཀྱི་རྣམ་ཐར་རྒྱས་པར་ཤེས་འདོད་ན། ད་ལྟའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་སེང་གེ་བཟང་པོས་བརྩམས་པའི་མི་ཉག་མཁས་དབང་ལྔའི་རྣམ་ཐར་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་བྲག་དཀར་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི་མི་ཉག་མཁས་དབང་མི་ལྔའི་རྣམ་ཐར། སྐྱིད་ལེགས་སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས་པའི་མཁས་ཤིང་གྲུབ་པའི་སྐྱེས་ཆེན་མི་ལྔའི་རྣམ་ཐར་ངོ་མཚར་སྣང་བ། མི་ཉག་འཇམ་དབྱངས་གྲགས་པ་རང་གིས་བརྩམས་པའི་མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ་བཅས་ལ་གཟིགས་དང་མཁྱེན་པར་འགྱུར་རོ། །
མི་ཉག་སྐྱོར་དཔོན་བློ་བཟང་ཡོན་ཏན་གྱི་མཛད་རྣམ།
དེ་ཡང་མི་ཉག་སྐྱོར་དཔོན་རྗེ་བཙུན་བློ་བཟང་ཡོན་ཏན་མཆོག་ནི་ཕ་ཡབ་ཚེ་རིང་དང་མ་ཡུམ་སེའུ་ཟག་མ་ལོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ༡༩༠༢ལོར་མི་ཉག་ཁྲོད་རྒྱུད་སྨད་པ་གྲོང་གི་འབྲོག་ཁྲ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་སྐབས་སུ་དགེ་རྒན་གནས་བརྟན་ནོར་བུའི་མདུན་དུ། ཐོག་མའི་ཆར་ཐུན་མོང་བའི་ཡི་གེ་འབྲི་ཀློག་ལ་སྦྱོང་བརྩོན་མཛད་རྒྱུའི་དབུ་བཙུགས། སྐྱེས་བུ་དམ་པ་འདི་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཀློང་བརྡོལ་བས། ཀུན་གྱི་བློ་ཡུལ་དུ་མི་ཤོང་བའི་དུས་ཡུན་ཐུང་ངུའི་ནང་དུ་ཡི་གེ་འབྲོ་ཀློག་བཅས་ལ་བྱང་ཆུབ། དེ་རྗེས་སུམ་རྟགས་གཉིས་ལ་སྦྱོང་སྐབས་
ཟབ་གསལ་མྱུར་གསུམ་གྱི་མཁྱེན་རྩལ་ཆེ་བས། དཔེར་བརྗོད་དང་བཅས་པ་མ་ལུས་པར་མཁྱེན་ནས་དགེ་རྒན་ཤིན་ཏུ་ཐུགས་དགྱེས་ཏེ། མི་ཉག་གངས་དཀར་སྤྲུལ་སྐུ་ལྟ་བུའི་ཤེས་རབ་ཀྱི་རྣམ་དཔྱོད་ཆེ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེ་ནས་འདོན་ཆ་དང་། གདངས་དབྱངས་གར་གསུམ། བཅའ་འབུད་རྡུང་གསུམ་སོགས་ལ་ཐོགས་པ་མེད་པར་སྦྱངས། ཞོར་དུ་སྙན་ངག་སོགས་སྦྱངས་ནས་དགུང་ལོ་བཅོ་བརྒྱད་ཐོག་མི་ཉག་གི་རྣམ་དཔྱོད་ཅན་གྱི་གྲལ་དུ་ཚུད་པར་གྱུར། དགེ་རྒན་དང་ཡབ་རྒན་གཉིས་ཀྱི་བསམ་ཚུལ་རྣམས་ཁོང་ལ་བཤད་སྐབས། དཔེར་ན་གྲྭ་པ་གྲྭ་ས། བུ་མོ་གནས་ས་ཞེས་པའི་དཔེ་ལྟར། དགེ་རྒན་དང་ཕ་རྒན་གཉིས་ཀྱིས་གྲྭ་ས་སྡེ་དགེ་དཔལ་སྤུངས་ལ་སོང་ན། གངས་དཀར་སྤྲུལ་སྐུ་བཞུགས་ཡོད་པས་དེར་བྱོན་ན་བཟང་ཞེས་བཤད། ཁོང་གྲྭ་ས་ཆེན་པོ་ཞིག་ལ་བྱོན་འདོད་ཆེན་པོ་ཡོད་པས་འཐད་པ་མ་བྱུང་། ཕ་རྒན་གྱིས་ལམ་རྒྱགས་མཐུན་རྐྱེན་གྱ་ནོམ་པ་བརྫངས། འགྲོས་རོགས་དང་ལྷན་དུ་གངས་ཅན་པའི་ལྟེ་གནས་ལྷ་ལྡན་དུ་ཆས། ལམ་བར་ཟླ་བ་གསུམ་དང་ཕྱེད་ཀྱིས་ལྷ་སར་འབྱོར་ནས། གནས་མཇལ་ཉིན་ཁ་ཤས་མཛད་རྗེས་ངལ་གསོས། དེ་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་སྟོང་དཔོན་རིན་པོ་ཆེ་རྗེ་བཙུན་ངག་དབང་ཆོས་འགྲུབ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས། གཞུང་ལུགས་མདུད་རྒྱ་གྲོལ་བའི་རིགས་ལམ་ལ་སྦྱངས། སྐྱེས་སྦྱོང་གི་མཁྱེནརབ་གློག་ལྟར་མྱུར་བས། བསྡུས་གྲྭའི་རིགས་ལམ་དཔྱིས་ཕྱིན་པར་གྱུར་ཏོ། །འཛིན་གྲྭ་གསར་ཞུགས་ཡོངས་ཀྱི་དབུས་སུ་དམ་པ་འདིའིརིགས་ལམ་ལ་མཁན་རིན་པོ་ཆེ་བློ་གྲོས་རྒྱ་མཚོའི་ཐུགས་ཡིད་འཕྲོག་པར་བྱས་ཏེ་འཛིན་གྲྭའི་སྐྱོར་དཔོན་དུ་བསྐོས། དེ་ནས་བཟུང་སྟེ་མི་ཉག་སྐྱོར་དཔོན་ཞེས་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ། དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་བློ་བཟང་ཡོན་ཏན་ཞེས་བཏགས། ཁོང་གི་ཐུན་མོང་མ་ཡིན་པའི་མཛད་རྗེས་རྣམས་ཅུང་ཟད་བརྗོད་ན། དམ་པ་འདི་ཉིད་མཁན་པོའི་ལས་ཐོག་སྐབས་ཉིད་ཀྱིས་སྦྱིན་བདག་མཛད་དེ་དཔལ་ལྡན་རྒྱུད་སྟོད་ཀྱི་ཆོས་རར། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་རྒྱུད་པའི་གྲྭ་མང་གཙོས་ཆོས་ཞུ་བ་བཞི་སྟོང་ལྷག་ལ་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་གནང་བ་སོགས་ཀྱི་འགན་ཆེན་པོ་ཁུར་མྱོང་། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་གཉིས་པ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཁོང་རྣམ་གཉིས་རྡོ་རྗེ་སྤུན་གྲོགས་ཡིན། དམ་པ་འདིའི་སློབ་མ་རྣམས་ནི་མཁས་གྲུབ་གཉིས་ལྡན་ཤ་སྟག་ཡིན། ཡི་གེ་མང་བར་དོགས་ནས་འདིར་སློབ་མ་ཚོའི་མཚན་རེ་རེ་ནས་བྲིས་མེད། མཐར་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོ་སྟེ་སྤྱི་ལོ༡༩༥༨ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །སྐབས་དེར་ཁྲི་ཆེན་བཀྲ་ཤིས་སྟོང་འདུས་མཆོག་གིས་ཀྱང་ཐུགས་ཕམ་ཆེན་པོ་མཛད་ཅེས་གསུངས། མཇུག་གི་བྱ་བ་ཚང་མ་ཁོང་གི་སྐུ་མཆེད་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་བསྒྲུབས། ཁོང་ཡང་དགའ་ལྡན་ཁྲི་པ་ཞིག་དང་ཕལ་ཆེར་ཁྱད་པར་མེད་པས་འདིར་བཞག་པ་ཡིན་ནོ། །
བོད་ཀྱི་སྨན་པ་མཁས་པ་མི་དགུའི་ཡ་གྱལ་རོང་རྗེའི་མཛད་རྣམ།
མི་ཉག་རོང་རྗེ་ནི་ཁམས་མི་ཉག་མགར་ཐར་གྱི་ས་ཆ་ཞིག་ལ་འཁྲུངས་པར་བཤད། འཁྲུངས་ལོ་དང་ཕ་ཡབ་མ་ཡུམ་གྱི་མཚན་མི་གསལ་པས་འབྲི་མ་ཐུབ། བོད་ཀྱི་སྨན་པ་མཁས་པ་མི་ཉག་རོང་རྗེ་ནི་བོད་ཀྱི་སྨན་པ་མཁས་པ་མི་དགུའི་ནང་གི་ཨང་དྲུག་པ་ཡིན། དམར་དཔྱད་ལ་ཤིན་ཏུ་མཁས་པ་ཞིག་བྱུང་། ཁོང་གི་བརྩམས་ཆོས་ནི། དུམ་ཆེན་ནག་པོ་རྨ་ཆའི་སྐོར་གསུམ་དང་། དམྱལ་བ་ཁྲག་འཛགས་ལ་སོགས་པ་མཛད་ཡོད། བར་བྱེད་ལྔ་བཅུ་རྩ་བརྒྱད་ཞེས་པ་བསྒྲངས་སྐབས། མི་ཉག་རོང་རྗེ་འགའ་འགའ་ཡིས། རི་བོ་བརྩེགས་པའི་འགྲེལ་པ་སོགས། ཞེས་དང་། སྡེ་སྲིད་ཀྱི་ཁོག་འབུག་ནང་དུ། བརྩོན་འགྲུས་སྙིང་པོས་མཛད་པའི་སུ་ཁུག་ལ་སོགས་པ་མི་ཉག་གི་ལུགས་ཞེས་པའང་བྱུང་བར་གསུངས་སོ། །ཞེས་པ་འདིའི་འབྱུང་ཁུངས་ནི་སྤྱི་ལོ༡༩༩༠ལོའི་ཟླ༡༡པར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པ། བྱམས་པ་ཕྲིན་ལས་ཀྱིས་བརྩམས་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་ལྡེབ་མ༦༧ལས་བཏུས་པ་ཡིན་ནོ། །
མི་ཉག་གི་གྲུབ་ཐོབ་རྣམ་གསུམ།
དེང་སང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བརྒྱད་ཟུར་རྫོང་གི་ཁོངས་གཏོགས་ཨཱ་ར་དགོན་པའི་འཕགས་ཆེན་གྲུབ་ཐོབ་ཨཱ་ར་ཆོས་རྗེ་དང་། གྲུབ་ཐོབ་འཕྲིན་ལས་རྗེ་ཀུན་དགའ་བཟང་པོ། གྲུབ་ཆེན་ཞིག་པོ་བ་མཉམ་ཉིད་རྡོ་རྗེ་བཅས་ཡིན་ཡང་ཁོང་ཚོའི་ལོ་རྒྱུས་རྣམ་ཐར་ནི་མ་རྙེད་དོ། །
གོ་ཤུལ་བླ་མ་ཀུན་བཟང་བསོད་ནམས་ཀྱི་མཛད་རྣམ།
དེ་ཡང་མི་ཉག་མཁས་དབང་གོ་ཤུལ་བླ་མ་ཀུན་བཟང་བསོད་ནམས་མཆོག་ནི། ཡབ་གོ་ཤུལ་དགའ་ལྡན་དང་། ཡུམ་ཁུས་མོ་བཟང་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བཞི་པའི་ཆུ་མོ་ལུག་གི་ལོ་སྟེ་སྤྱི་ལོ༡༨༢༣ལོར་དགེ་མཚན་ལྡན་པའི་ཡུལ་གསེར་ཁ་ཁོག་གི་གནས་མཆོག་ཡུལ་མཎྜལ་ལ་ཁ་ཞེས་པ་ངོ་མཚར་བའི་རྟགས་དགེ་མཚན་དུ་མ་དང་ལྡན་པའི་ས་ཆ་རུ་སྐུ་འཁྲུངས། གཡོ་རུ་བཟོད་པ་ཞེས་པའི་བྱ་བྲལ་བའི་སྐྱེས་བུ་དམ་པ་ཞིག་ཡོད་པ་དེའི་མདུན་དུ་ཁྱེར་སྐབས་བུ་འདི་ཁྱེད་ཚོསགཙང་སྦྲ་གྱིས་དང་རིགས་བཟང་ཞིག་རེད་ཅེས་གསུངས་ནས་ཁོང་གིས་ཁྲུས་དང་བསྲུང་བ་བྱས། མཚན་ཡང་ཀུན་བཟང་བསོད་ནམས་ཞེས་གསོལ། ཆུང་དུས་ནས་བྱིས་པ་གཞན་གྱི་བྱ་སྤྱོད་ལས་ཁྱད་དུ་འཕགས་པ་ཞིག་ཡོད། ཡི་གེ་འབྲི་ཀློག་སོགས་ཀྱང་ཚེགས་མེད་དུ་མཁྱེན། གསེར་ཁ་བླ་བྲང་གིས་ཁོང་ལ་འབུམ་དངུལ་བྲིས་ཅིག་གསེར་ཞལ་ཕྱེ་རུ་བཅུག་པས་ཁོང་ལ་འབུལ་བ་མང་ཙམ་ཕུལ་ཡང་ཉར་ཚགས་ཁོང་གིས་མཛད་མི་ཤེས་པས་གྲོགས་ཀྱིས་བྱས་སོ། །
ཉིད་ཀྱིས་ཐོས་བསམ་སློབ་གཉེར་མཛད་ཚུལ་ནི། དེ་ཡང་ཁོང་གྲྭ་ས་སེར་ཤུལ་དང་སེ་འབྲས་སོགས་ལ་ཕེབས་ཏེ་རིས་མེད་ཀྱི་ཆོས་རྒྱུད་ཁག་ལ་གསན་སྦྱངས་མཛད། སྐབས་དེར་ རང་ཡུལ་ཕྱོགས་ན་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་བཞི་ཞེས་གྲགས་ཆེ་བའི་གཅིག་ར་ཤེལ་ཡིན། ཁྱེད་དགོན་པ་གང་གི་ནས་ཡིན་ཞེས་འདྲི་སྐབས་ང་མི་ཉག་ར་ཤེལ་དགོན་པ་ནས་ཡིན་ཞེས་གསུངས་པས་ར་ཤེལ་པཎ་ཆེན་དུ་གྲགས། སེར་འབྲས་གཉིས་སུ་འཚོགས་གླེང་གནང་སྐབས་ཁོང་གིས་སྔོན་རྒྱབ་ཏུ་འདུལ་བའི་གླེགས་ཐག་གིས་སྤྲས་ཏེ་སྤོབས་པ་བསྐྱེད་ནས་འདུལ་བ་པོ་ཏི་བཅུ་གསུམ་ཐུགས་ཐོག་ནས་འཆད་ཐུབ་པས་མཁས་པ་སུས་ཀྱང་འགྲན་མེད་དུ་གྱུར། སེར་ཤུལ་དགོན་ནས་དབོན་བློས་འགྱུར་དང་ཁོང་རྣམ་གཉིས་ཀྱིས་གྲོས་འཚོགས་མཚན་གླེང་གནང་བས་མཁས་པ་རྣམས་ཀྱིས་དེ་ལས་ངོ་མཚར་བ་མཐོང་མ་མྱོང་གསུངས། གཞན་ཡང་རྫོགས་ཆེན་གྱི་མཁན་ཆེན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་དང་། དགེ་མང་རྒྱལ་སྲས་གཞན་ཕན་མཐའ་ཡས། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཚད་གྲུབ་ཀྱི་སྐྱེས་ཆེན་བླ་མ་དམ་པ་མང་པོ་བསྟེན་པས་ཐོས་བསམ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པར་མཛད་པ་དང་། གླིང་སྤྲུལ་རིན་ཆེན་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་གཞན་ཕན་ཐུགས་རྗེའི་དབང་ཕྱུག་གམ་མཚོ་སྐྱེས་དགྱེས་པ་པདྨ་བདེ་བ་རྩལ་གྱི་མདུན་ནས་བསྙེན་རྫོགས་ཞུས་ཏེ་མཚན་ཐུབ་བསྟན་ཆོས་ཀྱི་གྲགས་པ་ཞེས་གསོལ། དཔལ་སྤྲུལ་རྡོ་རྗེ་འཆང་གི་མདུན་ནས་སྤྱོད་འཇུག་སོགས་དང་གཞན་ཡང་ཟབ་གནད་ཀྱི་གདམས་ངག་མཐའ་དག་གསན་པས་ཐུགས་སྲས་ཀྱི་གཙོ་བོར་གྱུར། དཔལ་སྤྲུལ་རིན་པོ་ཆེས་སྤྱོད་འཇུག་རང་ལས་མཁས་པའི་སློབ་མ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཁྱད་པར་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་རྒྱལ་སྲས་ཐམས་ཅད་མཁྱེན་པ་བློ་གྲོས་ཀྱི་དྲུང་དུ་ལོ་བདུན་ལ་མཆོད་དཔོན་བྱས་ནས་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཀྱི་དབང་ལུང་མན་ངག་དང་བཅས་པ་ཐུགས་རྒྱུད་ཀྱི་དགོངས་པ་མ་ལུས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་འཕོས་དེ་ཁོང་གི་སློབ་འབངས་ཡོངས་ཀྱི་གཙོ་བོར་གྱུར། སྐབས་དེར་མཁས་དབང་མི་ཕམ་རིན་པོ་ཆེ་ཡང་བཞུགས་པས་ཁོང་ལ་ཡང་ན་རིག་པ་རིགས་པས་བསླུ། ཡང་ན་རིག་པ་ནོར་གྱིས་བསླུ་དགོས་གསུངས་པས་རང་རེ་གཉིས་ལ་ནོར་ནི་མེད། ད་རིག་པ་རིགས་པས་བསླུ་དགོས་ཞེས་པས་ཉིད་ཀྱི་བདག་ལ་ཤེར་ཕྱིན་ཞིག་གསུང་བར་ཞུ་ཞེས་པས། ཁོང་གིས་དེ་བཞིན་དུ་གསུངས་བས་མི་ཕམ་རིན་པོ་ཆེས་དེའི་མོད་ལ་ཤེར་ཕྱིན་མདོ་འགྲེལ་ཏེ་གསུངས་སོ། །
བསྟན་པ་དང་སེམས་ཅན་གྱི་དོན་མཛད་ཚུལ་སྐོར། རྗེས་སུ་རང་ཡུལ་དུ་ཕེབས་ནས་འགྲོ་དོན་མཐའ་ཡས་པར་མཛད་པ་དང་། ཁྱད་པར་དུ་འདུལ་བ་གཞི་གསུམ་གྱི་ཆོ་ག་ཕྱག་བཞེས་དབྱར་གྱི་ཆུ་གཏེར་བཞིན་དུ་དེང་སང་གི་བར་དུ་རྒྱས་པར་མཛད་པས། འདི་ཕྱོགས་ལ་དབྱར་གནས་ཀྱི་ཕྱག་བཞེས་ཀྱང་སེར་འབྲས་སོགས་ལས་ཀྱང་ཁོང་གི་ཕྱག་བཞེས་ལྷག་ཅེས་མཁས་དབང་དུ་མས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། སྙིགས་དུས་འདུལ་བའི་བསྟན་པ་ཉམས་པར་གྱུར་ཚེ་བསྟན་པའི་སྲོག་མཐུད་པ་པོ་གང་གི་ཚུལ་ཁྲིམས་གྱི་་དྲི་བཟང་འཐུལ་བ་རྒྱུན་དུ་ཀུན་གྱིས་བརྗོད་པ་ཡིན། གླེགས་བྲག་རྫོང་དགོན་དུ་ཟླ་བ་ཆ་ཤས་བཞུགས་ནས་བཤད་ཁྲིད་ཀྱིས་སློབ་མ་བསྐྱངས་སྐབས་ཁོང་གིས་འདིའི་ནང་ཚེ་འདི་བློས་ཐོང་བའི་ཆོས་པ་རྣམ་དག་བཞི་ཙམ་འདུག་གསུངས། སླར་རང་ཡུལ་དུ་ཕེབས་ནས་བེ་ལོ་རི་ཁྲིད་ལ་ཐོག་མར་བཞུགས་སྐབས་ཀྱི་ཉིན་ཞིག་ལ་ཉེ་གནས་དཔལ་ལྡན་འོད་ཟེར་ལ་ད་ནི་རང་རེ་སྡོད་སའི་ཁང་པ་ཞིག་དགོས་པས་ས་ཆ་བརྟག་སར་འགྲོ་གསུངས་ནས་བྱོན་སྐབས། ལམ་ཁར་རྡོ་རྐོ་ཡོན་ཏན་ཞེས་པ་ཞིག་གིས་རྟ་ཁྲ་ཞིག་ལ་ཞོ་དང་འོ་མ་སོགས་བཀལ་ནས་འོང་བ་དང་འཕྲད་པས་འདི་རྟེན་འབྲེལ་ཤིན་ཏུ་བཟང་གསུངས་ནས་དེར་གཟིམ་ཁང་ཞིག་བཏབ་སྟེ་ཡུན་རིང་བཞུགས། ཁོང་ནི་དུས་རྟག་ཏུ་ཁྱི་སྤྲང་སོགས་མཐོང་ན་ཆོས་དང་ཟང་ཟིང་གི་སྦྱིན་པ་གང་གི་རེ་འདོད་བསྐང་བར་མཛད་མཁན་ཞིག་ཡིན། སྐབས་དེར་ཁོང་གིས་སྡིག་ཁྲིམས་བཞག་ནས་སྐྱེ་བོ་མང་པོའི་སྡིག་འཕྲོ་བཅད་པ་ལ་སོགས་པའི་དམ་པ་འདིའི་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་མཛད་ཡོད་པ་སོགས་ནི་འདིར་མ་བྲིས་སོ།།
གསུང་རྩོམ་གྱི་སྐོར། མཁས་དབང་དམ་པ་འདིས་གཞུང་པོད་ལྔ་གཙོ་བོར་གྱུར་པའི་བསྟན་བཅོས་རྣམས་ལ་འགྲེལ་བཤད་དང་། ཞལ་གདམས་བློ་སྦྱོང་སྐོར་སོགས་ལེགས་བཤད་རྣམས་ནི་རྙེད་བཀུར་དང་སྙན་གྲགས་སོགས་ཀུན་སློང་ངན་པས་མ་བསླད་པར་བླ་ན་མེད་པའི་ཐུགས་བསྐྱེད་གཞུང་བཟང་བས་མཁས་པ་དང་བླུན་པོ་ལས་དང་པོ་བ་དང་། སྦྱངས་ཡོན་མཐར་སོན་པའི་གང་ཟག་སུ་ཞིག་གིས་མཇལ་ན་ཚིག་སྙན་ཞིང་སྒྲོམ་ཆེ་ལ་དཀའ་བའི་གནད་ལ་ལྷག་པར་ཟབ་པ། ཞལ་གསལ་ལ་བློར་འཛིན་བདེ་བས་བློ་གསར་རྣམས་དགའ་བ་སྐྱེད་ཐུབ་པས་གདན་ས་ཆེན་པོའི་མཁས་པ་འགའ་ཞིག་གིས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུངས་དང་མཐུན་པར་གསུངས་ཀྱང་དོན་དུ་གྲུབ་མཐའ་སོ་སོའི་འདོད་ཚུལ་རྣམས་བསྲེ་བསླད་དགག་བཞག་མེད་པར་རང་ལུགས་ཇི་བཞིན་པར་གསུངས་ཡོད་པས། ས་དགེ་བཀའ་རྙིང་གང་གིས་ཀྱང་གཙུག་གི་ནོར་བུ་ལྟར་བཀུར་བས་ཁོང་གིས་གསུངས་ལ་གཟིགས་རྟོགས་མི་མཛད་པ་གཅིག་ཀྱང་མེད་པས་ཡོངས་གྲགས་ཀྱི་པཎ་ཆེན་རྣམས་ཀྱི་བསྟན་བཅོས་དང་དབྱེར་མེད་དུ་གྱུར། ཁོང་གིས་གདུལ་བྱའི་ཁམས་དང་མཐུན་པར་མཛད་ནས་ཆོས་འཆད་སྐབས་སྐྱེ་བོ་ཕོ་མོ་རྣམས་ལ་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས། བློ་ལྡོག་རྣམ་བཞི། བདེ་སྨོན་འགྲེལ་བ་སོགས་གསུངས་ནས་ཐར་ལམ་ལ་འགོད་པའི་ཐབས་སྣ་ཚོགས་སྟོན་པར་མཛད། སློབ་མ་བཟང་བ་རྣམས་ལ་དབུ་ཕར་འདུལ་མཛོད་སོགས་རང་རང་གི་ཁམས་དང་དབང་པོ་དང་མཐུན་པར་གསུངས་སོ། །གཞན་ཡང་ཁོང་གི་གསུང་འབུམ་རྣམས་ཉེ་གནས་ཀྱིས་ལན་གྲངས་མང་པོར་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་ཁུར་ཏེ་པར་དུ་བཀོད་ཐབས་བྱེད་སྐབས་དེར་ས་སྐྱའི་ཡིག་ཆ་མ་གཏོགས་གྲུབ་མཐའ་འམ་ཆོས་བརྒྱུད་གཞན་གྱི་ཡིག་ཆ་དཔར་འཁོད་དཀའ་བས། ཤེར་ཕྱིན་འཆན་འགྲེལ། དབུ་མ་འཇུག་པའི་འགྲེལ་ཆུང་སོགས་སྐུ་ཉིད་ཀྱི་གསུང་འགའ་ཞིག་ཁོང་གི་དངོས་སློབ་མཆོག་གྱུར་ས་སྐྱའི་བསྟན་པའི་མཛེས་རྒྱན་འཇམ་དབྱངས་བློ་གཏེར་དབང་པོའི་གསུངས་ཡིན་ཞེས་མཛད་བྱང་བསྒྱུར་ནས་པར་དུ་བཀོད་པའང་ཡོད། ཁོང་གི་གསུང་རྩོམ་ཁྱོན་བསྡོམས་པོད་ལྔ་ཡོད་པར་བཤད། རིས་མེད་བསྟན་འཛིན་ཆེན་པོ་གང་གིས་མཁས་གྲུབ་ཀྱི་སློབ་མ་བསྐྱངས་ཚུལ་ནི་རིས་མེད་ཀྱི་གྲུབ་མཐའ་དག་གི་བསྟན་འཛིན་ཕལ་མོ་ཆེས་གང་གི་ཞབས་པད་བསྙེན་ཞིང་བཀའ་སྲོལ་ཅི་བཞིན་པར་བཤད་སྒྲུབ་ཀྱི་དགའ་ཚལ་དབྱར་གྱི་དཔལ་ལ་འགྲན་པར་བྱས་སོ། །
གདུལ་བྱ་སློབ་མ་རྣམས་ལ་ཆོས་གསུང་ཚུལ་སྐོར། སྐུ་ཉིད་ཀྱི་ཆོས་ཁྲིད་ཀྱི་སྐབས་ཀུན་སློང་བཅོས་པ་རྒྱས་པ་བློ་ཆོས་སུ་འགྲོ་ངེས་གསུངས་འཕྲལ་གཞུང་བཤད་གང་ལ་འཇུག་པ་དེའི་ཆོས་མཚམས་རེའི་སྐབས་དེ་རིང་གོ་ཤུལ་བན་རྒན་གྱིས་བཤད་པའི་དོན་འབྲས་ནི་ཀུན་གྱིས་དགེ་བ་ཆེ་འགྲུབ་ཆུང་འགྲུབ་སྡིག་པ་ཤི་འཛེམ་རོ་འཛེམ་དང་། རྟག་ཏུ་བསམ་པ་བཟང་པོ་རེ་བྱེད་རོགས་ཞེས་ནན་ཏན་གྱིས་གསུངས་སྲོལ་ཡོད། ཡོན་ཏན་ཤིན་ཏུ་སྦས་པས་རྣལ་འབྱོར་བ་ཆེན་པོ་དེའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་གཅིག་མངོན་དཀའ་ཡང་། སྐབས་ཤིག་ས་གནས་སོ་སོའི་སྐྱེ་བོ་མང་པོ་ལ་ཆོས་འབྲེལ་རེ་འཇོག་ཕྱིར་དང་མི་ཉག་མཁས་པ་མི་ལྔའི་གདན་སར་ཕེབས་ཞོར་དུ་མི་ཉག་ཀ་བཞི་དགོན་ལ་བྱོན་པའི་ལམ་ཁར་རིག་པའི་སེངགེའི་ཞབས་རྐང་ལ་སྦྲུལ་གྱིས་དུག་ཕོག་པ་དེ་ཕ་ཀའི་རྫ་མཚོ་རེད་ཅེས་གསུངས་པ་སོགས་སྔོན་གནས་རྗེས་དྲན་དང་ཞལ་མཇལ་ལུང་བསྟན་གནང་བ་སོགས་ངོ་མཚར་དུ་མ་ཡོད་ཚུལ་ཉེ་གནས་ཨ་དཔལ་གྱིས་གསུངས་སོ། །
བཙུན་པའི་ཚུགས་དང་སྐུ་གཤེགས་ཚུལ། དེ་ཡང་ཇི་སྐད་དུ་ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག་གསུངས་པ་བཞིན་གང་ཞིག་མཁས་དབང་དང་གྲུབ་བརྙེས། མི་ཆེན་དང་། ས་དབང་དང་མངའ་ཐང་གི་བདག་པོ་སོགས་ཅི་ཙམ་གྱི་ཁྲོད་ན་ཀུན་སྤངས་བྱ་བྲལ་གྱི་ཚུལ་དུ་ན་བཟའ་ཡང་ཧྲུལ་པོ་རེ་མནབས་ནས་དུས་རྒྱུན་བཞུགས་ནའང་ཟླ་བས་རྒྱུ་སྐར་ཟིལ་གྱིས་གནོན་པ་བཞིན་མཚན་བཟང་གི་གཟི་བྱིན་འབར་ཞིང་ཚུལ་ཁྲིམས་ཀྱིས་དྲི་བསུང་འཐུལ་བཞིན་ཡོད་པས་སྐྱ་སེར་ཀུན་གྱིས་བཀུར་བའི་གནས་སུ་གྱུར། ཡང་ཉིན་ཞིག་ལ་ངས་ཁྱོད་རྣམས་ལ་བསྒོ་བ་ཞིག་ཡོད། ཁྱེད་རྣམ་པས་ཉན་རྒྱུ་ཡིན་ནམ་གསུངས། ཐམས་ཅད་ཀྱིས་ཉན་ལགས་ཞུས། ང་ཤི་དུས་ཀུན་བཟང་བསོད་ནམས་ཀྱི་རོ་ངན་ཞེས་བརྗོད་ནས་ཕུང་པོ་མ་ཀའི་ལམ་མདོར་འཕོངས་ཤིག་གསུངས། ཀུན་གྱིས་མི་འགྲུབ་ལགས་ཞུས་པས། ཅི་ཞིག་ཡིན་དེ་ན་ཀུན་བཟང་བསོད་ནམས་ཀྱིས་ཚུལ་ཁྲིམས་ཀྱི་མགྲོན་པོ་དེ་ད་རྫོགས་སོང་ཞེས་བརྗོད་ནས་སྣམ་སྦྱོར་དེ་ལན་གསུམ་སྤྲུགས་དགོས་གསུངས། ཚང་མས་འོ་ལགས་སོ་ཞུས་པ་ལས་གཞན་ཅི་ཡང་ཞུ་མ་སྤོབས། ད་ནི་དར་དམར་པོ་ཞིག་ཁོ་བའི་གདོང་ཐོག་ཏུ་ཁོབ་གསུངས། སློབ་མ་ཚང་མས་དེ་བཞིན་དུ་བྱས། བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ལོར་འཕྲལ་དུ་སྐུ་སེང་གེ་འགྱང་སྟབས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཡིན་ནོ། །
ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་མཛད་རྣམ།
དེ་ཡང་ཁམས་མི་ཉག་གི་མཁས་དབང་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་མཆོག་ནི་རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ༡༨༣༦ལོར་ཤར་མི་ཉག་དེང་གི་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་གྱི་རུ་གསར་མ་མགོ་རྡུང་མ་སྡེ་པའི་ཚོགས་ཤུལ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་རིག་གནས་མཐའ་དག་ལ་གསན་སྦྱངས་དང་། གདན་ས་ཆེན་པོ་འབྲས་སྤུངས་བྱམས་པ་གླིང་མི་ཉག་ཁང་ཚན་དུ་གྲྭ་སྐོར་མཛད་དེ། མཚན་ཉིད་ཐེག་པའི་རིག་ལམ་ལ་མཁས་པའི་གྲགས་པ་ཐོབ། ཕྱིས་ཁམས་སྡེ་དགེའི་ཕྱོགས་སུ་ཕེབས་ཏེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཐུན་མིན་གྱི་བླ་མར་བསྟེན་ནས། ཟབ་གསང་རྒྱུད་སྡེ་རྒྱ་མཚོ་ཐུགས་ཀྱི་བུམ་པར་བསྐྱིལ། མདོ་སྟོད་ཤར་མི་ཉག་ལྷ་སྒང་གི་ཉེ་ཞོལ་རུ་གསར་སྙན་ལམ་དགོན་དུ་གདན་སའི་མཐིལ་མཛད། དབུ་མ་རིག་ཚོགས་དྲུག་དང་། བྱམས་ཆོས་སོགས་ལ་མཆན་འགྲེལ་གནང་། སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་ཀྱི་གཞུང་ལའང་རིགས་པས་མཐའ་དཔྱད་དེ། ཡི་གེའི་ནོར་སོ་དང་། གྲངས་སུ་བསྡུ་བ། ཡང་དག་པའི་བཀླག་སྟངས། ལས་ཚིག་གི་དབྱེ་བ་བཅས་ལ་ཟབ་ཅིང་རྣོ་བའི་གསལ་ཁ་བཏོད་པ་དེ་རྣམས་ད་ལྟ་མཁས་པ་ཀུན་གྱིས་ཚད་མར་བཟུང་སའི་གནས་སུ་གྱུར། ད་དྲག་བསྡུས་པའི་རིགས་འགྲོས་ཀྱིས་ཡང་འཇུག་གི་ས་རྣམས་ཀྱང་བསྡུས་ན་འཐད་པར་དགོངས་ཏེ་དེའི་སྐོར་ཐུན་མོང་མིན་པའི་རྒྱས་བཤད་དང་། ཁོང་གི་གསུང་རྩོམ་རྣམས་སུ་སའི་ཡང་འཇུག་དོར་ཡོད་པས་ངན་མིང་ལ་ས་བཅད་བླ་མ་ཞེས་འབོད་སྲོལ་ཡོད། སྤྱིར་བླ་མ་འདི་ཉིད་དམ་པའི་ཚུལ་དགུའི་འབྱོར་བས་མངོན་པར་ཕྱུག་ཅིང་། ཕྱོགས་དང་རིས་སུ་མ་ཆད་པའི་བསྟན་པ་ལ་བྱ་བ་བྱེད་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཆ་ལག་དང་བཅས་པའི་དབང་ལུང་ཁྲིད་ཀྱི་རིམ་པ་མཐའ་དག་མནོས་ཤིང་ཐུགས་ཉམས་སུ་བཞེས་པས་གསན་རྒྱ་ཤིན་ཏུ་ཆེ་བ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ལ་ཅོ་འདྲི་བའི་ཟོལ་གྱིས་བཞུགས་པར་གྲགས་ལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ། སྐུ་ནུབ་སྟག་སྤྲུལ་ཀུན་བཟང་གང་ཤར་རང་གྲོལ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཞིག་ཁོང་གི་སློབ་མ་ཡིན། ཁོང་གི་ཡང་སྲིད་ནི་ཏྲེ་ཧོར་བྲག་འགོའི་བླ་མ་འཕྲིན་ལས་དོན་འགྲུབ་ཡིན་ཞེས་བླ་མ་མང་པོས་ངོས་འཛིན་གནང་བར་མཛད། བོད་གངས་ཅན་གྱི་ལྗོངས་ན་བྱ་ཚིག་གི་ཚོགས་གསུམ་གྱི་དབྱེ་ཞིབ་མཛད་ཤེས་མཁན་ཁོང་ལྟ་བུ་ད་སྔོན་བྱོན་མ་མྱོང་ཞེས་བརྡ་སྤྲོད་ལ་མཁས་པ་ཚོས་ནམ་རྒྱུན་གསུངས་པ་ལྟར་ཡིན།
ཁོང་གི་ལྗགས་རྩོམ་སྐོར། ཡི་གེ་དག་སྡེབ་སྐོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས། དབུ་མ་འཇུག་པའི་འགྲེལ་བ་སོགས་པོད་གཉིས་གསུམ་ཙམ་ཡོད་པར་བཤད་ཀྱང་ལག་ཏུ་མ་སོན་ཏོ། །
རྗེ་སྐལ་བཟང་ཡོན་ཏན་གྱི་མཛད་རྣམ།
དེ་ཡང་རྗེ་སྐལ་བཟང་ཡོན་ཏན་མཆོག་ནི་ཕ་ཡབ་བློ་བཟང་དང་མ་ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅུ་བཞི་པའི་མེ་སྦྲུལ་ལོའི་ཟླ་དང་པོའི་ཚེས་གསུམ་སྟེ་སྤྱི་ལོ༡༨༥༧ལོར་མི་ཉག་ཤྭའུ་གཤིས་པའི་ས་ཆ་ཏུ་རུ་ཆ་ཞེས་པ་རུ་སྐུ་འཁྲུངས། དར་མདོ་ལྕགས་ལ་རྒྱལ་པོས་མངོན་ཆུང་ཚུལ་གྱིས་མཇལ་མྱོང་། ཡོངས་འཛིན་རག་ཤུལ་བླ་མ་བསྟེན་ནས་ཀློག་སློབ་པས་ཚེགས་མེད་པར་ཁོང་དུ་ཆུད་པས་དགེ་སློབ་ཚང་མ་ངོ་མཚར་གྱི་གནས་སུ་བཀོད། ཉག་སྐེད་ཨ་མགོན་གྱིས་རྒྱས་སྐུ་སྲོག་འཚེ་བ་སོགས་ལ་ཁ་གཡར་ཏེ། ཉག་རོང་དུ་བཙན་གྱིས་ཁྲིད་ནས་ཡོངས་འཛིན་བློ་བཟང་སྐལ་ལྡན་བསྐོས། དེའི་མདུན་ནས་རབ་ཏུ་བྱུང་སྟེ་ཆོས་སྤྱོད་སོགས་གསན་བསམ་མཛད་སྐབས། མི་ཉག་ཀུན་བསོད་ཀྱིས་བསྔགས་བརྗོད་ཐོབ། རྗེས་སུ་ཨ་མགོན་གྱི་ཆབ་སྲིད་ཅུང་ཟད་ཉམས་སྐབས་ཉག་རོང་ནས་མར་ཕ་ཡུལ་དུ་བཏང་། དེ་རྗེས་རྒྱལ་རོང་སྤྲོ་སྣང་དུ་བླ་མའི་རྣམ་ཐར་གསུངས་པ་ཚང་མས་ཐོས་པས། སྐྱིད་ལེགས་དགོན་པ་དང་མགར་ཐར་དགོན་པ་གཉིས་ཀྱི་ཐུན་མོང་གི་བླ་མ་ཡིན་པ་ཚང་མས་ཤེས། བཞུགས་སའི་གདན་ས་ཡང་མགར་ཐར་དང་སྐྱིད་དགོན་གཉིས་གང་བདེར་མཛད། ས་འགག་རི་ཁྲོད་དུ་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཕུལ། ལམ་རིམ་སོགས་ལ་ཞིབ་གཟིགས་མཛད་ནས་གཞུང་ལུགས་ཀྱི་དགོངས་དོན་མ་ལུས་པ་མཁྱེན་པའི་ཚུལ་བསྟན། སྔ་ཕྱི་ཀུན་ཏུ་རྫོགས་ཆེན་དང་འབྲས་སྤུངས་མི་ཉག་ཁང་ཚན་སོགས་ལ་གྲྭ་སར་བྱོན། རྫ་དཔལ་སྤྲུལ་རིན་པོ་ཆེ་དང་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་ཡུལ་རྒྱ་སྤྲུལ། ཡོངས་འཛིན་རག་ཤུལ་བླ་མ། མགར་ཐར་མཁན་པོ་བློ་བཟང་དཔལ་ལྡན། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན། དགེ་བཤེས་བློ་བཟང་འཕེལ་རྒྱས། དགེ་བཤེས་བྱམས་པ་ཕུན་ཚོགས། དགེ་བཤེས་ལྷ་རམས་པ་འཇམ་དབྱངས་ཕུན་ཚོགས། སྨེ་རུ་མཁན་པོ། ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་སུམ་ཅུ་སོ་བདུན་ཙམ་གྱི་མདུན་ནས། དགུང་ལོ་སུམ་ཅུའི་བར་དུ་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མི་དམན་པ་མཛད། འབྲས་སྤུངས་དགོན་པས་དགེ་བཤེས་གླིང་བསྲེའི་མཚན་བཏགས་བཞེས། མཁས་པའི་གྲགས་པ་ཕྱོགས་མེད་དུ་ཁྱབ། ལྷ་ལྡན་གྱི་གནས་ཆེན་ཁག་མཇལ་ནས་མཐར་རང་ཡུལ་མི་ཉག་ཏུ་བྱོན། མགར་ཐར་དང་སྐྱིད་ལེགས་ཀ་བཞི་དགོན་གསུམ་གྱི་ཁྲི་ལ་བཞུགས་ནས་རྡོ་རྗེ་སློབ་དཔོན་མཛད། བར་དུ་མི་ཉག་གི་དགོན་སྡེ་དང་མི་སེར་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་སེམས་ཅན་དུ་མ་སྨིན་གྲོལ་ལ་བཀོད། རིས་མེད་ཀྱི་སློབ་ཚོགས་རྒྱ་ཆེན་པོ་འདུས། སྐབས་དེར་དར་མདོ་ལྕགས་ལ་རྒྱལ་པོས་དབུ་བླ་རུ་བསྐོས་ཏེ། རྒྱལ་བློན་འབངས་གསུམ་ཐམས་ཅད་ཁོང་གི་གདུལ་བྱར་གྱུར། མི་ཉག་གི་གྲུབ་ཐོབ་ཨ་ར་ཆོས་རྗེས་བཞེངས་པའི་ཇོ་བོ་ལ་ཉམས་གསོ་མཛད་ནས་ལྕགས་ཟམ་རི་ཁྲོད་གསར་དུ་བཞེངས། ལམ་རིམ་གྱི་ཆོས་ཁྲིད་རྒྱ་ཆེན་པོ་གནང་། ཤར་སྟོད་བཞག་བྲ་དང་ཤར་སྨད་འབོ་གངས་དཀར་ཕྱོགས་སུ། གནས་དང་དགོན་ཁག་རོང་འབྲོག་བཅས་ཀྱི་ས་ཆ་དུ་མ་ལ་བྱོན་ནས། སྐལ་བ་དང་འཚམས་པའི་ཆོས་ཀྱིས་ལམ་བསྟན་ནས་སེམས་ཅན་མང་པོ་ཐར་ལམ་ལ་བཀོད། བསྟན་རྒྱུན་དང་རྗེས་འཇུག་གི་གདུལ་བྱ་རྣམས་ལ་བཞག་པའི་གསུང་རྩོམ་ནི། པོད་དང་པོ་ལ་ཁྱོན་ལྡེབ་མ༥༧༢ཡོད། པོད་གཉིས་པར་ཁྱོན་ལྡེབ་མ༡༦༩ཡོད། པོད་གསུམ་པར་ཁྱོན་ལྡེབ་མ་༢༣༧ཡོད། པོད་བཞི་པར་ཁྱོན་ལྡེབ་མ༡༢༣༤ཡོད། པོད་ལྔ་པར་ཁྱོན་ལྡེབ་མ༡༣༨༨བཅས་ཁྱོན་བསྡོམས་པོད་ཆེན་པོ་ལྔ་ཡོད་པ་ནི་དེང་སང་ཡང་དངོས་སུ་མཇལ་རྒྱུ་ཡོད་པ་ཡིན་། ཁོང་ནི་མི་ཉག་ཚོགས་ཤུལ་བླ་མའི་སློབ་རྒྱུད་ཡིན་པས་གསུངས་རྩོམ་རྣམས་ཀྱི་ནང་དུ་ས་མཐའ་རྣམས་བཅད་ཡོད་པར་བཤད་དོ། །
ལྕགས་ཕག་ལོར་མགར་ཐར་ལ་ས་འགུལ་བྱུང་ནས། མཐར་ཐར་དགོན་པ་ལ་གནོད་སྐྱོན་རྒྱ་ཆེན་པོ་ཐེབས་ཡོད་ཀྱང། ཁོང་ཉིད་ཀྱིས་ཆོས་དང་ཟང་ཟིང་གི་རོགས་སྐྱོར་རྒྱ་ཆེན་པོ་བྱས་ནས་དགོན་པ་གསར་བཞེངས་མཛད། ལྷ་མོ་རྩེའི་དགོན་པ་བཞེངས་རྒྱུ་ལ་ཞལ་བཀོད་གནང་། བཀའ་རྒྱུད་པའི་དགོན་པ་མང་པོ་བཞེངས་སྐབས་རབ་གནས་མཛད། དེ་མིན་རྒྱལ་རོང་སྤྲོ་སྣང་དང་ཕྱག་ཕྲེང་བསམ་འཕེལ་གླིང་། རྒྱལ་ཐང་སོགས་ལ་ནམ་རྒྱུན་གདན་འདྲེན་ཞུས་ཏེ་བྱོན་དགོས། ཁོང་སྤྱི་ལོ༡༨༥༧ལོར་འཁྲུངས་ཤིང་ད་ལྟའི་བར་དུ་ལོ་བརྒྱ་དང་ང་བཅུ་ང་བདུན་སོང་ཟིན། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ༡༩༠༤ལོར་ཕྱག་ཕྲེང་ལ་ཇག་པ་དང་རྐུན་མས་ཉེན་ཁ་ཆེས་ཆེ་བའི་སྐབས་སུ། ཁོང་དེར་བྱོན་ནས་བདེ་སྡུག་གཏོང་ལེན་བྱེད་ཚུལ་དང་རྒྱུ་འབྲས་སྐོར་གྱི་ཆོས་མང་པོ་གསུངས། དགོན་སྡེ་གཉིས་ལ་སེམས་གསོ་མཛད་ཞོར་དུ་ལེགས་ཉེས་སྤང་བླང་གི་གནས་ལུགས་བསྟན་པས། འབྲས་བུ་བཟང་པོ་ཐོབ། མདོར་ན་ཁོང་ནི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་བཅས་གང་ཐད་ནས་བཤད་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མཁས་པ་ཆེན་པོ་ཞིག་ཡིན། མཐར་དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་་ལོའི་ཟླ་༢པའི་ཚེས་༥ཡི་ཉིན་ཕྱི་དྲོ་སྟེ་སྤྱི་ལོ༡༩༡༧ལོར་མི་ཉག་སངས་རྒྱས་ཡེ་ཤེས་ཞེས་པའི་རི་འདབ་དགོན་པ་གཤིས་ཀྱི་རི་ཁྲོད་ཅིག་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །
འདྲ་དགེ་བཤེས་ཚུལ་ཁྲིམས་རྣལ་རྒྱལ་གྱི་མཛད་རྣམ།
དེ་ཡང་མི་ཉག་ཡོངས་འཛིན་འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་ཚང་ནི་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་ཡིན། མི་ཉག་འདྲ་ཁོག་ཏུ་རབ་བྱུང་གསུམ་པའི་ནང་དུ་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་དང་འཁྲུངས་འདས་ཀྱི་ལོ་ཚིགས་ནི་ཁ་གསལ་མོ་ཞིག་མི་ཤེས་པས་རྗེས་སུ་བརྟག་པར་འཚལ། རྫ་དཔལ་སྤྲུལ་རིན་པོ་ཆེ་དགེ་བཤེས་ཁོང་གི་མདུན་དུ་དོགས་གཅོད་བྱེད་སར་ཕེབས་པའི་ལོ་རྒྱུས་ཀྱང་ཡོད། སྔོན་ཆད་ཁོང་གི་ལོ་རྒྱུས་རྣམ་ཐར་ཚར་གཉིས་ཡོད་པར་བཤད་ཀྱང་ད་ལྟ་མི་མངོན་པའི་དབྱིངས་སུ་ནུབ་ཚར། གཙོ་བོ་རིག་གནས་གསར་བརྗེ་སྐབས་བརླགས་སོང་བ་རེད་ཟེར། ལྷ་སའི་གྲྭ་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་ཐོས་བསམ་ཡུན་རིང་མཛད་ནས་དགེ་བཤེས་ལྷ་རམས་པའི་མཚན་སྙན་བཞེས། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་ལོ་མི་ཉུང་བ་ཙམ་མཛད་རྗེས། ཁོང་ནི་གནས་དབེན་པ་ལ་སྒྲུབ་པ་མཛད་རྒྱུར་ཤིན་ཏུ་དགའ་བས་ཡོངས་འཛིན་གྱི་དགོངས་པ་ཞུས། དགོངས་པ་ལོན་རྗེས་རི་ཁྲོད་ཁོ་ན་འགྲིམ་ནས་མཚམས་ལ་བཞུགས། ཁོང་གི་གསུང་རྩོམ་ནི་སྨན་བླའི་མདོ་ཆོག་དང་། ལམ་རིམ་མཆན་བཞི་སྦྲགས་ལ་དག་ཐེར་ལེགས་པོར་གནང་བའི་སྐོར་དང་། ཕུག་ནོར་བཅུ་ཞེས་པའི་བཀའ་གདམས་ཀྱི་ཉམས་ལེན་གྱི་སྡོམ་དང་རྟགས་རིགས་སོགས་དུ་མ་བརྩམས་ཡོད། མཐར་རང་ཡུལ་མི་ཉག་བརྟན་ལོ་དགོན་སར་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་པའི་ཚུལ་བསྟན་ཏོ། །
ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེའི་མཛད་རྣམ།
གངས་དཀར་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ཚང་ནི་ཡབ་བྲག་ནག་འཕྲིན་ལས་དང་ཡུམ་བྲག་ནག་སྒྲོལ་མ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ༡༨༩༣ལོའི་ཟླ༩པའི་ཚེས༡༥ལ་གངས་དཀར་ཤང་གི་སྡེ་པ་གིལ་ཏི་བྲག་ནག་ཚང་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་གི་མཚན་ནི་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ངོས་འཛིན་མཛད་སྐབས་བསྩལ་བ་ཞིག་ཡིན། སྤྱི་ལོ༡༨༩༧ལོའི་དགུང་ལོ་ལྔ་ལ་སོན་དུས་ཡོངས་འཛིན་ཝ་ཤུལ་བླ་མ་ནོར་བུ་བཞག་ནས་འབྲི་ཀློག་སྦྱོར་གསུམ་སློབ་པའི་དབུ་བཙུགས། མི་རིང་བར་བཅའ་འབུད་རྡུང་གསུམ་དང་། གདངས་དབྱངས་གར་གསུམ་སོགས་ཆོ་ག་ཕྱག་ལེན་སོགས་ལ་ཤིན་ཏུ་མཁས་པས་ཁོང་གི་སློབ་དཔོན་ལ་ཧ་ཅང་ཡ་མཚན་ཆེན་པོ་སྐྱེས། ཉིན་ཞིག་དགེ་རྒན་བླ་མ་ནོར་བུས་དགོན་པའི་ལས་སྣེ་རྣམས་བོས་ཏེ། ང་རང་གིས་ཆོ་ག་ཕྱག་ལེན་ཙམ་མ་གཏོགས་རྒྱ་ཆེན་པོ་མི་ཤེས། རིན་པོ་ཆེའི་ཐུགས་བཞེས་སྐོང་མི་ཐུབ། ངས་ཤེས་རྒྱུ་ཚང་མ་ལོ་ཤས་རིང་ལ་ཁོང་གིས་ཚང་མ་མཁྱེན་ཚར་སོང་། ད་ནི་རིག་གནས་དར་སའི་གྲྭ་ས་ཞིག་ལ་བཏང་ན་ལེགས་ཞེས་གསུངས། དགོན་པའི་འགན་ཁུར་ཚང་མས་གྲོས་བྱས་ཏེ་རྗེས་སུ་གྲྭ་སར་གཏང་རྒྱུ་ཐག་བཅད། སྤྱི་ལོ༡༩༡༠ལོར་ཁམས་སྡེ་དགེ་དཔལ་སྤུངས་ཀྱི་གདན་ས་ཆེན་པོ་རུ་གྲྭ་སར་བྱོན། སྐབས་དེར་དགུང་ལོ་བཅོ་བརྒྱད་ལ་སོན། ལམ་བར་དུ་མགར་ཐར་དགོན་དང་རྟའུ་ཉ་མཚོ་དགོན། དཀར་མཛེས་སྡེ་མགོན་པོ། བན་རྒན་དགོན་པ། སྡེ་དགེ་ཐང་རྒྱལ་ལྷ་ཁང་། སྒྲུབ་ཕུག ལྷུན་གྲུབ་སྟེང་གི་དགོན་ཆེན་སོགས་མཇལ། དེ་རྗེས་མི་རིང་བར་དཔལ་སྤུངས་དགོན་དུ་འབྱོར་མ་ཐག་ཏུ་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། དབོན་རྒན་རིན་པོ་ཆེ། མཁན་ཆེན་ཚེ་དབང་དཔལ་འབྱོར་སོགས་མཇལ། སྐབས་དེར་སི་ཏུ་རིན་པོ་ཐུགས་ཤིན་ཏུ་མཉེས་མཉེས་མཛད། མཁན་ཆེན་ཀརྨ་བདེ་ཆེན་ངེས་དོན་བསྟན་འཛིན་རབ་རྒྱས་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས། དེ་ནས་བཟུང་སྟེ་བཤད་གྲྭར་ཞུགས་ཏེ་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ཙམ་བསྟེན་ནས། མདོ་སྔགས་རིག་གཞུང་ཆ་ཚང་བ་ལ་སློབ་གཉེར་མི་དམན་པ་མཛད། མཁན་གཞན་དགའ་རིན་པོ་ཆེས་ཚོགས་དབུས་སུ། ཁོང་ལ་ཁྱེད་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་འདི་ལ་བལྟས་ན། ཆོས་རྗེ་ས་པཎ་དང་། ཀུན་མཁྱེན་ཀློང་ཆེན་པ་ལྟ་བུ་ཡོང་ངེས་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཁོང་ནི་བསྟན་པ་རིས་མེད་ཀྱིས་སྐྱེས་ཆེན་ཞིག་ཡིན་པས། ཀརྨ་བཀའ་བརྒྱུད་དང་། ཤངས་པ་བཀའ་བརྒྱུད་སོགས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བཀའ་བརྒྱུད་པའི་ཟབ་ཆོས་དང་། གསང་སྔགས་རྙིང་མའི་ཀློང་ཆེན་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། སྙིང་ཐིག་མ་བུ། ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་མ་གསན་པ་མེད། དགུང་ལོ་ཉེར་ལྔའི་ཐོག་ཏུ་སྔོན་དགེ་ཚུལ་གྱི་སྡོམ་པ་ཞུ་སའི་མདུན་དུ་ཡང་དགེ་སློང་གི་བསླབ་སྡོམ་ཆ་ཚང་བ་ཞུས། རིག་གནས་མཁས་པ་པཎ་ཆེན་བཀྲ་འཕེལ་དང་། མཁས་མཆོག་མཁན་ཆེན་ཚེ་དབང་དཔལ་འབྱོར་སོགས་ཀྱི་མདུན་ནས་ཐུན་མོང་གི་རིག་གནས་ཀྱི་སྐོར། སྒྲ་དང་། སྙན་ངག རྩིས་དཀར་ནག་སྨན། སྡེབ་སྦྱོར་དང་བཟོ་རིག་པ་སོགས་ལ་སྦྱོང་བརྩོན་རྒྱ་ཆེན་པོ་མཛད། དེ་རྗེས་དབུས་ལྷ་ལྡན་དུ་གྲྭ་སྐོར་བྱོན་སྐབས་གྲྭ་ས་སེ་འབྲས་དགེ་གསུམ་དང་། དཔལ་བསམ་ཡས་སོགས་སུ་གྲྭ་སྐོར་མཛད། ཞོར་དུ་ལྷ་སའི་ཇོ་ཤག་རྣམ་གཉིས་དང་གནས་ཆེན་ཁག་ལ་ཕྱག་མཆོད་ཕུལ། གདན་ས་ཆེན་པོ་སྟོད་ལུང་མཚུར་ཕུར་བྱོན་ནས་རྗེ་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་མདུན་ནས། བཀའ་བརྒྱུད་པའི་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་མ་ལུས་པ་ཞུས། དེ་རྗེས་ཡང་དཔལ་སྤུངས་སུ་བྱོན། སྐབས་ཤིག་ལྷུན་གྲུབ་སྟེང་དགོན་ཆེན་དུ་སྡེ་དགེ་རྒྱལ་པོ་ལ་ཁྲི་སྟོན་བྱེད་སྐབས། སྡེ་དགེའི་དབུ་བླ་ཁག་ལྔས་གཙོས་ཆེ་དགུ་འཛོམས་པའི་དབུས་སུ་ཕུན་སུམ་ཚོགས་པ་ལྔ་ལྡན་སོགས་ཀྱི་འབེལ་གཏམ་ཁོང་ཉིད་ཀྱིས་གསུངས་སྐབས། མཁན་སྤྲུལ་དཔོན་གསུམ་ཡོངས་ཀྱི་ཐུགས་ཡིད་འཕྲོག་པར་བྱས་ཏེ་མི་ཉག་འབོ་གངས་དཀར་སྤྲུལ་སྐུ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར། ཀཿདཔལ་རྫོགས་གསུམ་བཅས་ལ་གྲྭ་སྐོར་དུ་བྱོན་ནས་ཆོས་ཀྱི་བགྲོ་གླེང་དང་རིག་གནས་སྐོར་གྱི་འདྲི་མོལ་མཛད་པས། མཁས་པའི་གྲགས་པ་དབུས་གཙང་ཁམས་གསུམ་དུ་ཁྱབ། དགུང་ལོ་ཉེར་ལྔར་དཔལ་སྤུངས་སྒྲུབ་ཁང་དུ་ལོ་གསུམ་གྱི་རིང་ལ་སྒྲུབ་བླ་དང་སྒྲུབ་དཔོན་ཟུང་འབྲེལ་གྱི་ལས་འགན་བཞེས། ལུས་སྦྱོང་སྐོར། གནས་པ་རྩ། གཡོ་བ་རླུང་། འབྲས་བུ་ཐིག་ལེའི་བཤད་པ་རྣམས་གནད་འདུས་ལ་ཚིག་ཉུང་བ་མན་ངག་གི་ཚུལ་དུ་གསུངས་པས་ཚང་མར་གོ་བདེ་བ། རྩ་རླུང་ཐིག་ལེ་ངོས་ཟིན་སླ་བ་སོགས་ཁྱད་ཆོས་དུ་མ་ལྡན་པ་རྣམས་བཀའ་བརྒྱུད་རང་ལུགས་གཙོ་བོ་བཟུང་ཞིང་། ས་སྐྱའི་པིར་ལུགས་དང་། རྙིང་མའི་རྫོགས་ཆེན་ལུགས་ཟུར་རྒྱན་དུ་གསུངས། དམིགས་རིམ་རྣམས་ཀྱང་ཁ་གསལ་ཞིང་གོ་བདེ་བ་ཁོ་ན་གསུངས་པས་སྒྲུབ་བླ་མཆེད་གྲོགས་ཀུན་གྱི་ཐུགས་ཡིད་བསྐང་ཐུབ་པར་གྱུར། མཁས་པ་ཚང་མས་སྒྲུབ་དཔོན་ཁོང་ལྟ་བུ་མཁས་པ་ཆེན་པོ་ཞིག་ད་སྔོན་བྱོན་མ་མྱོང་གསུངས། སྤྱིར་སྐབས་དེར་མཁན་པོ་གཞན་དགའི་སློབ་མ་རྣམས་ནི་མཁས་པ་ཤ་སྟག་བྱུང་བ་དཔེར་ན། ཟུར་མང་མཆོག་སྤྲུལ་པད་རྣམ་དང་། ཚབ་ཚ་མཁན་པོ་ཐུབ་བསྟན། དབོན་སྟོད་མཁྱེན་རབ། སྟོབས་བཅུ་རབ་རྒྱས་སོགས་མཁས་པ་མང་ཡང་། བཤད་གྲྭ་ཡོངས་ཀྱི་མཁས་པ་མཆོག་ནི་བླ་མ་ཁོང་ཁོ་ན་ཡིན་ནོ། །
སྤྱི་ལོ༡༩༢༢ལོར་རང་ཡུལ་མི་ཉག་ཏུ་བྱོན་ནས། ཁོང་རང་ཉིད་ཀྱི་དགོན་པའི་ཕྱི་ནང་ཐམས་ཅད་ཆ་ཚང་བ་གསར་བཞེངས་བྱས། མི་ཉག་གི་ཀར་དགོན་ཚང་མའི་མ་དགོན་དང་། ཁམས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་ཁག་རྣམས་ཀྱིས་ཀྱང་ཡིད་སྨོན་བྱེད་ཡུལ་དུ་གྱུར། རྨ་སེ་དགོན་དང་། ཨོ་རོང་གཤིས་ཕག་མོ་རིའི་དགོན་པར་ཞིག་གསོ་བྱས་ཤིང་། གཞན་ཡང་དར་མདོ་རྫོང་བཅས་ཀྱི་ལྷ་ཁང་དང་དགོན་པ་དུ་མ་གསར་བཞེངས་མཛད། སྤྱི་ལོ༡༩༢༥ལོར་རི་ཁུད་སྤྲུལ་སྐུས་རང་དགོན་དུ་གདན་དྲངས་ཏེ། རི་ཁུད་བཤད་གྲྭ་གསར་དུ་བཙུགས་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་བཏང་ནས་བྱས་རྗེས་རྒྱ་ཆེན་པོ་བཞག་ཡོད། ཁོང་གི་གསུང་ཆོས་སྐོར་ནི། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་དང་། དྲིས་ལན་མཁས་པའི་མགུལ་རྒྱན། སྤྱོད་འཇུག་འགྲེལ་པ་འཕྲོད་ལུས་བཅས་དང་གཞན་ཡང་དབུ་མ་དང་ཕར་ཕྱིན་མཐའ་དཔྱོད། བཅའ་ཡིག བསྔོ་སྨོན།གསོལ་འདེབས། གསོལ་མཆོད། གསེར་སྐྱེམས། ཚོགས་བཤད། འཕྲིན་ཡིག་སོགས་ཁྱོན་བསྡོམས་པོ་ཏི་ལྔ་ཙམ་མཁས་པ་མགུ་བའི་གསུང་རབ་བརྩམས་ཡོད་ཀྱང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་མེར་བསྲེགས་ནས་ཚང་མ་ནུབ་ཚར་བ་མ་ཚད་ཁོང་གི་སྨན་ཁུག་དང་། སྨན་ཁྲོབ་རིན་ཐང་ཆེ་བ། བསེ་རུའི་རྭ་དང་། གླང་ཆེན་གི་ཝང་སོགས་ཀྱང་ཆབ་ཁང་ནང་དུ་དོར་བ་འདི་ལྟ་བུ་ནི་རྗེ་ས་པཎ་གྱིས། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ། །ཙན་དན་གསེར་བས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །ཞེས་ལེགས་བཤད་ལས་གསུངས་པ་ལྟར་ཡིན། ཁོང་ལ་སློབ་མ་ཤིན་ཏུ་མང་པོ་ཡོད་ཀྱང་དེའི་ནང་ནས་གཙོ་བོ་འགའ་ཤས་ཀྱི་མཚན་བརྗོད་ན། ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ། གནས་ནང་དཔའ་བོ་རིན་པོ་ཆེ། རི་ཁུད་སྤྲུལ་སྐུ། རི་ཁུད་དགོན་པའི་ལྷ་རི་ལྷག་པ། བྲག་མཁར་སྤྲུལ་སྐུ་ཀུན་བཟང་། ཕག་མོ་རི་སྤྲུལ་སྐུ། དཔལ་སྤུངས་འཇམ་དབྱངས་མཁྱེན་བརྩེ། འཇང་བླ་སྒྲོལ་དཀར་སྤྲུལ་སྐུ། བྲག་མཁར་སྤྲུལ་སྐུ་པད་རྡོར། དབོན་པོ་སྤྲུལ་སྐུ། སྐྱིད་ལེགས་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། དགེ་བཤེས་ལྷ་རམས་པ་དཀོན་མཆོག་བསྟན་འཛིན། མཚན་ཞབས་པ་དགེ་བཤེས་ངག་དབང་ཕན་བདེ། དགེ་བཤེས་རྒྱལ་མཚན། མི་ཉག་སྐྱོར་དཔོན་བློ་བཟང་ཡོན་ཏན། བ་གནས་སྤྲུལ་སྐུ་རིག་འཛིན་དཔའ་བོ་ཉི་མ་འོད་འབར། བ་རི་དགོན་པའི་རིན་གྲགས། རིག་རྡོར། ལྷ་སྒང་དགོན་པའི་བསོད་ནམས་སྦྱིན་པ་ངེས་དོན་བསྟན་འཛིན། ཕྱི་རྒྱལ་ན་བཞུགས་པའི་ནམ་མཁའི་ནོར་བུ། སྐུ་དྲག་དང་དཔོན་པོའི་སྐོར། བྲག་གཡབ་སྤོམ་མདའ་སྟོབས་རྒྱས། ཁྱུང་རབ་མདའ་དཔོན། སྡེ་དགེ་དཔོན་པོ་བྱ་རྒོད་སྟོབས་ལྡན། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་རྡོ་རྗེ་དཔལ་བཟང་། དཀར་མཛེས་ཁང་གསར་དཔོན་མོ་བདེ་ཆེན་དབང་མོ། དར་མདོ་ལྕགས་ལ་རྒྱལ་པོ་ཕུན་ཚོགས། མི་ཉག་ཁའུ་དཔོན་འཇམ་དབྱངས། ཨོ་རོང་གཤིས་བཟང་འཕེལ་དཔོན་པོ་དབང་ཕྱུག་དང་ཐུབ་བསྟན། མི་ཉག་སྟོད་ཀྱི་འབྲོག་པའི་དཔོན་པོ་དཔལ་དཀོན། དར་མདོ་ཕྱྭ་དཔོན་སུང་བླ་མ་བཅས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོའི་དགེ་རྒན་ཆེན་པོ་ཐུང་ཅིན་ཧྭ། ཝང་ཡའོ། ཀིན་ཡུས་ཧྥང་། སྐལ་བཟང་འགྱུར་མེད། དགེ་རྒན་ཆེན་མོ་ཧྥ་ཧྲི། ཧོང་པུའུ་ཧྥན་སོགས་ས་དགེ་བཀའ་རྙིང་གི་སློབ་མ་དང་རྒྱ་རིགས་ཀྱི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པས་དེ་ཙམ་གྱིས་འཐུས་པར་བྱས་སོ། །
ཁོང་གི་ཐོབ་གོ་སའི་སྐོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆབ་སྲིད་གྲོས་མོལ་ཁང་གི་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་ཆབ་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མའི་དགེ་རྒན་ཆེན་མོ། མི་ཉག་གངས་དཀར་དགོན་པའི་སྤྲུལ་སྐུ་དང་དགོན་དཔོན། མི་ཉག་རི་ཁུད་དགོན་པའི་བཤད་གྲྭའི་དགེ་རྒན་དང་བློ་འདྲི་ས། མི་ཉག་གི་བཀའ་བརྒྱུད་པའི་དགོན་པ་ཡོངས་ཀྱི་གཙོ་འཛིན་པ་སོགས་ཡིན། མཐར་བོད་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ༡༩༥༧ལོའི་ཟླ་༣པའི་ཚེས་༢༨ཀྱི་དགོང་མོ་ཆུ་ཚོད་བཅུ་གཅིག་ཐོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་ཡིན་ནོ། །
མཁན་སྤྲུལ་བློ་བཟང་སྐལ་ལྡན་གྱི་མཛད་རྣམ།
འབྲས་མི་ཉག་མཁན་སྤྲུལ་བློ་བཟང་སྐལ་ལྡན་གྱི་མཛད་རྣམ་མདོར་བསྡུས་ཤིག་ཞུས་ན། རྗེ་འདི་ཉིད་ནི་སྤྱི་ལོའི་དུས་རབ་བཅུ་དགུ་པའི་ནང་དུ་ཁམས་མི་ཉག་མགར་ཐར་དུ་སྐུ་འཁྲུངས། ཁོང་ཆུང་ངུའི་དུས་སུ་མི་ཉག་སྐྱིད་ལེགས་དགོན་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་དང་གཞུང་ལུགས་ལ་ཐོས་བསམ་མཛད། དེ་ནས་དབུས་སུ་བྱོན་ཏེ་མཁས་མཆོག་ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་མཆོག་དང་། ཀེའུ་ཚང་བློ་བཟང་བསྟན་འཛིན་ཡར་རྒྱས། གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་ཆོས་དུ་མ་ལ་གསན་བསམ་མི་དམན་པ་མཛད། རྩོམ་པ་ལ་ཡང་ཐུགས་རབ་ཕྱོགས་ཏེ། ཡི་དམ་སྤྱི་འགྲོའི་ཚོགས་མཆོད་དང་དེའི་དམ་ཚིག་གི་རིམ་པ་རྒྱས་པར་བཤད་པ་ཚོགས་གཉིས་རིན་ཆེན་འདྲེན་པའི་ཤིང་རྟ། རྟ་མགྲིན་གསང་སྒྲུབ་ཀྱི་འཕྲིན་ལས་ཀྱི་བྱང་བུ་གསང་སྙིང་དང་དེའི་བསྙེན་ཡིག་རྗེས་གནང་། སློབ་དཔོན་རིན་པོ་ཆེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རམ་བླ་མཆོད་ཆོ་ག་སོགས་མང་དུ་མཛད་ཡོད། ཁོང་གི་ཕ་ཡབ་དང་མ་ཡུམ་འཁྲུངས་འདས་བཅས་ཀྱི་ལོ་ཚིགས་ནི་ཞིབ་ཆ་མི་གསལ་བས་འདིར་འབྲི་མ་ཐུབ་པ་ཡིན་ནོ། །ཞེས་པ་འདི་ནི་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཞེས་པའི་དཔེ་དེབ་ཀྱི་ལྡེབ་པ༩༤༠ནས༩༤༡བར་གྱི་ངོས་ལས་ཁོ་བོས་བཏུས་པའོ། །
རྒྱལ་དབང་ཉི་མའི་མཛད་རྣམ།
དེ་ཡང་མི་ཉག་རྒྱལ་དབང་ཉི་མ་ཚང་ནི་ཡབ་ཉན་ཤུལ་བསོད་ནམས་དཔལ་བཟང་དང་ཡུམ་སོག་བཟའ་དཔོན་མོ་བཀྲ་ཤིས་བཟང་མོ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ༡༩༠༩ལོར་མི་ཉག་འབྲོག་སྡེ་སོག་རག་མ་སྡེ་པ་རུ་སྐུ་འཁྲུངས། ཁོང་ནི་མིང་སྲིང་དགུ་ཡི་ནང་གི་ཨང་བཞི་པ་ཡིན། དགུང་ལོ་གསུམ་པར་ར་ཤལ་མཁན་པོ་ཕན་བདེ་ཉི་མའི་ཡང་སྲིད་དུ་ངོས་འཛིན་བྱས་ནས། སྔར་གྱི་མཁན་པོའི་ཁྱིམ་མི་ཚང་གིས་བདག་པོ་རྒྱབ། དགུང་ལོ་དྲུག་གི་ཐོག་ཏུ་ཡབ་ཀྱི་མདུན་ནས་འབྲི་ཀློག་བསླབ་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་པར་ར་ཤལ་དགོན་དུ་ཚོགས་ཞུགས་མཛད། ཉན་ཤུལ་སྤྲུལ་སྐུ་རབ་གསལ་དང་། ར་ཤལ་མཁན་པོ་བདེ་ཆེན་ཆོས་ཀྱི་ཉི་མ། ཁུ་བོ་མཁན་པོ་ཡེ་ཤེས་སོགས་ལས་ཆོས་རྒྱལ་གླིང་པ་དང་། སྨིན་གླིང་། སྙིང་ཐིག་གི་དབང་ལུང་སོགས་གསན། རང་དགོན་གྱི་ཆོ་ག་ཕྱག་ལེན་དང་གར་ཐིག་དབྱངས་རོལ་བཅས་ལ་སྦྱངས་པ་མཐར་ཕྱིན་ནས་དབུ་མཛད་ཀྱི་སྐུ་ཚབ་ཀྱང་མཛད་མྱོང་བར་བཤད། དགུང་ལོ་ཉི་ཤུའི་ཐོག་ཏུ་གཅེན་པོ་དཀོན་མཆོག་རྣམ་རྒྱལ་ལམ་བླ་མ་རྒྱལ་ཁོའི་མདུན་ནས་བོད་ཀྱི་བརྡ་སྤྲོད་དང་། སྙན་ངག སྐར་རྩིས།སྤྱོད་འཇུག་བཅས་སྦྱངས། དགུང་ལོ་ཉེར་ལྔའི་སྟེང་དུ་སྡེ་དགེ་རྫོགས་ཆེན་བཤད་གྲྭ་ལ་ཕེབས་ཏེ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་རྡོར་དང་། དབོན་སྟོད་མཁྱེན་རབ། མཁན་པོ་ཐུབ་སྙན། མཁན་པོ་མགོན་འདྲིས། མཁན་ཆེན་ལྷ་རྒྱལ་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་དང་ཟབ་ཆོས་ཀྱི་གདམས་ངག་ཞུས་ཏེ་ལོ་བཅུ་གཉིས་ཙམ་བཞུགས། རྗེས་སུ་རྫོང་སར་དུ་བྱོན་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། ཁང་དམར་རིན་ཆེན་རྡོ་རྗེ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཛད། དེ་རྗེས་དབུས་ཕྱོགས་སུ་ཕེབས་ཏེ་གནས་སྐོར་མཛད་ཞོར་དུ། ཚེ་རིང་ལྗོངས་དང་། བསམ་ཡས། ལྷོ་བྲག་བཅས་ལ་སྒྲིབ་སྦྱངས་ཡུན་རིང་བྱས་ཏེ། ཡང་གསང་འཛིན་པ་རང་གྲོལ་ལ་ཉམས་ལེན་གཙོ་བོ་མཛད། སྐབས་དེར་སྐྱེས་ཆེན་དམ་པ་དང་དཔོན་པོ་སྐད་གྲགས་ཅན་མང་པོར་སྙན་ངག་དང་། ལོ་རྒྱུས། སྡེབ་སྦྱོར་སོགས་ཁྲིད་ནས་གསོ་སྐྱོང་མཛད། སྤྱི་ལོ༡༩༦༠ལོའི་ཟླ་༥པའིཚེས་༦ལ་ལྷོ་ཁ་རུ་བཙོན་འོག་ཏུ་བཙུད། ལོ་དེའི་ཟླ་བ༡༢་པའི་ཚེས་༦ལ་བཙོན་ཁང་ལས་བྲོས་ཏེ་ཀུན་མཛེས་ཞེས་པའི་ས་ཆར་སླེབས། ༡༩༦༠ལོར་འབྲུག་པའི་རྒྱལ་ས་བུམ་ཐང་དུ་བྱོན། ༡༩༦༢ལོར་འབྲུག་པ་རྒྱལ་པོའི་ས་ཆར་ཕེབས་ཏེ། འབྲུག་པ་རྒྱལ་པོ་དང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཟུང་གི་བཀའ་ལྟར་འབྲུག་གི་གསེར་མདོག་ཁ་དང་། དབང་རྩེ་སོགས་ཀྱི་སློབ་གྲྭ་ཡོངས་ཀྱི་ལས་འགན་བསྐོས་བཞག་བྱས་པ་ལྟར་སློབ་གཙོའི་ལས་འགན་བཞེས་ཏེ། སློབ་གྲྭའི་སློབ་མ་ཡོངས་དང་། འབྲུག་རྒྱལ་སྲས་འཇིགས་མེད་སེངྒེ་དབང་ཕྱུག་དང་། སྤྱི་ཁྱབ་ཟླ་བ་ཚེ་རིང་སོགས་འབྲུག་པ་དང་འབྲས་ལྗོངས་ཀྱི་སློབ་མ་མང་པོར་མདོ་སྔགས་རིག་གནས་དང་བཅས་པ་རྒྱས་པར་ལོ་དུ་མའི་རིང་ལ་སློབ་ཁྲིད་གནང་ནས་གསོ་སྐྱོང་མཛད། གཞན་ཡང་ཚེ་རིང་ལྗོངས་དང་། ལྷོ་བྲག་མཁར་ཆུ། བུམ་ཐང་། འབྲུག་གསང་ཟབ། རྒྱ་གར་རྡོ་རྗེ་གླིང་། སྤ་གྲོ། སྨན་ཆུ་ནང་། ལྷ་མཛོ་དགོན་སོགས་ཀྱི་གནས་ཆེན་ཁག་ཏུ་ངལ་གསོ་བྱེད་པ་སོགས་ཀྱི་སྐབས་སུ་སྔ་ཕྱི་དུས་ཡུན་རིང་པོ་ལ་མཚམས་བསྙེན་སྒྲུབ་མཛད། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོ་སྟེ་སྤྱི་ལོ༡༩༨༦ལོར་རྒྱལ་ཁབ་ཀྱི་སྲིད་ཇུས་ལྷོད་སྐབས་ཁོང་ཕ་ཡུལ་ཁམས་མི་ཉག་ཏུ་ཕེབས། རྗེས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་གྲོས་ཁང་གི་ཨུ་ཡོན་བསྐོས། བ་སྨད་དུ་ལོ་གསུམ་ཙམ་གྱི་རིང་ལ་བཞུགས། སྐབས་དེར་སི་བོད་སློབ་གྲྭས་གདན་འདྲེན་ཞུས་ཏེ། དགེ་སློབ་རྣམས་ལ་དྲང་སྲོང་གདོལ་བའི་གཏམ་སོགས་སློབ་ཁྲིད་གནང་། བེ་ལོ་རི་ཁྲོད་དུ་དབང་ལུང་སོགས་གནང་བར་མ་ཚད། ལོ་ལྟར་སྒྲུབ་མཆོད་འཚོགས་བྱེད་ཀྱི་མ་དངུལ་རྒྱུ་ནོར་ཐེབས་བཞག་མཛད། སྤྱིར་མདོ་དབུས་ཁམས་གསུམ་དང་། སྒོས་སུ་མི་ཉག་གི་དགོན་པ་མང་པོ་ལ་དམངས་སྒོར་ཁྲི་བཅུ་ལྷག་དང་མཆོད་ཆ་སོགས་གནང་སྦྱིན་མཛད། བེ་ལོ་རི་ཁྲོད་དུ་ལོ་བཞི་མཚམས་ལ་བཞུགས། སྤྱི་ལོ་གོ་གཅིག་ལོའི་དགུན་ཁ་གུ་དྲག་ཁམས་པ་སློབ་ཆེན་དུ་གཅུང་མཁྱེན་འོད་དང་མཉམ་དུ་བཞུགས། གོ་གཉིས་ལོར་སྐུ་ཅུང་ཙམ་སྙུང་སྟེ་ཡང་ཚ་རྡོ་རྗེ་དོན་འགྲུབ་རྩར་ལོ་གཅིག་ལྷག་ཙམ་བཞུགས། མཐར་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ༡༩༩༤ལོར་མི་ཉག་རྩྭ་ར་མཁན་པོ་ཆོས་གྲགས་ཀྱི་བཤད་གྲྭར་ཟླ་བ་གཅིག་བཞུགས་སྐབས་སྙུང་གཞི་ཅི་ཡང་མེད་པར་དགུང་ལོ་བརྒྱད་ཅུ་གྱ་ལྔའི་ཐོག་ཏུ་སྐུ་གཤེགས།
ཁོང་གི་གསུང་རྩོམ་ནི། རྫོགས་ཆེན་དགོན་པའི་ལོ་རྒྱུས་ནོར་བུའི་ཕྲེང་བ་དང་། འཛིན་པ་རང་གྲོལ་གྱི་དཀར་ཆག འཛིན་གྲོལ་ལས་བྱང་གི་ཟུར་རྒྱན། གཏོར་འགུག་དྲང་སྲོང་ཁྲོས་པའི་ཁ་རླངས། སུམ་རྟགས་བསྡུས་སྡོམ་པད་དཀར། སུམ་རྟགས་ཚིག་འགྲེལ་གཞོན་ནུ་དགའ་བའི་དབྱངས། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་གཏམ། གཙང་སྦྲ་སྤྱོད་པ་དྲི་མེད་ཤེལ་གྱི་མེ་ལོང་སོགས་ལྗགས་རྩོམ་མང་པོ་ཞིག་དུས་དེབ་དང་གསར་ཤོག་སོགས་ཀྱི་ཐོག་ཏུ་སྤེལ་མྱོང་བ་ལྟ་བུའོ།།
རྩྭ་ར་མཁན་པོ་ཆོས་གྲགས་ཀྱི་མཛད་རྣམ།
མི་ཉག་རྩྭ་ར་མཁན་པོ་ཆོས་ཀྱི་གྲགས་པ་ནི་ཡབ་དགེ་ལེགས་དང་ཡུམ་རྩྭ་ར་རྡོ་རྗེ་བཟང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོ་སྟེ་སྤྱི་ལོ༡༩༡༦ལོར་སྐུ་འཁྲུངས། ཁོང་བྱིས་པའི་དུས་ནས་བཟུང་སྙིང་རྗེ་དང་ཤེས་རབ་ཆེ་བ། རྣམ་དཀར་གྱི་ལས་ལ་སྤྲོ་བའི་བྱིས་པ་ཁྱད་པར་ཅན་ཞིག་ཡིན་པར་བཤད། ཁོང་དགུང་ལོ་བརྒྱད་ཀྱི་ཐོག་ཁྱིམ་ཚང་གཞན་གྱི་ཟོག་རྫིའི་གླ་བླངས་ཏེ་རི་ཁར་ཕེབས་ཞོར་དུ་ཡི་གེ་སྦྱོར་ཀློག་མཛད་ནས་ཚེགས་མེད་དུ་མཁྱེན། ཁོང་གསུངས་སྐད་ཧ་ཅང་སྙན་པས་མི་རྒན་ཚོས། ཁོང་ལ་གླ་རྔན་ཕྲན་བུ་རེ་སྦྱིན་ནས་རྒྱུན་དུ་སྒྲུང་ཡིག་སོགས་ཀློག་བཅུག་པ་རེད་གསུངས། དགུང་ལོ་བཅུའི་ཐོག་ཏུ་བྲག་མཁར་དགོན་པའི་གྲྭ་པ་བྱས། སྐབས་དེར་ཧོར་བླ་ཨ་ཁྱུག་གིས་གསོལ་ཆས་དང་མནབ་བཟའ་བཅས་འཚོ་བའི་མཐུན་རྐྱེན་སྦྱར། ཁོང་གིས་དགོན་པའི་འདོན་རྟ་དབྱངས་དང་བཅའ་རྡུང་འབུད་གསུམ་དང་། གདངས་དབྱངས་རོལ་མོ་བཅས་ལ་ལེགས་པར་སྦྱངས་ནས་དགེ་རྒན་གྱིས་བསྟོད་བསྔགས་ཐོབ། དགུང་ལོ་བཅུ་གསུམ་ཐོག་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་མདུན་ནས་ཟབ་ཆོས་མང་པོ་ཞུས། ཁོང་སྐུ་ན་ཕྲ་བའི་དུས་སུ་བླ་མ་མང་པོ་ཞིག་གི་ཡང་སྲིད་ཡིན་པ་དམ་པ་དུ་མའི་ཐུགས་ཐག་བཅད་ཀྱང་ཁོང་གིས་ཁས་མ་བླངས། དགུང་ལོ་བཅོ་ལྔའི་ཐོག་ཏུ་ཁྲི་རྒན་བླ་མ་རྡོ་རྗེ་ཚེ་རིང་གི་མདུན་དུ་རབ་བྱུང་གི་སྡོམ་པ་ཞུས། མཚན་ཐུབ་བསྟན་གྲགས་པ་འོད་ཟེར་ཞེས་གསོལ། དགུང་ལོ་ཉི་ཤུའི་ཐོག་ཏུ་སྡེ་དགེ་རྫོགས་ཆེན་དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་པོར་གྲྭ་ས་བྱོན། སྐབས་དེར་དགེ་བའི་བཤེས་གཉེན་ཨ་བུ་ལྷ་སྒང་ངམ་པདྨ་ཐེག་མཆོག་བློ་ལྡན་དང་། མཁན་པོ་ཐུབ་སྙན་ནམ་ཐུབ་བསྟན་སྙན་གྲགས། མཁན་པོ་མགོན་རིས་སམ་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པདྨ་ཚེ་དབང་། མཁན་པོ་འཇིགས་མེད་བསམ་གཏན། རྩ་བའི་བླ་མ་མཁན་ཆེན་ངག་དབང་ནོར་བུ། མཁན་པོ་བསོད་ནམས་དབང་རྒྱལ། རྨེ་བ་མཁན་པོ་ཡེ་ཤེས་དར་རྒྱས། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འཇིགས་བྲལ་བྱང་ཆུབ་རྡོ་རྗེ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་ཆོས་གཞུང་མ་ལུས་པར་གསན་སྦྱངས་ཡང་དག་པ་མཛད། ཞོར་དུ་འབྲུག་པ་སྐུ་ཆེན་ཆོས་དབྱིངས་རང་གྲོལ་སོགས་ཀྱི་མདུན་ནས་སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་མ་ལུས་པ་ཞུས། ཁོང་གིས་ཐེངས་དང་པོ་དཔེ་ཆ་སློབ་གཉེར་མཛད་སྐབས་མཁན་པོ་ཐུབ་སྙན་གྱིས་ཞལ་ནས། མི་ཉག་གི་བུ་ཆུང་སྐྱ་ཐོ་དེ་རིག་པ་ཚ་པོ་འདུག་པས་དེ་ལ་སྐྱོར་དཔོན་བྱེད་དུ་འཇུག་དགོས་གསུངས། གྲྭ་སར་ཞུགས་མ་ཐག་ཏུ་སྐྱོར་དཔོན་གྱི་ཐོབ་ཐང་སྤྲད། ཤེས་རབ་ཤིན་ཏུ་ཆེ་བས་མི་ཉག་ཆོས་གྲགས་ཀྱི་རིག་པ་ལྟ་བུ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། ཁོ་བོས་བལྟས་ན་ཁོང་གི་འགྲོ་དོན་ལ་མཚོན་ན་མི་ཉག་ཀོ་ཤུལ་ཀུན་བསོད་དང་ཚོགས་ཤུལ་བླ་མ་རྣམ་གཉིས་ལས་ཀྱང་འགྲོ་དོན་རྒྱ་ཆེན་པོ་འགྲུབ་ཡོད་སྙམ། རྗེས་སུ་དུས་ངན་སྐབས་ཀྱི་སྤྱི་ལོ༡༩༥༩ལོར་གཡི་ཁོག་ལ་བཞུགས་ཡོད་སྐབས་སུ་ཧུར་བརྩོན་པ་འགས་བཟུང་སྟེ་རྟའུ་བཙོན་ཁང་ནང་དུ་ལོ་གཅིག་ཙམ་བཞུགས། བཙོན་གྲོགས་རྣམས་ལ་ལས་རྒྱུ་འབྲས་ཀྱི་ཆོས་གསུངས་ནས་ཕན་པ་ཆེན་པོ་བྱུང་ཡོད། ཁོང་དར་མདོ་རྫོང་གི་མི་ཡིན་པས་རྗེས་སུ་དར་མདོ་རྫོང་ལ་མར་སྤྲད། དར་མདོ་ནས་ཉིན་འགའ་ཤས་བཞག་ནས་ཕ་ཡུལ་དུ་བཏང་། ནང་སྐོར་མའི་མཉམ་ལས་ཁང་གིས་ལོ་བཅུ་ཕྲག་འགའི་རིང་ལ་སྡེ་པའི་ཞིང་ར་སྲུང་མཁན་དང་། རྩྭ་ར་སྲུང་མཁན། རང་འཐག་གི་ཆུ་འཁོར་གཡོག་མཁན་བཅས་མཛད། སྐབས་དེར་ཆོས་འཆད་རྒྱུའི་གོ་སྐབས་གཏན་ནས་མ་བྱུང་མོད། འོན་ཀྱང་བསྟན་བཅོས་རྩོམ་རྒྱུའི་གོ་སྐབས་མི་དམན་པའི་དུས་ཚོད་ཐོབ་ཡོད་པར་གསུངས། སྐབས་དེར་གཟན་དཀར་རིན་པོ་ཆེ་ལྷ་སྒང་ན་བཞུགས་ཡོད། ལྐོག་ཏུ་ཁོང་རྣམ་པ་གཉིས་མཚམས་མཚམས་སུ་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ལ་བགྲོ་གླེང་གནང་ཞིང་། སྤྲུལ་སྐུས་ཁོང་ལ་གདེངས་འཇོག་གི་ཚད་མཐོན་པོ་གནང་། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ༡༩༨༠ལོ་ནས་བཟུང་། བྲག་མཁར་རི་ཁྲོད་དང་རྡོ་ཟམ་རི་ཁྲོད་སོགས་སུ་ཆོས་སྒར་བཏབ་ནས་མདོ་སྔགས་ཀྱི་གཞུང་ལ་འཆད་ཉན་དུ་མ་མཛད། སློབ་མ་གཙོ་བོ་མི་ཉག་སྟོད་སྨད་བར་གསུམ་དང་རྒྱལ་རོང་བཅས་ནས་བསྡུས་ཤིང་། སྤྱི་ལོ༡༩༨༧ལོར་དཔལ་ལྷ་སྒང་འཇམ་དབྱངས་རིའི་གཡས་ཟུར་ལ་མི་ཉག་གི་བྲག་མཁར་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཆ་ཚང་བ་ཁོང་གིས་བཞེངས་ཡོད་པ་མ་ཟད། གྲུབ་མཐའ་འམ་ཆོས་བརྒྱུད་རིས་མེད་ཀྱི་སློབ་མ་དུ་མ་བསྡུས་ཏེ། ཆོས་འཆད་ཉན་མཛད་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་ཡོད། ཐེངས་དང་པོའི་སློབ་མ་གཙོ་བོ་འགའི་མཚན་སྨྲོས་ན། མི་ཉག་སེང་གེ་དགོན་པའི་རྡོ་རྗེ་བཀྲ་ཤིས་དང་། རྒྱ་རི་བློ་རྒྱམ། བཀྲ་ཤིས། མདོ་སྔགས། ཕུན་ཚོགས་རྣམ་རྒྱལ། ལི་ཐང་བ་བསོད་ནམས་ཆོས་འཕེལ་དང་། བསོད་ནམས་རྒྱ་མཚོ། བྲག་མཁར་དགོན་པའི་བླ་མ་པད་བློ། འབྲུག་དགའ། ཐུབ་བསྟན་སྙན་གྲགས། བློ་དགའ། རྒྱལ་རོང་མཚམས་གནས་དགོན་པའི་སངས་རྒྱས་ཐར་དང་། འཇམ་དཔལ། ཐར་འབུམ། འགྱུར་མེད། ཚེ་རིང་དོན་འགྲུབ། ཀུན་བཟང་། དྲི་མེད། ལྷ་འབུམ། ཁོག་ཐ་བའི་སྙན་གྲགས་བཟང་པོ། མཚོ་སྔོན་གྱི་ཤེས་རབ་རྒྱ་མཚོ་དང་། པདྨ་བྱང་ཆུབ། ཚེ་རིང་བཀྲ་ཤིས་སོགས་དང་གཞན་ཡང་སློབ་མ་ཤིན་ཏུ་མང་བས་མཚན་རེ་རེ་ནས་འབྲི་མ་ཐུབ་པ་ཡིན།
ཁོང་དགོན་སྡེ་དང་སློབ་གྲྭས་གདན་འདྲེན་ཞུས་ཚུལ་གྱི་སྐོར། སྤྱི་ལོ༡༩༥༤ལོར་བླ་མ་ཚེ་དབང་རིག་འཛིན་གྱིས་སང་སང་དགོན་དུ་གདན་འདྲེན་ཞུས། སྤྱི་ལོ༡༩༨༢ལོར་བླ་མ་བསྟན་རྒྱས་ཀྱིས་རྒྱལ་རོང་མཚམས་གནས་དགོན་དུ་གདན་འདྲེན་ཞུས། སྤྱི་ལོ༡༩༨༣ལོར་སྤྲུལ་སྐུ་གཟན་དཀར་ཐུབ་བསྟན་ཉི་མས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུ་གདན་འདྲེན་ཞུས། སྤྱི་ལོ༡༩༨༤ལོར་ཉག་བླ་ཤེས་རབ་འོད་ཟེར་གྱིས་སི་ཁྲོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གྲྭའི་ནང་དུ་གདན་འདྲེན་ཞུས། སྤྱི་ལོ༡༩༨༥ལོར་བེར་གཙང་སྤྲུལ་སྐུ་དང་རྩྭ་ར་བླ་མ་སངས་རྒྱས་གཉིས་ཀྱིས་གླག་བྲག་རྫོང་དགོན་དུ་གདན་འདྲེན་ཞུས། སྤྱི་ལོ༡༩༨༨ལོར་སྤྲུལ་སྐུ་པདྨ་སྐལ་བཟང་ཚང་གིས་རྫོགས་ཆེན་བཤད་གྲྭའི་ནང་དུ་གདན་འདྲེན་ཞུས། སྤྱི་ལོ༡༩༨༩ལོར་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གྲྭས་རྒྱ་ནག་པེ་ཅིན་དུ་གདན་འདྲེན་ཞུས་པ་སོགས་ཤིན་ཏུ་མང་བས་འདིར་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་ནས་བྲིས་མེད། གཞན་ཡང་པཎ་ཆེན་སྐུ་ཕྲེང་བཅུ་པས་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གདན་དྲངས་། སློབ་གླིང་དེའི་དགེ་རྒན་ཆེན་མོ་མཁན་པོ་བསོད་ནམས་རྒྱ་མཚོས་མི་ཉག་གི་མཁས་དབང་རྩྭ་ར་མཁན་པོ་ཆོས་གྲགས་མཆོག་ནི་ཐུན་མོང་སྤྱི་ཡི་རིག་གནས་ལ་གཟིགས་རྒྱ་མཁའ་ལྟར་ཡངས་པ་མ་ཟད་ཐུན་མིན་པའི་ནང་རིག་པ་ལའང་ཤིན་ཏུ་མཁས་པས་ཁོང་ནི་དཔེ་མཛོད་ཁང་ཞིག་དང་འདྲ་འདུག་ཅེས་བསྔགས་བརྗོད་བྱས་ཡོད་པ་ལྟ་བུ་སོགས་ཡིན།
ཁོང་གི་གསུང་རྩོམ་སྐོར་ལ། སྒྲོལ་མའི་འགྲེལ་པ་ཨུཏྤལ་སྔོན་པོའི་དོ་ཤལ། ས་ལམ་གྱི་རྣམ་བཞག་རིན་ཆེན་ཐེམ་སྐས། དགེ་འདུན་ཉི་ཤུའི་བཤད་པ། འཇམ་དབྱངས་སྒྱུ་འཕྲུལ་དྲྭ་་བའི་འགྲེལ་ཆེན། ཡུམ་ཀའི་འགྲེལ་པ་པུཎྜ་རི་ཀའི་དོ་ཤལ་བཅས་སོ། །དེ་ལས་སྒྱུ་འཕྲུལ་དྲྭ་བའི་འགྲེལ་ཆེན་དང་། ས་ལམ་གྱི་རྣམ་བཞག་གཉིས་རིག་གསར་སྐབས་སུ་མི་མངོན་པའི་དབྱིངས་སུ་བཏང་ཟིན། མཐར་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ་ལོ་སྟེ་སྤྱི་ལོ༢༠༠༥ལོའི་ཚེས་༥ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །
རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱི་མཛད་རྣམ།
དེ་ཡང་རྗེ་ལམ་རིམ་པའི་བླ་མ་ངག་དབང་ཕུན་ཚོགས་ནི་ཕ་ཡབ་ཀརྨ་ཚེ་རིང་དང་མ་ཡུམ་ནམ་མཁའ་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ལོ་སྟེ་སྤྱི་ལོ་༡༩༢༢ལོར་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གི་མངའ་ཞབས་རོང་ཡུལ་ནགས་སྟེང་ཞེས་པ་རུ་ཞིང་པ་དུད་ཚང་དབུལ་པོ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་ཀློག་བསླབ་པས་བརྡ་བསྟན་པ་ཙམ་གྱིས་ཤེས། ལོ་གསུམ་གྱི་རིང་ལ་འཇམ་དཔལ་མཚན་བརྗོད་དང་། ཆོས་སྤྱོད་རབ་གསལ། གསང་འདུས་ཀྱི་ཆོ་ག་སོགས་འདོན་ཆོག་མང་པོ་བློར་བཟུང་། ལོ་བཅུའི་ཐོག་ཏུ་རྒྱལ་ཐང་དགོན་ཆེན་གསུམ་རྩེན་གླིང་དུ་སྤང་ལུང་གོང་མའི་དྲུང་དུ་རབ་ཏུ་བྱུང་ཞིང་ངག་དབང་ཕུན་ཚོགས་ཞེས་མཚན་གསོལ། དགུང་ལོ༡༤སྟེང་ཕ་ཡབ་འདས་ཤིང་། ཕས་གཡར་བའི་བུ་ལོན་རྣམས་བསད་པ་དང་། མ་དང་མིང་སྲིང་བཅས་ཀྱི་འཚོ་བའི་དོན་དུ་གཉེན་ཚན་སོགས་ཀྱིས་ཁང་པ་གཞན་གྱི་གསེར་རྐོ་བའི་གླ་བ་དང་། ཚོང་གཡོག་སོགས་ལ་བཏང་ནས་དཀའ་སྡུག་མང་པོ་མྱངས། དགུང་ལོ༡༧ཐོག་ཏུ་རང་གིས་ཚོང་ཕྲན་བུ་བྱས་ཤིང་། ལོ་ཤས་རྗེས་སུ་ཚོང་མགོ་ཅུང་ཟད་ཐོན་མཚམས། འཇིག་རྟེན་འཁོར་བ་ལ་སྙིང་པོ་མེད་པར་གཟིགས་ནས་མཁས་གྲུབ་ཆེན་པོ་ཨ་བུ་རྡོ་རྗེ་འཆང་ལ་ལམ་རིམ་དམར་ཁྲིད་ཞུ་སར་ཕྱིན། སྔ་ཕྱི་ལམ་རིམ་མྱུར་ལམ་དང་། ལམ་རིམ་ཆེ་བ་སོགས་ཀྱི་ཁྲིད་ཐོབ་ཅིང་། བློ་ལ་ཤིན་ཏུ་ཕན་པ་བྱུང་གསུངས། དེ་ནས་ཆོས་མ་གཏོགས་གཞན་གང་ཡང་མ་བསམ་པར་བླ་མའི་ཅི་གསུངས་བཀའ་བཞིན་སྒྲུབ་ཅིང་སྲོག་ལ་བབས་ཀྱང་ཚེ་འདི་བློས་བཏང་ནས་ཆོས་གཤའ་མ་ཞིག་བྱེད་རྒྱུའི་དམ་བཅའ་ཕུལ་ཞིང་རེ་ཞིག་གི་བར་དུ་རི་ཁྲོད་འགྲིམ་ནས་བསགས་སྦྱང་དང་ལམ་རིམ་གྱི་དམིགས་རྣམ་སྐྱོང་བའི་ཉམས་བཞེས་མཛད། དགུང་ལོ༢༢སྟེང་ལྷ་ས་འབྲས་སྤུངས་བློ་གསལ་གླིང་དུ་ལོ་བརྒྱད་ཀྱི་རིང་ལ་གཞུང་བཀའ་པོད་ལྔ་ལ་བརྩོན་པ་ཆེན་པོས་སློབ་གཉེར་མཛད། མཁས་པའི་སྙན་གྲགས་གྲྭ་ས་ཡོངས་ལ་ཁྱབ། དགེ་བཤེས་ཀྱི་གོ་གནས་ཐོབ། ཁོང་གི་མཚན་ལ་རྗེ་ལམ་རིམ་པ་ཞེས་པའི་དོན་ནི། དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ་བྱང་ཆུབ་ལམ་གྱི་རིམ་པ་ཐོས་བསམ་གྱིས་གཏན་ལ་ཕེབས་ཤིང་། རང་གི་སྒོ་གསུམ་སྤྱོད་པའི་ཉམས་ལེན་གྱི་མཐིལ་དུ་མཛད་པ་དང་། རིགས་ཅན་གསུམ་གྱི་གདུལ་བྱ་མངོན་མཐོ་ལྷ་མི་དང་། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་འཁྲིད་པའི་ཐབས་ཀྱི་གཙོ་བོ་ཡང་བྱང་ཆུབ་ལམ་གྱི་རིམ་པར་མཛད་ཅིང་། དེའི་འཕྲིན་ལས་ཤིན་ཏུ་རྒྱས་པས་དེ་ནས་བཟུང་རྗེ་ལམ་རིམ་པ་ཞེས་མཚན་སྙན་ཐོབ། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་སྟེ་སྤྱི་ལོ༡༩༥༩ལོར་ཀློང་རྡོལ་རི་ཁྲོད་དུ་མཚམས་ལ་བཞུགས་ཡོད་སྐབས་ཤིག་ལ། རྒྱུ་མཚན་ཅི་ཡང་མེད་པར་ཁོང་དགེ་སློབ་བདུན་འཇུ་བཟུང་སྤྲད་ནས་བཙོན་ཁང་དུ་བཅུག བཙོན་ཞབས་ནས་ཅི་ཙམ་སྡུག་ཀྱང་ཁོང་གིས་ཕྱི་དྲོའི་ཁ་ཟས་མི་བཞེས། གོས་ཕུ་ཐུང་ཅན་གཏན་ནས་མི་གྱོན། རང་གི་གཟུགས་པོ་ཤིན་ཏུ་སྐྱོ་པོ་ཡིན་ན་ཡང་ཁོང་གི་ཟས་སྐལ་ཅུང་ཟད་རེ་བླངས་ཏེ་བཙོན་རོགས་རྣམས་ལ་སྦྱིན་པ་སོགས་སྐྱེས་བུ་དམ་པའི་སྤྱོད་པ་ཤ་སྟག་མཛད། རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་རྗེས་སེར་སྐྱ་མི་དམངས་ཡོངས་ཀྱིས་ནན་ཏན་ཞུས་པར་བརྟེན་སྤྱི་ལོ༡༩༨༩ལོ་ནས་ཁོང་དགོངས་པ་མ་རྫོགས་བར་དུ་མི་ཁྲི་ཕྲག་བརྒལ་བ་ལ་དགེ་ཚུལ་སློང་དང་། དགེ་བསྙེན་གྱི་སྡོམ་པ་འབོགས་ཤིང་སོ་ཐར་གྱི་སྡོམ་རྒྱུན་རྒྱ་ཆེར་སྤེལ། ལོ་རེ་བཞིན་སྟོན་དཔྱིད་གཉིས་ལ་གསུང་ཆོས་ཆེན་མོ་བཙུགས་ནས་སྤྱོད་འཇུག་ཆེན་མོ། བླ་མཆོད། བློ་སྦྱོང་དོན་བདུན་མ་སོགས་ཀྱི་ཆོས་ཁྲིད་དང་། ལམ་རིམ་ཆེན་མོའི་ཉམས་ཁྲིད་རྒྱས་པ་སོགས་གསུང་ཆོས་ཀྱི་བདུད་རྩིའི་ཆར་ཆེན་པོ་ཕབ་ནས་སྐལ་ལྡན་གྱི་གདུལ་བྱ་འབུམ་ཕྲག་མང་པོའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པ་དང་། གཞན་ཡང་གཞུང་བཀའ་པོད་ཀྱི་དཔེ་ཁྲིད་མཛད་པ་དང་། གསུང་རབ་ཀྱི་དཔར་ཤིང་བརྐོ་བཅུག་པ་དང་། རྟེན་གསུམ་བཞེངས་པ་དང་། ཕྱག་རྩོམ་གནང་བ་སོགས་སྨག་ལ་སྒྲོན་མེ་སྦར་བཞིན་རྒྱལ་བསྟན་རིན་ཆེན་རྒྱུན་མི་ཉམས་པར་འཛིན་པ་དང་། ཉམས་པ་སོར་ཆུད་གནས་པ་གོང་འཕེལ་གྱི་ཕྱོགས་ལ་ཕན་པའི་ཤིན་ཏུ་རླབས་ཆེ་བའི་མཛད་རྗེས་མང་པོ་བཞག་ཡོད། མཐར་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན།
ཁོང་གི་གསུངས་རྩོམ་ནི་དེང་གི་དཔེ་དེབ་ཆེན་པོ་དྲུག་ཙམ་ཡོད་པ་རེད། དེ་ཡང་ཁོང་གི་གསུང་ཆོས་རྣམས་ནི་ཚིག་ཉུང་ལ་དོན་འདུས་པ། ཁ་གསལ་ཞིང་གོ་བ་ལེན་བདེ་བ། དོན་གྱི་ས་ཆོད་ཆེ་ལ་རིགས་པའི་ངར་དང་ལྡན་པ། གལ་འགག་ཟབ་གནད་ཀྱི་མདུད་མཁྲེགས་ཁྲོལ་བའི་གོ་བ་གསར་པ་དང་རིགས་འཕྲུལ་གསར་པ་མང་བ་དང་། གདུལ་བྱ་བློ་མཐོ་དམན་ཀུན་ལ་རང་རང་གི་བློ་ཚོད་དང་མཐུན་པའི་བློ་སྐྱེད་ཐོབ་ཐུབ་པ་བཅས་མཁས་པའི་ལེགས་བཤད་ཀྱི་ཁྱད་ཆོས་དུ་མ་མཆིས་སོ།།
སྐྱིད་ལེགས་ཆོས་ཀྱི་རྒྱ་མཚོའི་མཛད་རྣམ།
དེ་ཡང་མི་ཉག་སྤྲུལ་སྐུ་སྐྱིད་ལེགས་ཆོས་ཀྱི་རྒྱ་མཚོ་ཚང་ནི་ཡབ་མགོན་པོ་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་བྱའི་ལོ་སྟེ་སྤྱི་ལོ༡༩༢༡ལོར་ཁམས་མི་ཉག་མུ་ལི་ས་ཆ་རུ་སྐུ་འཁྲུངས། ཁོང་གི་སྐུ་ཐོག་གོང་མ་རྗེ་སྐལ་བཟང་ཡོན་ཏན་མ་གཤེགས་གོང་དུ་འབྲས་མི་ཉག་མི་ཚན་ལ་ཕྱག་བྲིས་བཏང་ནས་ལོ་ཆུང་རྣམས་ལ་ཉམས་ཆུང་ཚུལ་མཐུན་གྱིས་སློབ་གཉེར་བྱེད་དགོས། རྒན་པ་རྣམས་ནི་ཕ་ཡུལ་དུ་སོང་ན་བཟང་ཞེས་པའི་ཡིག་རྟེན་དུ་རྒྱ་ཤོག་འཐུག་པོ་སོར་བཞི་ཙམ་ཡོད་པ་གྲུ་བཞི་མ་ཞིག་ལ་སྣག་གིས་བྱ་མོ་ཆུང་ངུ་ཁ་མར་འཁོར་བ་ཞིག་བྲིས་ཤིང་། རྒྱབ་ལ་ཁོང་གི་ཕྱག་དུམ་མནན། དེ་ལ་རས་སྐུད་དཀར་པོ་སོར་བཞི་ཙམ་གྱིས་མདུད་པ་ཞིག་ཡིག་རྟེན་དུ་བསྐུར། སྤྱི་ལོ༡༩༢༦ལོར་མུ་ལི་རྒྱལ་པོའི་མདུན་དུ་རྫོང་ཞབས་ཤོ་ཇ་ཚང་གི་མཁན་ཆེན་སྐལ་བཟང་འཇམ་དབྱངས་དང་། གསོལ་དཔོན་ཚེ་ཟུངས་ཚེ་དབང་སྙན་གྲགས། ཐ་ར་ཁུག་ཀྲང་ཅ་ཚང་གི་གཙང་སྔགས་རམ་པ་བརྩོན་འགྲུས། རི་སྨད་ཤིས་པ་ཕག་ཐོད། ན་བ་གཤིས་པ་དབང་གྲགས་བཅས་མུ་ལི་ཕྱོགས་སུ་འབུལ་བཅའ་ཁུར་ནས་སྤྲུལ་སྐུ་བླུ་ཁ་ལེན་སར་སོང་ནས། མུ་ལི་རྒྱལ་པོ་ལ་ཞུ་བ་ཡུན་རིང་ཕུལ་རྗེས་བཀའ་ཡི་གནང་བ་ཐོབ། དེ་ཚུར་འོང་སྐབས་སྦའུ་རོང་གྲུ་ཁར་སླེབས་སྐབས་ཁོང་དགུང་ལོ་བཞི་ཡིན། དེ་ནས་རིམ་པར་ས་ཆ་མང་པོ་བརྒྱུད་ནས་སྐྱིད་ལེགས་མདའ་ལ་ཐོན། དུས་དེར་མགོ་དཔོན་མང་པོ་ཞིག་ལ་ཐང་ཙོང་ཟེར་བའི་སྲོལ་ཐོག་མར་དར་ཡོད་པས། རྗེ་སྐལ་བཟང་ཡོན་ཏན་གྱི་ཡང་སྲིད་ཀྱི་ངོས་འཛིན་མཛད་སྐབས། མི་ཉག་གི་དཔོན་ཁག་བཅུའི་རྟ་པ་བརྒྱ་ཕྲག་ཁ་ཤས་ཆིབས་བསུ་བྱེད་སར་ཐོན། དཔོན་ཁག་རྣམས་ནི། བལ་གསེད་དཔོན་པོ་དང་། ཕག་གསོ། མགོ་ལོག རྟགས་ར། ཨ་ཉག ཝ་ཚི། འབའ་ཆ། མཛོད་ནང་། ལྕགས་ཟམ་ཁ་པ་ལུང་པ་ཁག་གསུམ། ཕྱུག་མོ་ཡར་མར་སོགས་འཛམ་གླིང་གཞི་བདག་རྩར་བསྡད་དེ། སྐར་མ་བཟང་པོ་ཞིག་ལ་སྐྱིད་དགོན་གྱིས་ཁྲི་སྟོན་རྒྱ་ཆེན་པོའི་མཛད་སྒོ་སྤེལ། གླུ་བྲོ་གར་གསུམ་དང་རྟ་རྒྱུག་གཏམ་བཤད་སོགས་བརྗོད་ཀྱིས་མི་ལང་བའི་རྩེད་མོ་བྱས། འགུ་ཁ་བླ་མས་དེ་རིང་ནོར་བཟང་འཆམ་ལེགས་ཞེས་གསུངས་ཡོད་ཀྱང་། དྲི་མེད་ཀུན་ལྡན་འཆམ་པས་ད་བླ་མ་འདི་རྒྱུ་བསགས་ཤེས་མཁན་ཞིག་མི་འོང་ཞེས་གསུངས། དེ་ནས་རིམ་བཞིན་འགུ་ཁ་བླ་མ་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཀྱིས་ཀ་ཁ་སོགས་སྦྱོར་ཀློག་བསླབས། དེ་ནས་སྐྱིད་དགོན་བླ་བྲང་དུ་སྤོས་ཏེ་མཁན་ཆེན་སྐལ་བཟང་འཇམ་དབྱངས་ཀྱིས་གསལ་བྱེད་ནས་མགོ་བཟུང་སྟེ། ཆོས་སྤྱོད་དང་ཆོ་ག་ཕྱག་ལེན་དང་བཅས་པ་ཁོང་ལ་བསླབས། སྐབས་དེར་མཚམས་མཚམས་སུ། དབྱར་དུས་ལྷ་སྒང་གི་འབྲོག་ས་ངུ་བོ་ལ་ཐོག་ནགས་ལུང་མ་དང་། ནོར་སྐྱལ་ཕུག་སྡེ་པ། ལྕམ་པ་སྡེ་པ། ནང་སྐོར་སྡེ་པ། ཐེའུ་ཟུར་ཚ་ཆུ་ཁའི་མགོ་བཏགས་མ། བཀའ་བཞི་ལ་ཐོག་གི་འབྲོག་པ། འབའ་ཆ་མཛོད་ནང་གི་འབྲོག་སྡེ། ཏིས་ཚ་ཤིས་པ་སོགས་ལ་དབྱར་ཁ་དཀར་བསོད་དང་། དགུན་ཁ་ནས་བསོད་བྱེད་ས་གཙོ་བོ་ནི། མིའུ་རོང་དང་། ཁྲོ་རྒྱལ་གཤིས། ལྷ་རྩེ་གཤིས་པ། བོན་པོ་གཤིས་པ། ཨ་ཐོ་སྡེ་པ། སྐྱ་ཀེ་ཡར་མར་བྱོན་སྐབས། ཐ་ར་ཁུག་འབོས་འོ་ཚང་གི་ཨ་ཐེ་ཐང་ཙོང་དཔོན་ཚང་གིས་ཁོང་ལ་རོགས་ལྡན་ཡག་པོ་བྱས། ཡང་དར་མདོར་བྱོན་སྐབས་ཤིག་ལ་མི་སྐེ་བཅད་ས་རེད་ཟེར་བའི། མི་ཉག་རྟགས་སྒོ་དང་། གཡག་རྭ་རྟགས་སྒོ། རྒྱ་ཡུལ་རྟགས་སྒོ་བཅས་ལ་ལྟ་སར་འགྲོ་མྱོང་གསུངས། དེ་དུས་རྟགས་སྒོ་རྣམས་སྒོ་བརྒྱབ་ཡོད་ཀྱང་ཐོག་ཏུ་མི་འདུག་ས་བྱས་ཡོད། སྐབས་དེར་ལས་ཁུངས་རྣམས་ཀྱི་མིང་ལ་ཡ་མའི་ཟེར། ལྕགས་ལ་རྒྱལ་པོའི་ཁང་ཤུལ་ན་རྡོ་ཡི་སེང་གེ་དང་རྒྱབ་སྒོ་ལ་ལྷ་བྲིས་མ་སོགས་ཡོད་ཅེས་གསུངས། སྐབས་དེར་ཀྲུང་གོ་དང་འཇར་པན་གཉིས་འཁྲུག་པ་བྱེད་པའི་སྐབས་སུ་ཁེལ་ཡོད་པར་བཤད། ཁོང་དགུང་ལོ་བཅུ་གཉིས་ཐོག་ཏུ་ལྷ་སའི་གྲྭ་ས་འབྲས་སྤུངས་སུ་བྱོན་ནས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་གི་མདུན་ནས། མདོ་སྔགས་རིག་གནས་དང་བཅས་པ་སློབ་གཉེར་བྱས་ཏེ་སྦྱངས་འབྲས་ཀྱང་མི་དམན་པ་ཐོབ། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་མདུན་དུ་དགེ་ཚུལ་བསྒྲུབས། སྐབས་དེར་ཁོང་གི་མཚན་ལ་ཐུབ་བསྟན་འཇམ་དབྱངས་ཞེས་མཚན་གསོལ། བར་མཚམས་སུ་སྐལ་བཟང་སྦྱིན་པའི་མདུན་ནས་བསྟན་འགྱུར་གྱི་ལུང་རྒྱུན་ཡོད་ཚད་དང་། རྗེ་སྐལ་བཟང་ཡོན་ཏན་གྱི་གསུང་འབུམ་ཆ་ཚང་བ། ལྷོ་བྲག་སྙན་རྒྱུད་ཆ་ཚང་། དམིགས་བརྩེ་མའི་བེའུ་བུམ་ལུང་བཅས་ཐོབ། བལ་གསེད་བླ་མ་མཁན་ཆེན་བློ་བཟང་བཀྲ་ཤིས་ཀྱི་མདུན་ནས། ཀུན་རིག་དང་རྟ་མགྲིན་གསང་སྒྲུབ། ཐུགས་རྗེ་ཆེན་པོ། བདེ་མཆོག་ལྷ་ལྔ། ཙི་ཏ་མ་ཎིའི་དབང་།རིན་འབྱུང་ཁ་སྐོང་ཆ་ཚང་བ། ལེགས་བཤད་སྙིང་པོ་མདོར་བསྡུས་པ། རྟེན་འབྲེལ་བསྟོད་པ་སོགས་དབང་ལུང་ཁྲིད་གསུམ་མ་ལུས་པ་ཞུས། གཞན་ཡང་མཁན་ཆེན་བསོད་ནམས་དར་རྒྱས་དང་མཁན་ཆེན་རིན་ཆེན་ཀུན་དགའ་རྣམ་རྒྱལ། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོ། བླ་མ་འཆི་མེད། མཁན་པོ་ཐུབ་བསྟན་རྒྱལ་མཚན། བླ་མ་དགེ་ལེགས་རྒྱ་མཚོ། དཀའ་མདའ་ཁྲི་སྤྲུལ། བཀའ་འགྱུར་ཆེན་པོ། རི་ཁྲོད་བླ་མ་འཕྲིན་ལས་ཀུན་དགའ། ཀུན་བསྟན། རྒྱ་སྒོ་ཆོས་མཛད་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་ཞུས། དགུང་ལོ་ཉེར་ལྔའི་ཐོག་སྡེ་དགེ་དང་བྲག་གཡབ་ཕྱོགས་སུ་བྱོན་ནས་རྩ་བའི་བླ་མ་རྣམས་ཀྱི་མདུན་ནས་ཟབ་ཆོས་དུ་མ་ཞུས། འཇམ་དབྱངས་དགུ་ཆོས་ཐེངས་མ་གཉིས་ཚོགས་སར་བྱོན་མྱོང། ཁོང་གི་གསུང་འབུམ་སྐོར་ནི། ཁམས་མི་ཉག་སྐྱིད་དགོན་རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་པད་དཀར་ཕྲེང་བ་སོགས་གསུང་རྩོམ་པོད་གསུམ་ཙམ་ཡོད་པར་བཤད་ཀྱང་དངོས་སུ་མཇལ་རྒྱུའི་གོ་སྐབས་མ་བྱུང་པས་དེ་ལུགས་ཞུའོ། །
ཁོང་ཕ་ཡུལ་ཕྱོགས་ལ་གཟིགས་སྐོར་བྱོན་སྐབས། ད་ལི་བརྒྱུད་རྒྱའི་དམག་དཔོན་ཀྲུང་གོ་ཧྭ་ལ་རོགས་ལྡན་མང་པོ་བྱས་ནས་ས་དམ་ལ་འབྱོར། ས་དམ་རྒྱལ་པོའི་ཕོ་བྲང་དང་། ལ་ཕྱི་དགོན། ཕུན་ཚོགས་གླིང་དགོན་པ། འཇང་རི་སྨུག་པོ་དགོན་པ།ཤར་ཐོད་ལི་དགོན་པ། གངས་རིའི་རྩར་དགོན་པ། རི་བོ་བྱ་རྐང་གནས་མཇལ་ལ་བྱོན་ནས་རབ་གནས་དང་མཆོད་འབུལ་རྒྱ་ཆེན་པོ་བྱས། ཞོར་དུ་ཁོང་ཕྱག་ཕྲེང་སོགས་ལ་བྱོན་ནས་རྒྱ་གུང་ཁྲེན་ཏང་ལ་མི་སེར་ཚོས་མགོ་མ་བཏགས་ན་ཕོ་ཐམས་ཅད་ཤི་མོ་ཐམས་ཅད་ཡུག་ས་ལ་ལྷག་རྒྱུ་རེད་ཅེས་གསུངས་ཡོད་ཀྱང་མང་ཕྱོགས་ཀྱིས་དེ་མ་ཉན་ནས་རྗེས་སུ་འགྱོད་པ་སྐྱེས་རྒྱུ་ཞིག་བྱུང་ཞེས་བཤད། དེ་ལོར་གཏོར་མ་རོང་དུ་ལོ་གསར་ཞིག་བཏང་། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་འབྱོར་ནས་ཞག་བཅོ་ལྔ་ལྷག་བཞུགས། བཀའ་འགྱུར་ཞལ་ཕྱེས་མཛད། མི་རིང་བར་པེ་ཅིན་ལ་འབྱོར་ནས་ཆོས་ལས་ཁང་དུ་ཆོས་མཇལ་བྱས། སྐབས་དེར་ལོ་གསར་གྱི་ཚེས་གཅིག་ལ་ཁེལ་འདུག་པས། ཉིན་དེར་མོའི་ཀྲུའུ་ཞི་ལ་མཇལ་ཁ་ཞུས་ནས། ཀྲུའུ་ཞི་ལིའུ་ཧྲའོ་ཆིང་དང་། ཀྲུའུ་ཨེན་ལེ་བཅས་ལ་དར་ཁ་ཕུལ། ཁོང་རྣམ་གཉིས་ཀྱིས་ཐུགས་དགྱེས་པ་ཆེན་པོས་ཞལ་གསུངས་ཆུ་ཚོད་གཅིག་ལྷག་ཙམ་མཛད། ཁོང་རྣམ་པ་དང་མཉམ་དུ་སྐུ་པར་རྒྱབ་ཅིང་། ཀྲུའུ་ཞི་ལིའུ་ཧྲའོ་ཆིང་དང་། ཀྲུའུ་ཨེན་ལེ་རྣམ་གཉིས་ཀྱིས་གསོལ་སྟོན་བཤམས། ལྟད་མོ་ལ་མཉམ་དུ་གཟིགས། པེ་ཅིང་ལ་ལྟ་སྐོར་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་གདུང་མཇལ། ཧྲང་ཧའེ་དང་ཧང་ཀྲོའུ་སོགས་སུ་བྱོན་ཞིང་། རྗེས་སུ་ཡུན་ནན་ནས་མི་ཉག་ཏུ་བྱོན་ནས་དུས་འཁོར་དབང་ཆེན་གསུངས། ཁོང་གི་སྔ་ཕྱི་གཉིས་སུ་དུས་འཁོར་དབང་ཆེན་ཚར་བཅུ་གསུམ་གསུང་ཡོད་པར་བཤད། ཁོང་ལ་རྒྱུ་ནོར་སོགས་གཏན་ནས་མི་མཁོ། དབང་ལུང་སོགས་གསུངས་ནས་འབུལ་བ་ལོན་པ་རྣམས་ནི། ས་ཆ་དེའི་མི་སེར་འཚོ་བ་དཀའ་ངལ་ཅན་རྣམས་ལ་སྦྱིན་པ་ཅུང་ཟད་བཏང་ཏེ། དེ་མིན་རྣམས་ནི་ཟམ་པ་དང་ལམ་ལས་ས། ནགས་རྨོ་སར་བཅས་ལ་གནང་སྦྱིན་མཛད་རྒྱུ་གཙོ་བོ་ཡིན། བླ་མ་ཁོང་ནི་གཙོ་བོ་ཟམ་པ་ལས་རྒྱུ་དང་ལམ་ལས་རྒྱུ་ལ་ཤིན་ཏུ་ཐུགས་དགྱེས་མཁན་ཞིག་ཡིན་ཏེ། དཔེར་ན་རྫོང་ཞབས་ཟམ་པ་གཅིག་གི་ཕན་འཐོག་རྒྱུ་རྐྱང་རྐྱང་ལ་ཆ་མཚོན་ནས་བཤད་ན། ལོ་གཅིག་ལ་རྟ་ཟོག་ར་ལུག་མི་བཅས་སེམས་ཅན་ཉིས་བརྒྱ་ལྷག་གི་སྲོག་སྐྱོབ་ཐུབ་ཡོད། དཔེར་ན་ཁོང་དགོན་པ་ཞིག་གི་ནང་དུ་ཆོས་གསུང་སར་ཕེབས་ནས་དེར་ཉི་མ་ཅི་ཙམ་ལ་བཞུགས་ན། དཔོན་གཡོག་ཅི་ཡོད་རུང་དེ་ཚང་མའི་ཟས་རིན་རྣམས་རྩིས་ནས་ངེས་པར་དུ་སྦྱིན་དགོས། གལ་སྲིད་དགོན་པ་དེས་ཟས་རིན་རྣམས་རྩིས་མ་རྒྱབ་ཚེ་བཀའ་བཀྱོན་ཆེན་པོ་གནང་སྲོལ་ཡོད། ཁོང་ས་ཆ་གང་དུ་བྱོན་ནའང་བཞུགས་ས་འདྲུད་འཐེན་འཁོར་ལོ་ཆུང་ཆུང་དང་། རླངས་འཁོར་ཆེན་པོ་ཤར་རླུང་རྟགས་ཅན་མ་གཏོགས་མི་མཁོ། རྗེས་སུ་དཀར་མཛེས་ཁུལ་ཆབ་སྲིད་གྲོས་མོལ་ཁང་གིས་རླངས་འཁོར་ཆུང་ཆུང་མ་གཏོགས་ཁོང་བཞུགས་མི་ཆོག་ཅེས་གཏན་ཁེལ་བྱས། ཁོང་འདས་ཁར་འདས་མཆོད་ཉི་མ་གཅིག་འདོན་བྱེད་ཀྱི་རྒྱུ་ནོར་ཡང་མེད་པར་བཤད། ཁོང་གིས་མི་སེར་རྣམས་ལ་དུས་རྒྱུན་དུ་ཆོས་གསུང་སྐབས། མི་བསད་མི་ཉན། རྐུ་དང་ཇག་བྱེད་མི་ཉན། གཏམ་འཁྱར་བཤད་མི་ཉན། གཡེན་དཀྲུག་བྱེད་མི་ཉན། མི་ཁ་ལ་ཉན་ནས་ཁྲིམས་འགལ་གྱི་བྱ་སྤྱོད་བྱེད་མི་ཆོག་ཅེས་སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན། སྤྱི་ཚོགས་བརྟན་བརླིང་། ཁོར་ཡུག་སྲུང་སྐྱོབ་ཡོང་ཐབས་སོགས་ཁོ་ན་དམིགས་ནས་ཆོས་གསུངས་པས། འབྲས་བུ་བཟང་པོ་ཐོབ་ཡོད་པ་ཡུལ་དེའི་མི་རྒན་ཚོ་ལ་དྲིས་དང་ཤེས་པར་འགྱུར་རོ།།
ཁོང་གི་ཐོབ་ཐང་གི་གོ་གནས་སྐོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུ་ཚོགས་ཀྱི་འཚོགས་གཙོ་རྒན་པ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆབ་སྲིད་གྲོས་མོལ་ཁང་གི་ཀྲུའུ་ཞི་གཞོན་པ། སི་ཁྲིན་ཞིང་ཆེན་ཆབ་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན། མི་ཉག་སྐྱིད་ལེགས་དགོན་པའི་སྤྲུལ་སྐུ་དང་བློ་འདྲི་ཡུལ། མི་ཉག་མགར་ཐར་དགོན་པའི་བློ་འདྲི་ས། མི་ཉག་ས་དགེ་བཀའ་རྙིང་མང་པོའི་བླ་མ་ཡིན་པར་མ་ཟད། རོང་འབྲོག་མི་སེར་ཕལ་ཆེར་གྱི་དབང་ལུང་ཞུ་སའི་བླ་མ་ཡང་ཡིན།མཐར་དགུང་ལོ༧༤ཐོག་ཏུ་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱི་ལོའི་ཟླ༡༡པའི་ཚེས༡༧ཉིན་མོ་སྟེ་སྤྱི་ལོ༡༩༩༤ལོར་བློ་བདེའམ་ཀླུ་ལྡིང་ལྕགས་ཟམ་ཁ་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །
མི་ཉག་བུ་ཕྲུག་གི་མཛད་རྣམ།
དེ་ཡང་མི་ཉག་བུ་ཕྲུག་ནི་ཡབ་མི་ཉག་ཨ་འཐས་སྡེ་དཔོན་བློ་བཟང་ཕུན་ཚོགས་དང་ཡུམ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོ་སྟེ་སྤྱི་ལོ༡༩༣༠ལོར་མི་ཉག་སྐྱ་ཀེ་རུ་སྐུ་འཁྲུངས། དགོང་ལོ་བདུན་ནས་བཟུང་སྟེ་སྔ་ཕྱིར་རི་ཁུད་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་དང་། དགོན་དེའི་བཤད་གྲྭ་མཁན་པོ་འཇམ་དབྱངས་བློ་གྲོས་སོགས་ཀྱི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་མི་དམན་པ་མཛད། ཁྱད་པར་དུ་ཁོང་གིས་རྩིས་དཀར་ནག་དང་ཡང་དགོས་སུ་ནག་རྩིས་ལ་སྦྱངས་པ་ལེགས་པོ་མཛད་པས། དུས་ཕྱིས་ཡུལ་མི་ཀུན་ལ་གཤིན་རྩིས་དང་བག་རྩིས་སོགས་གང་ལ་གང་མཁོའི་ཕན་ཐོགས་ཆེན་པོ་བྱུང་བར་བཤད། སྤྱི་ལོ༡༩༥༨ལོར་ངོ་རྒོལ་བཞི་ལ་ཐུག་ཏེ་རང་ཁྱིམ་དུ་མི་ལོག་ཐབས་མེད་བྱུང་བས་རང་ཁྱིམ་དུ་ཐོན། མི་དམངས་མཉམ་ལས་ཁང་གི་ངལ་རྩོལ་ལ་ཞུགས་ཤིང་ཧུར་བརྩོན་མཛད་པས། ནམ་རྒྱུན་ཨང་དང་པོ་ཐོན། དེ་ནས་ཤིང་བཟོ་དང་རྡོ་བཟོ། ལྕགས་དངུལ་སོགས་མགར་བའི་ལག་ཤེས་ལ་བརྟེན་ནས་རང་ཁ་གསོས་པ་ཡིན། རྗེས་སུ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཅི་ཡིན་འདི་ཡིན་མེད་པར་གློ་བུར་དུ་ཞྭ་ཅན་ལ་བརྩིས་ཏེ། རིག་གནས་བེད་སྤྱོད་གཏན་ནས་མི་ཆོག་པས་ལོ་ཉི་ཤུ་ལྷག་གི་རིང་ལ་འོ་རྒྱལ་མྱངས་ཡོད།
སྤྱི་ལོ༡༩༨༠ལོར་རྒྱལ་ཁབ་ཀྱི་སྲིད་ཇུས་ཅུང་ཟད་ལྷོད་དེ། དཀར་མཛེས་ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་གདན་ཞུས་ལྟར་དགེ་རྒན་ལོ་ངོ་གསུམ་ཙམ་གྱི་རིང་ལ་མཛད་ནས། གཙོ་བོ་སུམ་རྟགས་དང་ཡིག་གཟུགས། སྙན་ངག མངོན་བརྗོད། རྩོམ་ཐུང་སོགས་སློབ་མ་རྣམས་ལ་སློབ་ཁྲིད་གནང་ནས་འབྲས་བུ་བཟང་པོ་ཐོབ། སྐབས་དེར་ཁོང་གིས་ཞོར་དུ་མི་རིགས་ལས་བྱེད་སློབ་གྲྭའི་སློབ་དེབ་དཔེ་ཆ་བརྒྱད་ཙམ་བདམ་ནས་རྩོམ་བསྒྲིགས་མཛད། སློབ་དེབ་དེ་དག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སློབ་དེབ་ལ་བེད་སྤྱོད་བཏང་བས་དགེ་སློབ་ཚང་མས་དགའ་བསུ་ཆེན་པོ་ཐོབ།
སྤྱི་ལོ༡༩༨༣ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སྤྲུལ་སྐུ་གཟན་དཀར་ཚང་གིས་ཁོང་དགེ་རྒན་དུ་གདན་དྲངས། ལོ་དུ་མའི་རིང་ལ་དགེ་རྒན་མཛད་ནས་རང་གཞན་གཉིས་ཀ་ལ་འབྲས་བུ་བཟང་པོ་ཐོབ། སློབ་དོན་ཁང་གི་འགན་ཁུར་གཞོན་པའི་འགན་བཞེས། མཐོ་རིམ་འཆད་དཔོན་གྱི་མཚན་སྙན་ཐོབ། ཁོང་གི་གསུང་རྩོམ་ནི། དཀའ་གནད་སྡོམ་ཚིག་སི་ཏུའི་དགོངས་གསལ། ནང་དུ་ཁོང་རང་ཉིད་ཀྱི་གསུང་རྩོམ་སྣ་ཁ་བཅོ་བརྒྱད་ལྷག་ཙམ་བཀོད་ཡོད། རྒྱས་པར་ཤེས་འདོད་ན་དེབ་ཆེན་དེར་གཟིགས་དང་མཁྱེན་པར་འགྱུར་རོ། །ཁོང་གིས་གཙོ་འགན་བཞེས་ཏེ་མི་རིགས་ལས་བྱེད་སློབ་གྲྭ་ལ་སློབ་དེབ་ཀྱི་དཔེ་ཆ་དེབ་བརྒྱད་རྩོམ་བསྒྲིགས་མཛད། ཞིང་ཆེན་བོད་ཡིག་སློབ་གྲྭ་ལ་གཙོ་བོ་སློབ་དོན་ཁང་གི་གཙོ་འགན་བཞེས་ཏེ་སློབ་དེབ་རྩོམ་སྒྲིག་གི་ཕྱག་ལས་གནང་། དེའི་རིང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྡུས་འགྲེལ་དང་། ལེགས་རྩོམ་སྙིང་བསྡུས་ལ་སོགས་པའི་དེབ་བཅུ་གཅིག་ཙམ་རྩོམ་སྒྲིག་མཛད། མཐར་སྤྱི་ལོ་༡༩༩༨ལོའི་ཟླ་བ༢པའི་ཚེས༣ལ་གློ་བུར་དུ་དར་མདོ་ཁུལ་སྨན་ཁང་དུ་སྐུ་གཤེགས་སོ། །
མཁྱེན་རབ་འོད་གསལ་ཀྱི་མཛད་རྣམ།
དེ་ཡང་མི་ཉག་མཁྱེན་རབ་འོད་གསལ་ནི་ཡབ་ཉན་ཤུལ་བསོད་ནམས་དཔལ་བཟང་དང་ཡུམ་སོག་བཟའ་དཔོན་མོ་བཀྲ་ཤིས་བཟང་མོ་གཉིས་ཀྱི་སྲས་སུ་། བོད་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ༡༩༢༥ལོར་མི་ཉག་སོག་རག་མའི་སྡེ་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡབ་ཀྱི་མདུན་ནས་བོད་ཡིག་འབྲི་ཀློག་བསླབས། མི་ཉག་དཔལ་རིའི་དགོན་པའི་ཁྲི་པ་འོད་གསལ་ཉི་མའི་ཡང་སྲིད་དུ་ངོས་འཛིན་བྱས། དགོང་ལོ་བཅུ་གསུམ་པར་སྡེ་དགེ་རྫོགས་ཆེན་ཤྲྰི་སེང་གི་བཤད་གྲྭ་རུ་ཞུགས། མཁན་ཆེན་མགོན་འདྲིས་སོགས་མཁས་དབང་བཅུ་ཕྲག་ལྷག་ཙམ་བསྟེན་ནས། མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་མཛད། མཁས་པའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། སྤྱི་ལོ༡༩༤༨ལོར་ལྷ་སར་ཕེབས། ༡༩༥༣ལོར་དམག་སྒར་ཨང་བཅོ་བརྒྱད་པའི་བོད་ལྗོངས་དམག་སྒར་ལས་བྱེད་སློབ་གྲྭའི་དགེ་རྒན་མཛད། ཁོང་གི་གསུང་རྩོམ་ནི། རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་དང་། སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ། བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་གླེང་བ། གཞན་དང་མཉམ་སྒྲིག་བྱས་པ་སྤྱི་ལོ༡༩༥༩ལོར་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་ཡིན་ལ། ཁོང་གི་དཔྱད་རྩོམ་དང་ལོ་རྒྱུས་ཀྱི་རྩོམ་ཡིག་བོད་ཀྱི་རིག་གནས་དང་མི་རིགས་ཀྱི་བློ་སྒོ་འབྱེད་པར་སྨན་པའི་ལྗགས་རྩོམ་མང་པོ་ཞིག་དུས་དེབ་དང་གསར་འགྱུར་ཐོག་ཏུ་སྤེལ་མྱོང་།
ཁོང་གི་གོ་གནས་སྐོར། བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་དང་ཞིབ་འཇུག་པའི་ལས་འགན་ཡང་བཞེས། ༡༩༩༡ལོར་སི་ཁྲོན་ཞིང་ཆེན་གྱིས་ཁོང་ལ་དགེ་རྒན་ཆེན་མོ་ཞེས་པའི་མཚན་གསོལ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཅུས་ཀྱིས་བཀའ་འདྲི་ཞུ་སའི་སློབ་དཔོན་དུ་གདན་འདྲེན་ཞུས། ༡༩༨༤ལོར་མི་ཉག་དཔལ་རིས་དགོན་པ་ལ་བཀའ་འགྱུར་དང་སྟོན་པའི་ཞལ་ཐང་གོས་སྐུ༡༠༠༠དང་། དམངས་སྒོར༣༡༢༡གནང་སྦྱིན་བྱས། ༡༩༩༧ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལ། དམངས་སྒོར༡༠༠༠༠སློབ་མའི་བྱ་དགའི་ཐེབས་རྩ་བཞག་ནས་འབྲས་བུ་བཟང་པོ་ཐོབ། མདོ་སྟོད་ཁམས་དར་རྩེ་མདོའི་གཡག་རྭ་ལྟག་སྒོའི་མཚོ་ནང་གི་ཉ་ཚེ་ཐར་ལ་ལྟ་མཁན་རྣམས་ལ་གླ་ཕོག་གི་ཆེད་དུ་དམངས་སྒོར་ཁྲི་བཞི་གནང་སྦྱིན་མཛད་པ་སོགས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབས་སོ། །
མི་ཉག་མགོན་པོའི་མཛད་རྣམ།
འཇུ་བོ་མགོན་པོའམ་མི་ཉག་མགོན་པོ་ཚང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་གངས་དཀར་ཡུལ་ཤོག་གི་མི་རྒྱུ་སྟོད་པའི་ཕ་ཡབ་བཞག་བྲ་ཚི་ཚི་དང་མ་ཡུམ་འཇུ་བོ་པད་སྒྲོན་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ༡༩༣༢ལོར་སྐུ་འཁྲུངས། དགོང་ལོ་ལྔ་ལོན་སྐབས་འབོ་གངས་དཀར་སྤྲུལ་སྐུའི་མདུན་དུ་སྐྲ་ཕུད་ཕུལ་ཏེ་གྲྭ་བཙུན་བྱས་ཤིང་། ཡི་གེ་ཀློག་སྦྱོང་མགོ་ཐོག་མར་བཙུགས། གངས་དཀར་སྐུ་ཞབས་དང་ལོ་ཉེར་བརྒྱད་རིང་ལ་འབྲལ་མེད་དུ་ཕྱག་ཕྱིར་འབྲངས། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན། མདོ་སྔགས་རིག་གནས་མན་ངག་དང་བཅས་པ་ལ་སྦྱངས་པ་མཛད། བླ་མ་གངས་དཀར་ཚང་གི་སློབ་མའི་ནང་ནས་བློ་རིག་བཀྲ་ཤོས་དང་སྙན་ངག་མཁས་ཤོས་སུ་གྲགས། སྤྱི་ལོ༡༩༥༢ལོ་ནས་དཀར་མཛེས་ཁུལ་རིག་སློབ་ཁང་དང་ཡིག་སྒྱུར་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བཅས་ལ་སློབ་ཁྲིད་དང་སློབ་དེབ་རྩོམ་སྒྱུར་གྱི་བྱ་བ་བསྒྲུབས། སྤྱི་ལོ༡༩༧༩ལོར་པེ་ཅིན་དུ་ཀྲུང་དབྱང་མི་རིགས་ཡིག་སྒྱུར་ཅུས་དང་། མི་རིགས་རིག་གནས་ཕོ་བྲང་བཅས་སུ་བྱ་བ་བསྒྲུབས། ཁོང་གི་གསུང་རྩོམ་ནི། སྒྱུར་ཡིག་མང་པོར་ཞུ་དག་དང་བོད་ཀྱི་ཡིག་རྙིང་པོ་ཏི་སྟོང་ཕྲག་འགའ་ཤས་ལེགས་བསྒྲིགས་མཛད་དེ་དཀར་ཆགས་ཤེས་བྱའི་གཏེར་མཛོད་དེབ་གསུམ་གྱི་བོད་ཡིག་རྩོམ་བསྒྲིགས་དང་། གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས། འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་དཀར་སོགས་ཆེད་རྩོམ་དེབ་ཁ་ཤས་ཡོད།གཞན་ཡང་རྒྱལ་ཕྱི་ནང་གི་དུས་དེབ་ཁག་ཏུ་དཔྱད་རྩོམ་དང་རྩོམ་ཡིག་བཅུ་ཕྲག་ཁ་ཤས་སྤེལ་ཡོད་པར་གསུངས་སོ། །
རག་ཤུལ་བསོད་ནམས་དར་རྒྱས་ཀྱི་མཛད་རྣམ།
དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་མཐུད་མཁན་སྦྲ་གུར་སློབ་གྲྭའི་སློབ་གཙོ་བཟང་པོ་མི་ཉག་བསོད་ནམས་དར་རྒྱས་ནི་ཡབ་མི་ཉག་རག་ཤུལ་གཡུ་དགའ་དང་ཡུམ་མི་ཉག་དགྲ་འདྲེ་བ་སྐལ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ༡༩༤༡རྔ་བ་ཁུལ་གྱི་རྐ་ཁོག་རྫོང་གི་རྨེ་བ་འབྲོག་སྡེ་རུ་སྐུ་འཁྲུངས། ཁོང་གི་ཁྱིམ་ཚང་མི་ཉག་ནས་མདོ་རིན་པོ་ཆེའི་སྒར་ཁ་དང་མཉམ་དུ་རྨེ་བ་ཕྱོགས་ལ་སོང་ནས་ཁྱིམ་གཞི་ཆགས་ནས་ལྷག་སོང་བ་རེད། ཁོང་གི་མི་རྒྱུད་རྣམས་ནི་མི་ཉག་ལྷ་སྒང་དང་མགར་ཐར་བཅས་ལ་ཡོད་ཅིང་གནའ་ནས་ད་ལྟའི་བར་དུ་བུ་རྒྱུད་ཚོ་དང་འབྲེལ་འདྲེས་ཡག་པོ་ཡོད། ༡༩༥༦ལོར་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ནས་ཁྱུང་མཆུའམ་རྐ་ཁོག་རྫོང་དམངས་གཙོ་བཅོས་སྒྱུར་ཁང་དུ་ལས་དོན་བསྒྲུབས། ༡༩༧༣ལོར་མཛོད་དགེ་རྫོང་ཐང་སྐོར་གསར་བརྗེའི་ཨུ་ཡོན་ལྷན་ཁང་གི་དཔོན་པོ་གཞོན་པའི་ལས་འགན་ཁུར། ༡༩༧༤ལོར་མཛོད་དགེ་རྫོང་ཨུའི་ཧྲུའུ་ཅིའི་གཞོན་པའི་འགན་ཁུར་བཞེས། ཁོང་ཉིད་གང་དུ་ཕེབས་ཀྱང་མི་སེར་ལ་བྱམས་ཤིང་དྲང་མོ་ཡིན་པས་ཕྱིས་སུ་མི་སེར་ཚོས་དར་རྒྱས་དྲིན་ཆེན་བོ་ཞེས་སྐུ་མདུན་ལ་བཅར་ནས་འཚམ་འདྲི་ཞུ་མཁན་ཡང་དུ་མ་ཐོན་པ་ལྟ་བུ་སོགས་ཡིན། ༡༩༧༧ལོར་རྔ་བ་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས། ༡༩༧༩ལོར་ཁོང་གིས་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཁང་བཙུགས་ནས་ཅུས་ཀྲང་གི་འགན་བཞེས། སི་ཁྲོན་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་རྗེས། ཁོང་གིས་མཁས་པ་མང་པོ་རྩ་འཛུགས་བྱས་ཏེ། ཁམས་སྡེ་དགེར་ཕེབས་ནས་རིག་གསར་ཀྱི་སྐབས་ནས་སྒོ་བརྒྱབ་ཡོད་པའི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་སྒོ་འཕར་ཡངས་པོར་ཕྱེས། རྔ་བ་ཁུལ་ནས་མར་ཕྱུར་བ་སོགས་འབྱོར་དངོས་མང་པོ་ཁྱེར་ནས། བཀའ་བསྟན་གྱི་གཙོར་བྱས་པའི་པར་ཤིང་ཐམས་ཅད་ལེགས་སྒྲིག་དང་། པར་ཤིང་འཁྲུད་པ། པར་ཤིང་ཐམས་ཅད་ལ་སྣུམ་བྱུག་ཅིང་། མཚལ་དང་སྣག་ཤོག་བུ་བཅས་འབོར་ཆེན་བསྒྲུབས་ཤིང་པར་ཁང་གི་ལས་གྲྭ་ཐམས་ཅད་ལ་འགྱེད་ཆེན་པོ་བཏང་ནས་ལས་ཀའི་མགོ་བརྩམས།
སྤྱི་ལོ༡༩༧༩ནས༡༩༨༠ལོའི་དབྱར་ངོ་གཉིས་ཀྱི་རིང་ལ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་པའི་གསུང་རབ་ཡོད་དོ་ཅོག་ཆ་ཚང་བ་ཚར་གཉིས་རེ་བླུས་ཤིང་རྔ་བ་ཁུལ་དུ་གདན་དྲངས་ནས་དཔེ་མཛོད་ཁང་ཁྱད་ཆོས་ལྡན་པ་ཞིག་བཞེངས། རྔ་ཁུལ་དུ་བཞུགས་པའི་མཁས་དབང་མང་པོ་གདན་དྲངས་ཏེ། བོད་ཀྱི་རིག་གནས་ཉམས་གསོ་དང་གོང་འཕེལ་གཏོང་ཆེད་དུ་བོད་ཡིག་གི་སྦྱོང་བསྡར་དུས་ཐུང་འཛིན་གྲྭ་ཐེངས་མང་པོ་བཙུགས་ནས་ཤེས་ལྡན་མི་སྣ་དུ་མ་གསོ་སྐྱངས་གནང་ཡོད།
༡༩༨༡ལོར་སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་གཙོ་འགན་པ་བཀྲ་ཤིས་ཚེ་རིང་དང་སྤྲུལ་སྐུ་གཟན་དཀར་རྣམ་གཉིས་ཀྱིས་ཁོང་གདན་དྲངས་ནས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོའི་ལས་འགན་ཁུར་ནས་གྲ་སྒྲིག་དུ་ཞུགས་ཤིང་། བོད་ཡིག་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མཐུན་སྒྲིལ་གྱི་དཔུང་པ་མཉམ་གཤིབ་ཀྱིས་དཀའ་ངལ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ནས་སློབ་གྲྭ་གསར་དུ་བཙུགས། སྡེ་དགེ་པར་ཁང་ནས་བཀའ་བསྟན་དང་གསུང་འབུམ་ཐམས་ཅད་བླུས་ཤིང་། གཞན་ཡང་དཔེ་སྐྲུན་ཁང་སོ་སོ་ནས་དཔེ་དེབ་མང་པོ་བླུས་ནས་དཔེ་མཛོད་ཁང་ཆེན་མོ་བཞེངས་རྒྱུའི་འཆར་འགོད་གནང་། ཁོང་ནི་མེས་རྒྱལ་ལ་དགའ་ཞིང་མི་རིགས་ལ་དགའ་བ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་རྒྱུར་དགའ་བ། སློབ་གསོ་ལ་དགའ་བས་དགེ་སློབ་ཡོངས་ལ་བརྩི་བཀུར་ཆེ་ཞིང་བྱམས་བརྩེ་ཆེ་བས་ལྷག་བསམ་ཅན་ཁོང་ལ་ཀུན་གྱིས་དར་རྒྱས་པུའུ་ཀྲང་ཞེས་ཕ་རྒན་ལྟ་བུའི་འདུ་ཤེས་བཞག་ནས་བརྩི་བཀུར་བྱེད་སྲོལ་ཆགས། ཡང༡༩༨༧ལོའི་ཟླ་བ༡པོ་ནས༡༩༨༨ལོའི་བར་དུ་རྟའུ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ཡང་ཁུར་བ་ཡིན་ནོ། །༡༩༨༨ལོར་ཁོང་གིས་དཀར་མཛེས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་དབུ་ཁྲིད་ཀྱིས་གདན་འདྲེན་ཞུས་པ་ལྟར། དཀར་མཛེས་ཁུལ་རྩོམ་སྒྱུར་ཅུས་གསར་དུ་བཙུགས་ཤིང་ཅུས་ཀྲང་གི་འགན་ཁུར་བཞེས་ཏེ། ཡང་ཁོང་གིས་སྡེ་དགེ་པར་ཁང་སོགས་ནས་བོད་ཡིག་གི་དཔེ་ཆ་མང་པོ་བླུས་ཏེ་དཔེ་མཛོད་ཁང་ཆེན་མོ་བཞེངས་ཤིང་། སྡེ་དགེ་པར་ཁང་དང་ཁུལ་རྩོམ་སྒྱུར་ཅུས་གཉིས་མཉམ་འབྲེལ་གྱིས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་དཀར་ཆག་ཅིག་ཞིབ་རྒྱས་འབྲི་རྒྱུའི་ཁོང་གིས་ཆེད་དུ་གཙོ་འགན་བཞེས་ནས་བྱ་བ་རྣམས་ལེགས་འགྲུབ་བྱུང་། གཞན་ཡང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཁུལ་ཆོས་ལུགས་ཅུས། ཁུལ་རྩོམ་སྒྱུར་ཅུས་ལས་ཁུངས་བཞིས་མཉམ་འབྲེལ་གྱིས་དཀར་མཛེས་ཁུལ་གྱི་དགོན་པ་ཡོངས་རྫོགས་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ་ཆེན་མོ་གསུམ་དེ་ཁོང་གིས་གཙོ་འགན་ཁུར་ནས་ཡང་ལེགས་འགྲུབ་བྱུང་ཡོད། དེ་མིན་གྱི་པར་ཤིང་བརྐོ་རྒྱུ་དང་། དཔེ་རྙིང་མྱུར་སྐྱོབ། དཔེ་ཆ་གསར་རྙིང་མང་པོ་པར་སྐྲུན་བྱས་པ་དཔེར་ན། སྨོན་ལམ་རྒྱ་མཚོའི་བྲིས་དཔེ་ཡིག་གཟུགས་བློ་གསལ་སྤྱི་ནོར་དང་། སྙན་ངག་དབྱངས་ཅན་དགྱེས་གླུ། སང་བོད་སྐད་གཉིས་ཤན་སྦྱར། མཁས་དབང་ནམ་མཁའ་ནོར་བུའི་ལོ་རྒྱུས་ཆ་ཚང་། ལན་ཝར་གྱི་མ་ཕྱི་སོགས་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་རྒྱུའི་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ང་ཚོ་ལ་ཆེས་ཡིད་ཕངས་པ་ཞིག་ལ། ༡༩༩༨ལོར་ཁོང་གིས་རྔ་བ་རང་སྐྱོང་ཁུལ་གྱི་འབར་ཁམས་དགེ་འོས་སློབ་གྲྭའི་ནང་དུ་ལས་སྤོར་མཛད་དེ་མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་འཇོག་བཞིན་པའི་སྐབས་སུ། བསྙུན་གཞི་ཚབ་ཆེན་ཞིག་བཞེས་ནས་སྤྱི་ལོ༡༩༩༩ལོར་དགོངས་པ་ཞིང་གཞན་ཞིག་ཏུ་གཤེགས་སོ། །ཁོང་གི་མཛད་རྗེས་རྣམས་ཕྱོགས་བསྡོམས་ཧ་ལམ་ཙམ་བྱས་ན། ༡ རིག་གནས་གསར་བརྗེས་ཀྱི་རྗེས་སུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་སྒོ་ཕྱེ་མཁན་ཐེངས་དང་པོ་ཁོང་ཡིན། ༢ སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་དུ་བཙུགས་ནས་སྦྲ་གུར་སློབ་གྲྭའི་སློབ་གཙོ་ཐེངས་དང་པོ་ཁོང་ཡིན། ༣ དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ལ་ལོ་ཙྰ་བྱེད་སའི་ཡིག་སྒྱུར་ཁང་ངམ་རྩོམ་སྒྱུར་ཅུས་གཉིས་ཁོང་གིས་གསར་དུ་བཙུགས་ནས་མགོ་ཁྲིད་ཐེངས་དང་པོ་མཛད་མཁན་ཁོང་ཡིན། ༤ ལས་ཁུངས་ཆེན་པོ་བཞི་རྩ་འཛུགས་བྱས་ཏེ་དཀར་མཛེས་ཁུལ་གྱི་དགོན་པ་ཡོངས་རྫོགས་ཀྱི་ལོ་རྒྱུས་ཀྱི་དེབ་ཆེན་གསུམ་རྩོམ་སྒྲིག་བྱེད་སྐབས་ཁོང་གིས་ཆེད་དུ་གཙོ་འགན་ཁུར་ནས་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་རེད། ༥ སྡེ་དགེ་པར་ཁང་དང་དཀར་མཛེས་ཁུལ་རྩོམ་སྒྱུར་ཅུས་གཉིས་མཉམ་འབྲེལ་གྱིས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་དཀར་ཆག་འབྲི་རྒྱུའི་ཐད་ལ་ཁོང་གིས་ཆེད་དུ་གཙོ་འགན་ཁུར་ནས་ལེགས་འགྲུབ་བྱུང་ཡོད་པ་སོགས་ལྟ་བུ་ནི་ཁོང་གིས་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་ཡིན་མོད་། འོན་ཀྱང་ཁོང་རང་ཉིད་ཀྱི་སྒེར་དོན་ལ་མཚོན་ནས་བཤད་ན་གྱོང་ཆེན་མང་པོ་ཁུར་ཡོད་པ་རྣམས་གཤམ་གསལ། ཁོང་དང་པོ་ཚུར་ཡོང་དུས་རྒན་མོ་ལ་འགྲོ་འདོད་གཏན་ནས་མེད་པས་ངོ་རྒོལ་མཐར་ཕྱིན་པ་བྱས་ཏེ་བཟའ་ཚང་འཐོར་རྒྱུའི་གྱོང་སྒོ་ཆེན་པོ་ཁུར་ཡོད། སྐབས་དེར་ཁོང་ནི་མི་ཤིན་ཏུ་དྲང་མོ་ཡིན་པས་བུ་མོ་ཆུང་བ་དང་གཞི་འཁོར་བའི་རྒྱུ་ནོར་སུམ་ཆ་གཉིས་དེ་རྒན་མོ་ལ་སྤྲད། བུ་མོ་ཆེ་བ་ལོ༤ཅན་དང་རྒྱུ་ནོར་སུམ་ཆ་གཅིག་ཏེ་ཁོང་གིས་ཁུར་རྒྱུས་ཐག་བཅད། སློབ་གྲྭ་བཙུགས་ས་ནི་གངས་རིའི་འགྲམ་ཡིན་པས་བུ་རྒྱུད་ཀྱི་སློབ་གསོ་གཏོང་རྒྱུ་ལ་གྱོང་ཆེན་པོ་ཞིག་ཁུར་ཡོད། ཁོང་གིས་དཀའ་ལས་ལ་གཏན་ནས་མ་འཛེམ་པས་ངལ་གསོ་རྒྱུ་མ་ལོན་པས་སྐུ་ལུས་ལ་ནད་ཀྱི་གྱོང་གུད་ཐེབས་པ་སོགས་ལྟ་བུ་མང་པོ་ཞིག་ཡོད་ཀྱང་འདིར་གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་སོ། །
སྐུ་ནུབ་འོད་ཟེར་གྱི་མཛད་རྣམ།
དེ་ཡང་མཁན་པོ་སྐུ་ནུབ་འོད་ཟེར་ཚང་ནི་ཕ་ཡབ་རུ་འབྲུག་བློ་བཟང་ཉི་མ་དང་མ་ཡུམ་ཀི་མ་ལི་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ་སྟེ་སྤྱི་ལོ༡༩༢༨ལོར་རྟའུ་རྫོང་གི་སྨུག་རུ་སྡེ་པ་རུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཁུ་བོ་རུ་འབྲུག་ཉི་མའི་མདུན་ནས་ཡི་གེ་འབྲི་ཀློག་བསླབས། དགོང་ལོ་དགུའི་སྐབས་སུ་ཁུ་བོ་སྐུ་ནུབ་སྟག་སྤྲུལ་གྱིས་སྐུ་ནུབ་དགོན་དུ་ཁྲིད་ནས། བརྡ་སྤྲོད་རིག་པ་དང་། ཆོ་ག་ཕྱག་ལེན་གྱི་སྐོར་། སྤྱོད་འཇུག་དང་སྙིང་ཐིག་སྔོན་འགྲོ། ཡེ་ཤེས་བླ་མ་སོགས་ཁྲིད་ལུང་མན་ངག་དང་བཅས་པ་གསུངས། ཁྱད་པར་དུ་བོད་ཀྱི་གསོ་བ་རིག་པ་ལས་གཞུང་གི་བཤད་པའི་སྐོར་སྤྱི་དང་། བྱེ་བྲག་ཏུ་ཐུན་མིན་ལག་ལེན་མན་ངག་གི་སྐོར་བཅས་ཆ་ཚང་བ་དམར་ཁྲིད་གནང་། སྤྱི་ལོ༡༩༤༤ལོར་སྡེ་དགེ་རྫོགས་ཆེན་བཤད་གྲྭར་བྱོན་ནས། མཁན་པོ་ཐུབ་སྙན་གཙོས་མཁན་པོ་ངག་དབང་ནོར་བུ། མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོ། མཁན་པོ་པད་མ་ཚེ་དབང་། མཁན་པོ་ལྷ་རྒྱལ་སོགས་ཀྱི་མདུན་ནས། མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མི་དམན་པ་མཛད། ལོ་རིམ་གཉིས་པའི་སྐབས་སུ་བཤད་གྲྭའི་སྐྱོར་དཔོན་དུ་བསྐོས། གཞན་ཡང་རྫོགས་ཆེན་ཀོང་སྤྲུལ་དང་གླིང་བླ་སྐུ་ཆེན། རྫོགས་ཆེན་རིན་པོ་ཆེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། འབྲུག་པ་སྐུ་ཆེན་སོགས་ཀྱི་མདུན་ནས་དབང་ལུང་ཡང་དུ་མ་ཞུས། མདོར་ན་ལོ་བརྒྱད་ཀྱི་རིང་ལ་རྫོགས་ཆེན་ནས་དཔེ་ཆ་སློབ་གཉེར་མཛད་དེ། མཐར་མཁན་པོའི་མཚན་སྙན་གྱི་གོ་ས་ཐོབ། ༡༩༥༡ལོར་ཕྱིར་མི་ཉག་རང་ཡུལ་དུ་ཕེབས་ཏེ་སྐུ་ནུབ་དགོན་པའི་མཁན་པོ་མཛད་དེ། སྐལ་ལྡན་གྱི་སློབ་མའི་གདུལ་བྱ་དུ་མ་ཆོས་ལམ་ལ་བཀོད་པ་ཡིན། རྗེས་སུ་དབེན་པའི་རི་ཁྲོད་ལ་བྱོན་ནས་ཡུན་རིང་མཚམས་ལ་བཞུགས་ནས་ཐོས་དོན་ཉམས་སུ་བཞེས་པ་ལ་ནན་ཏན་གྱིས་བརྩོན་པ་གནང་བ་ཡིན་ནོ། །
ཁོང་གི་གསུང་རྩོམ་སྐོར་ནི། རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཀྱི་རྣམ་ཐར་བསྡུས་པ་དང་། མཁན་པོ་ཐུབ་སྙན་གྱི་མྱུར་འབྱོན་གསོལ་འདེབས། སྐུ་ནུབ་དགོན་པའི་ལོ་རྒྱུས་རག་བསྡུས་དྲི་མེད་ཤེལ་དཀར་མེ་ལོང་། དཔལ་ལྡན་རྒྱུད་བཞིའི་མཚན་དོན་རྣམ་པར་བཤད་པ་གཞོན་ནུའི་མགུལ་རྒྱན། གནོད་སྦྱིན་གསོལ་མཆོད་འཕྲིན་ལས་ཀུན་འགྲུབ། གསོ་རིག་རྒྱུད་བཞི་བཀའ་བསྟན་གྱི་སྒྲུབ་ཚུལ་ལ་དཔྱད་པ། སྨན་པའི་རང་བཞིན་དང་ཕན་ཡོན་ཤིན་ཏུ་བསྡུས་པ་བློ་གསལ་ཀུ་མུད་འབྱེད་པའི་ཟླ་ཟེར་བཅས་དང་ཁོང་ལ་ཆེད་རྩོམ་གྱི་དཔྱད་འབྲས་ཀྱི་ཆེད་དེབ་ཅིག་མེད་པ་འདྲ། གཞན་ཡང་སྙན་རྩོམ་དང་མཎྜལ་གྱི་བཤད་པ་སོགས་མང་པོ་ཡོད་ཀྱང་དེ་དག་འདིར་བཀོད་མ་ཐུབ་པ་ཡིན། ཞར་བྱུང་སྤྱི་ལོ༡༩༦༠ལོར་ཁུ་བོ་སྐུ་ནུབ་སྟག་སྤྲུལ་དང་མཉམ་དུ་མགར་ཐར་རྫོང་མི་དམངས་སྨན་ཁང་དང་། དེ་རྗེས་ཆུ་མདའི་གསེར་ཁ་ཤང་འཕྲོད་བསྟེན་ཁང་དུ་སྨན་པ་བྱས་ཏེ་བཞུགས་ནས་འགྲོ་བ་མང་པོ་འདུ་འཁྲུགས་ནད་ཀྱི་ཟུག་རྔུ་ལས་སྐྱོབ་པར་མཛད་པ་ཡིན་ནོ། །༡༩༧༩ལོར་དཀར་མཛེས་ཁུལ་གྱི་འཕྲོད་བསྟེན་ཅུས་ཀྱིས་གདན་འདྲེན་ཞུས་ནས། གསོ་རིག་རྒྱུད་བཞི་དང་ཤེལ་གོང་ཕྲེང་གཉིས་ཀྱི་པར་གཞི་ཞུ་དག་མཐར་ཕྱིན་པ་བཏང་ནས་ལྕགས་པར་དུ་བསྒྲིགས་པ་ཡིན། རྗེས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་དུ་བཙུགས་སྐབས། ཁོང་དང་མདོ་སྒར་ཟླ་གསལ་དབང་མོ། མཁན་པོ་ཐུབ་དབང་གསུམ་གདན་དྲངས་ནས། ཐོག་མར་དར་མདོ་ནས་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་བསྒྲིགས་པ་རྣམས་ནི། རཱ་རྒྱའི་ཕྱག་མཛོད་གསུང་རབ་ཀྱི་རྩིས་ཡིག་རིག་ལྡན་སྙིང་ཐིག་དང་། ཆུ་མིག་ཀླུ་མཚོ། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིག་མེད་དབང་པོའི་གྲུབ་མཐའ་རིན་ཆེན་ཕྲེང་བ། མགོ་ལོག་གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོའི་ཐེག་དགུའི་རྣམ་བཤད། འདྲ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས། རྒྱལ་རོང་སྐྱོར་དཔོན་འཇམ་དབྱངས་བསམ་འཕེལ་གྱི་བློ་རིགས། བྲག་དཀར་བློ་བཟང་དཔལ་ལྡན་གྱི་བསྡུས་གྲྭ། རྫ་དཔལ་སྤྲུལ་གྱི་ཆོས་འབྱུང་འབེལ་གཏམ་དང་། གཏམ་པདྨའི་ཚལ་གྱི་ཟློས་གར། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སུམ་རྟགས་འབྲུ་འགྲེལ་རིག་ལམ་འཕྲུལ་གྱི་ལྡེ་མོག །ཞེ་ཆེན་རྒྱལ་ཚབ་ཀྱི་སུམ་རྟགས་ཀྱི་འགྲེལ་བ་བློ་གསལ་མགུལ་རྒྱན་སོགས་ཞུ་དག་དང་དཔེ་སྒྲིགས་བྱས་ནས་ལྕགས་པར་ལ་བཏབ་སྟེ་ལོ་ངོ་གཉིས་ཙམ་བཞུགས། སྤྱི་ལོ༡༩༨༤ལོར་སི་བོད་སློབ་གྲྭས་བཀོད་སྒྲིག་ལྟར། ཁོང་དང་སྐུ་ཚ་རྒྱ་མཚོ་སོགས་མི་བཞིས་ལོ་གཅིག་ལ་བོད་ལྗོངས་སྨན་རྩིས་ཁང་གི་ཁྲོ་རུ་མཁན་པོ་ཚེ་རྣམ་མདུན་དུ་གསོ་རིག་སྐོར་ལ་ཟབ་སྦྱོང་མཛད། དེ་རྗེས་སློབ་གྲྭར་བྱོན་ནས་སློབ་མ་རྣམས་ལ་མི་ཕམ་མཁས་འཇུག་དང་། ཡིད་བཞིན་མཛོད། དབུ་མ་འཇུག་པ་སོགས་སློབ་ཁྲིད་གནང་བར་མ་ཟད། ཞོར་དུ་དགེ་སློབ་རྣམས་ལ་དབང་ལུང་ཁྲིད་གསུམ་ཡང་མི་ཉུང་བ་ཞིག་གསུངས་བར་མཛད། ད་དུང་སློབ་གྲྭའི་ཁོངས་གཏོགས་ཀྱི་བོད་སྨན་ཁང་དུ་སྨན་བཅོས་ཀྱི་ཕྱག་ལས་དུ་མ་མཛད། རྗེས་སུ་ལས་འཁྱུར་ངལ་གསོ་བྱས་ནས་དར་མདོ་དང་རྟའུ་སོགས་སུ་ལོ་མང་ཙམ་བཞུགས། མཐར་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག་ལོའི་ཟླ་༣པའི་ཚེས་༡༧གྱི་ཕྱི་དྲོ་སྟེ་སྤྱི་ལོ༢༠༡༢ལོར་དར་མདོའི་གཡག་རྭ་ལྟག་སྒོའི་ས་ཆ་བོན་རིའི་སི་བོད་སློབ་གྲྭའི་ནང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །
དེང་བཞུགས་ཀྱི་མཁས་པ་རྒན་གྲས་སྐོར།
དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་གྱི་མཛད་རྣམ།
མི་ཉག་དོར་ཞི་གདོང་དྲུག་སྙེམས་བློ་ཚང་ནི་ཕ་ཡབ་མགོན་པོ་དོན་གྲུབ་དང་མ་ཡུམ་དགེ་བསྙེན་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོ་སྟེ་སྤྱི་ལོ༡༩༣༦ལོར་དཔའ་རིས་རྫོང་གི་དོར་ཞི་ཤང་སྡེ་པར་སྐུ་འཁྲུངས། ཁོང་དགུང་ལོ༡༢ཐོག་ཏུ་དཔའ་རིས་དོར་ཞི་དགོན་པའི་དགོན་བདག་སྤྲུལ་སྐུ་སྐུ་ཕྲེང་དྲུག་པའི་གདན་ས་རུ་ཁྲི་ཁར་བཀོད། དེ་རྗེས་དཔའ་རིས་མཆོད་རྟེན་ཐང་གི་བཤད་གྲྭར་ཞུགས་ནས་མཚན་ཉིད་དང་ཐུན་མོང་རིག་གནས་ལ་གསན་སྦྱོང་མི་དམན་པར་མཛད། དགོང་ལོ༡༨ཐོག་ཕར་ཕྱིན་འཛིན་གྲྭ་ལས་ཐོན་ནས་སྲིད་གཞུང་གི་བཀའ་ལྟར་བོད་ཡིག་དགེ་རྒན་མཛད། དེ་རྗེས་པཎ་ཆེན་གྱི་ཡོངས་འཛིན་བསང་ཁོག་འཇིགས་མེད་དང་ལྷ་མོ་ཚུལ་ཁྲིམས་སོགས་དགེ་བཤེས་དུ་མའི་མདུན་ནས་ནང་ཆོས་དང་རིག་གནས་ལ་ཐོས་བསམ་གང་མང་མཛད། ༡༩༨༢ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་དཔེ་ཁྲིད་ཀྱི་ཕྱག་ལས་གནང་བ་དང་། བོད་ཡིག་སྡེ་ཁག་གི་སྡེ་གཙོའི་ལས་འགན་ཡང་བཞེས་མྱོང་། ཁོང་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་མཛུབ་སྟོན་པ། རྒྱལ་ཁབ་གྱི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་པའི་ཆེད་མཁས་པ་ཡིན། ཁོང་ཉིད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་པའི་ལོ་ཉི་ཤུའི་རིང་ལ་སློབ་མ་ཁྲི་གཅིག་ལྷག་ཙམ་གསོ་སྐྱངས་མཛད་ཡོད།
གསུང་རྩོམ་སྐོར་ནི། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་དང་། སྙིང་རྗེ་ལས་མཆེད་པའི་ཤེས་རབ། རྟེན་འབྲེལ་བསྟོད་པའི་འགྲེལ་པ། བོད་བརྒྱུད་ནང་བསྟན་སྐོར་གྱི་དྲི་བ་དྲིས་ལན་བརྒྱ་རྩ་ཉི་ཤུ། སྒྱུར་རྩོམ་རྭ་ལོ་ཙཱ་བའི་རྣམ་ཐར་སོགས་དེབ་མང་པོ་བརྩམས་ཡོད།དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཡོད། དེའི་ནང་དུ་ཨ་མེ་རི་ཀར་དེབ་གཅིག་དང་། ཐེ་བན་ནས་དེབ་བཞི་དཔེ་སྐྲུན་བྱས། མི་གཞན་དང་མཉམ་དུ་དེབ་གཅིག་བརྩམས་ཡོད། གཞན་ཡང་ཁོང་ཕྱི་སོག་དང་འཇར་པན། ཨ་མེ་རི་ཀར་སོགས་ཀྱི་སློབ་གྲྭ་ཆེན་མོ་མང་པོ་ལ་གདན་འདྲེན་ཞུས་ནས་འཆད་ཁྲིད་གནང་ཡོད། དེ་མིན་རྒྱབ་ཁབ་ཀྱིས༡༩༥༦ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ཞེས་པའི་མཚན་སྙན་གནང་བ་དང་། ༡༩༨༦ལོར་ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་ཅན་དང་། ༡༩༨༧ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དཔེ་ཁྲིད་དང་། སློབ་མ་གསོ་སྐྱོང་ཕུལ་བྱུང་ཅན་སོགས་ཀྱི་བྱ་དགའ་མང་པོ་ཐོབ་ཡོད། ཁོང་གི་གོ་གནས་ཀྱི་ཐོབ་ཐང་སྐོར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་པོ་དང་། བོད་ཡིག་སྡེ་ཁག་གི་སྡེ་གཙོ་རྒན་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་ཚོགས་པའི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་འགན་ཁུར་བ་གཞོན་པ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་རིགས་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཞང་ཀང་བོད་ཀྱི་ཤེས་རིག་ཚོགས་པའི་ཐེངས་གཉིས་པའི་མཚན་འཛིན་འགན་ཁུར་བ། ཨ་རིའི་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ཐེབས་རྩ་ཚོགས་པའི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཐེངས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཀྱི་ཨུ་ཡོན་ཡང་མཛད་མྱངས། ད་སྐབས་ཁོང་ལས་འཁྱུར་ངལ་གསོ་མཛད་པ་ཡིན་ནའང་སྔར་བཞིན་མི་རིགས་ཀྱི་རིག་གནས་དང་སློབ་གསོའི་བྱ་བཞག་ལ་ཐུགས་བརྩེ་ཆེན་པོས་མཛད་ཞོར་དུ་ཞུགས་ཡོད་དོ།།
བྲག་གཡབ་བློ་ལྡན་ཤེས་རབ་ཀྱི་མཛད་རྣམ།
བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་ནི་ཡབ་བློ་བཟང་རྡོ་རྗེ་དང་ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་ཡོས་ལོ་སྟེ་སྤྱི་ལོ༡༩༣༩ལོར་མི་ཉག་ཏུ་སྐུ་འཁྲུངས། དགུང་ལོ་དྲུག་གི་ཐོག་ཏུ་ལྷ་སའི་ཤར་ཕྱོགས་ཁམས་བྲག་གཡབ་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་བྱས། རྗེས་སུ་ལྷ་སའི་འབྲས་སྤུངས་དགོན་དུ་གྲྭ་སར་བྱོན་ནས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་མི་དམན་པ་མཛད། བར་སྐབས་ཤིག་ལ་དུས་དབང་གི་རྐྱེན་གྱིས་ཁོང་རྒྱ་གར་དུ་བྱོན་ནས། ནང་བསྟན་ཆོས་གཞུང་ལ་སློབ་གཉེར་དང་ཞིབ་འཇུག་ཕུན་སུམ་ཚོགས་པ་མཛད་དེ་དགེ་བཤེས་ཆེན་པོའི་ཐོབ་ཐང་བླངས། སྤྱི་ལོ༡༩༦༦ལོར་རིན་པོ་ཆེ་ཁོང་རྒྱ་གར་ནས་འཇར་མན་རྒྱལ་ཁབ་དུ་བཞུགས་གནས་སྤོས། འཇར་མན་པོ་ཨིན་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་གི་སློབ་གསོའི་དགེ་རྒན་དང་། ནང་བསྟན་ཞིབ་འཇུག་གི་བྱ་བར་ཞུགས། ཐེངས་མང་པོར་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་དཔྱད་མོལ་འཚོགས་འདུར་ཞུགས་ཤིང་། དུས་མཚུངས་སུ་ནང་བསྟན་རིག་གནས་ཀྱི་ལྟེ་གནས་དང་།
སློབ་གྲྭ་ཆེན་མོ་མང་པོ་ལ་སློབ་ཁྲིད་དང་འཆད་ཁྲིད་དུ་མ་གནང་བར་མ་ཚད། འཇར་མན་རྒྱལ་ཁབ་ཀྱི་ནང་བསྟན་ཆོས་ལུགས་ལྟེ་གནས་ཀྱི་གཙོ་འགན་ཡང་བཞེས་། ཁོང་གི་གསུང་རྩོམ་ནི། བོད་ཀྱི་མཚོན་རྟགས་རིག་གནས་སོགས་ཡིག་རིགས་མང་པོའི་ཐོག་ནས་བརྩམས་ཆོས་ཤིན་ཏུ་མང་པོ་ཡོད་པར་བཤད་ཀྱང་ཁོ་བོས་མཇལ་མ་ཐུབ། ཉིད་ཀྱིས་གསུང་རྩོམ་དང་དཔྱད་རྩོམ་གྱི་ནང་དུ་བོད་ཀྱི་སྐད་ཡིག་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་འགྲེལ་བཤད་སོགས་དུ་མ་ཞིག་ཡོད་ཀྱང་འདིར་མདོར་བསྡུས་ཙམ་མ་གཏོགས་འབྲི་མ་ཐུབ་པས་རྒྱ་ཆེའི་ཀློག་པ་པོ་རྣམ་པ་དགོངས་པ་མ་ཚོམ་རོགས་ཞུའོ།།འདིའི་རྒྱུ་ཆ་རྣམས་ནི་ཁོང་གི་གསུང་རྩོམ་བོད་རིགས་རིག་གནས་ཀྱི་ནང་གི་ནང་ཆོས་མཚོན་རྟགས་སྐོར་ཞེས་པ་ལས་ཁོ་བོས་བཏུས་པ་ཡིན་ནོ། །
མདོ་ཟླ་གསལ་དབང་མོའི་མཛད་རྣམ།
དེ་ཡང་མདོ་སྒར་ཁའི་མདོ་རིན་པོ་ཆེ་ཚང་གི་གདུང་རྒྱུད་བཙུན་མ་ཟླ་གསལ་དབང་མོ་ཚང་ནི་ཕ་ཡབ་འཇུ་མི་ཕམ་གྱི་དངོས་སློབ་ཁྲོ་རུ་འཇམ་དཔལ་གྱི་སློབ་མ་རྒུ་རུ་གསང་སྔགས་རྡོ་རྗེའམ་གསང་ལོ་དང་མ་ཡུམ་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་ལྕམ་སྲིང་ཚེ་འཛིན་དབང་མོའམ་ཚེ་འཛིན་ཚང་གཉིས་ཀྱི་སྲས་མོ་རུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ་སྟེ་སྤྱི་ལོ༡༩༢༨ལོར་མགོ་ལོག་ཁྲ་ཚང་གནས་ནང་དུ་སྐུ་འཁྲུངས།
ཁོང་ཆུང་དུས་ནས་དམ་པའི་རང་རྟགས་གསལ་ཞིང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བས་བསླབས་པ་ཐམས་ཅད་ཚེགས་མེད་པར་མཁྱེན། སྐུ་ཞང་མདོ་རིན་པོ་ཆེའི་མདུན་ནས་ཐིག་ཐུགས་སྐོར་དབང་ལུང་ཁྲིད་ཅི་རིགས་མནོས། དགུང་ལོ་༢༣ཐོག་ཏུ་རྫོགས་ཆེན་དུ་གྲྭ་སར་ཕེབས་ཏེ་མཁན་པོ་ཐུབ་སྙན་གྱི་མདུན་ནས་དགེ་ཚུལ་མའི་སྡོམ་པ་ཞུས་ཏེ་བླ་མའི་གཙོ་བོར་བཀུར་ཞིང་། གཞན་མཁན་མགོན་རིས་དང་། ཨ་འཛོམས་རྒྱལ་སྲས་རིན་པོ་ཆེ། མདོ་འོད་རྣམ། སྒ་པ་མཁྱེན་བརྩེ། སྤྲུལ་སྐུ་རང་བྱུང་། ཁྲོ་རུ་འཇམ་དཔལ། རྒུ་རུ་གསང་ལོ། མ་ཡུམ་ཚེ་འཛིན་དབང་མོ་སོགས་མཁས་གྲུབ་གཉིས་ལྡན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད། དུས་འགྱུར་གྱི་སྐབས་སུ་ཕ་ཡུལ་མི་ཉག་གངས་རི་མ་ལྷ་སྡེ་རུ་ཕེབས་ཤིང་། རག་ཤུལ་ཁྱིམ་ཆེན་ཞང་ཁྱིམ་ནང་དུ་ཁྱིམ་གཞིས་མཛད་དེ་བཞུགས། དུས་ངན་རླུང་ཐན་སྐབས་ཁོང་གི་དམ་པའི་རང་གཤིས་ལྷག་པར་དུ་མངོན་ཞིང་། རྟག་པར་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ཏེ། གསོ་རིག་སྨན་གྱི་འཕྲིན་ལས་སྤེལ་ཏེ་གཞན་ཕན་དོན་གཉེར་གྱི་མཛད་པ་ཁོ་ན་བསྐྱངས། ཁོང་གི་གསུང་རྩོམ་ནི། རྗེ་བཙུན་མ་མདོ་ཟླ་གསལ་དབང་མོའི་གསུང་རྩོམ་ཕྱོགས་བསྒྲིགས་སོགས་གསུང་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་ཀྱང་ལོ་བཅུའི་ཆག་སྒོ་བྱུང་སྐབས་གཏོར་བརླགས་ཤོར་བ་ཡིན་ནོ། །༡༩༨༡ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་གནང་སྟེ་འཛིན་གྲྭ་ཞིག་ལ་སྨན་རྩིས་དང་སྣོད་ལྡན་མང་པོ་ཐུགས་ཐིག་གི་དབང་ལུང་ཁྲིད་ཀྱི་བཀའ་དྲིན་མང་དུ་བསྩལ། ད་ལྟ་ཁོང་གིས་སྨན་དང་ཆོས་ཀྱི་དགའ་སྟོན་ཕངས་མེད་འགྱེད་ཅིང་ཞབས་པད་མི་ཤིགས་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་འཚོ་གཞེས་ངོས། ཇ་ནག་དར་རྩེ་མདོའི་སི་བོད་སློབ་གྲྭའི་ནང་དུ་བཞུགས་ཡོད་དོ།། ཞེས་པ་འདི་ཁོང་གི་ཚ་བུའི་ཁོངས་སུ་གཏོགས་པ་ཁོ་བོས་ཁམས་པའི་སློབ་ཆེན་ནང་དུ་བཏུས་པ་ཡིན་ནོ།།
དཔའ་རིས་སངས་རྒྱས་ཀྱི་མཛད་རྣམ།
མི་ཉག་དཔའ་རིས་སངས་རྒྱས་ཚང་ནི་ཕ་ཡབ་དཔའ་རིས་བདེ་ཡངས་དང་མ་ཡུམ་གདུགས་དཀར་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོ་སྟེ་སྤྱི་ལོ༡༩༣༠ལོར་དཔའ་རིས་རྫོང་གི་སྐྱིད་ཡངས་ཐང་ཡུལ་ཤོག་གི་བདེ་གཡང་གྲོང་སྡེ་རུ་སྐུ་འཁྲུངས། དགུང་ལོ༡༢ཐོག་ཏུ་ཕ་ཡུལ་གྱི་སློབ་གྲྭ་འགྲིམས་ནས་བོད་ཡིག་དང་རྒྱ་ཡིག་གྲངས་རིག་སོགས་ལ་སློབ་གཉེར་མཛད། ༡༩༥༡ནས་༡༩༥༤བར་དུ་ནུབ་བྱང་མི་རིགས་སློབ་གླིང་དུ་སློབ་གཉེར་མཛད་པས་བོད་རྒྱའི་རིག་གནས་ལ་སྦྱངས་འབྲས་མི་དམན་པ་ཐོབ། སློབ་མཐར་ཕྱིན་ཏེ་སློབ་ཆེན་དེར་ལས་བགོས་བྱས། ༡༩༥༥ལོར་སློབ་གྲྭ་དེ་གའི་གྲ་སྒྲིག་སློབ་གསོ་སྐོར་གྱི་མི་རིགས་སྐད་ཡིག་སློབ་དཔྱོད་ཁང་གི་ཀྲུའུ་རིན་དང་དགེ་རྒན་གྱི་འགན་བཞེས། དེ་ནས་ནུབ་བྱང་མི་རིགས་སློབ་གླིང་རིག་གནས་གསར་བརྗེའི་རླུང་ནག་གིས་གཏོར་རྗེས། ཁོང་ཀན་ལྷོ་ཀླུ་ཆུ་རྫོང་གི་སློབ་འབྲིང་དུ་སོང་ནས་དགེ་རྒན་དང་སློབ་གྲྭའི་སློབ་གཙོའི་ལས་འགན་བཞེས། སྐབས་དེར་རིག་གནས་ལ་མི་ཚང་མས་མཐོང་ཆུང་བྱེད་སྒང་ཡིན་པས། བྱིས་པ་སློབ་གྲྭར་གཏོང་རྒྱུ་ཤིན་ཏུ་ཉུང་། ཁོང་ཁྱིམ་ཚང་རེ་རེའི་ནང་དུ་སོང་ནས་སློབ་གསོ་རྒྱབ་ནས་བྱིས་པ་སློབ་གྲྭར་གཏོང་མཁན་ཇེ་མང་དུ་གྱུར། ཁྱད་པར་དུ་སློབ་གྲྭ་འདུས་ཡོད་སའི་ཟམ་ཚ་སྡེ་པར་ཁོང་གིས་འགན་བཞེས་ཏེ་དམའ་རིམ་སློབ་གྲྭ་ཞིག་བཙུགས་ཏེ། སྡེ་པ་དེའི་བྱིས་པ་སློབ་ལོ་ཟིན་པ་བདུན་ཅུ་ལྷག་ཐམས་ཅད་སློབ་གྲྭར་ཞུགས་ཡོད། སྐབས་དེར་སློབ་ཁྲིད་ཚང་མ་ཁོང་དང་དམངས་སྒྲུབ་དགེ་རྒན་གཉིས་ཀྱིས་དང་དུ་བླངས་ཏེ་འབྲས་བུའང་བཟང་པོ་ཐོབ། ༡༩༧༤ལོར་ཁོང་གི་ལས་གནས་སྤོས་ཏེ་ཀན་ལྷོའི་མི་རིགས་སློབ་འབྲིང་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་དུ་ཞུགས་པ་དང་། སློབ་དེབ་སྒྲིག་ཚན་གྱི་ལས་འགན་ཁུར་བ་དང་། གཞན་ཡང་ཁུལ་སློབ་གསོ་ཅུས་ཀྱི་སློབ་འབྲིང་སློབ་དེབ་དང་སློབ་ཆུང་གི་བོད་ཡིག་སློབ་དེབ་སྒྲིག་ཚན་གྱི་ལས་འགན་ཁུར་རྒྱུ་མ་ཚད། སློབ་ཁྲིད་ཀྱི་ལས་བྲེལ་ཤིན་ཏུ་ཆེ་ནའང་ཞོར་ཏུ། སློབ་གྲྭའི་བོད་ཡིག་སློབ་དེབ་དྲུག་དང་། དེ་མིན་སློབ་ཆུང་གི་སློབ་དེབ་བཅུ་ཐམ་པ་བསྒྲིགས། ༡༩༧༨ལོར་སླར་ཡང་ནུབ་བྱང་མི་རིགས་སློབ་གླིང་དུ་གདན་དྲངས། སྔ་ཕྱིར་བོད་ཡིག་སྡེ་ཁག་གི་དགེ་རྒན་དང་ཞིབ་འཇུག་སློབ་མའི་འཛུབ་སྟོན་པ། སྡེ་ཁག་དེའི་གཙོ་འཛིན་བཅས་ཀྱི་འགན་ཁུར་བཞེས།
ཁོང་གི་བརྩམས་ཆོས་སྐོར་ནི། དཔེ་ཆོས་རྣ་བའི་བདུད་རྩི། བརྡ་སྤྲོད་གསལ་བྱེད་ངག་སྒྲོན། སྡེབ་སྦྱོར་རིག་པའི་སྲོལ་འབྱེད། བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། དཔྱད་རྩོམ་ནི། སྐད་ཆ་དང་ཡི་གེ་ནི་རིག་གནས་ཀྱི་གཏེར་མཛོད་ཆེ་ཤོས་ཡིན་དང་། བྱ་བའི་མིང་གི་རིགས་གསུམ་གྱི་དབྱེ་བ་དང་འབྲེལ་བའི་ངེས་སྲོལ་རྣམ་པར་བཤད་པ། བོད་ཡིག་གི་བྱུང་རབས་དང་རྩོད་གཞིའི་མཐའ་དཔྱད་པ་ཞེས་པ་བཅས་ནི་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སོགས་ཀྱི་ཐོག་ཏུ་ཕུད་ཡོད། གཞན་ཡང་སྒྱུར་རྩོམ་ཡང་མང་པོ་ཡོད་ཀྱང་འདིར་བྲིས་མེད། གླིང་གེ་སར་གྱི་སྒྲུང་ཡིག་མང་པོ་མྱུར་སྐྱོབ་བྱས་ཡོད། བོད་ཀྱི་བརྡ་སྤྲོད་རིག་པར་ཆེད་མཁས་པ་སོགས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟླ་ཕོག་དམིགས་བསལ་ཅན་བཞེས་ཡོད། ཁོང་དེང་སང་ལས་འཁྱུར་ངལ་གསོ་བྱས་ཏེ་མི་རིགས་སློབ་གསོ་དང་རིག་གནས་བཅས་ལ་བྱས་རྗེས་གང་མང་འཇོག་བཞིན་ནུབ་བྱང་སློབ་གྲྭ་ཆེན་པོ་སོགས་སུ་འགྲོ་དོན་མཛད་བཞིན་བཞུགས་ཡོད་དོ།།
མི་ཉག་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་གྱི་མཛད་རྣམ།
མི་ཉག་ཞབས་དྲུང་སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཡབ་བ་སྨད་ཀྱི་སྡེ་དཔོན་དམུ་འཛི་ཤིས་པའི་བུ་བློ་བཟང་ཡེ་ཤེས་དང་ཡུམ་མགར་ཐར་སྐུ་རྒྱབ་མཁན་པོའི་མི་རྒྱུད་འཇིག་རྟེན་རོང་གི་མཁན་པོ་ཚང་གི་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་གསང་སྔགས་རྙིང་མའི་གདན་ས་བ་གནས་བསམ་གཏན་གླིང་གི་ཆོས་སྡེ་རུ་གཏོགས་པའི་འབྲོག་སྡེའི་བ་ལངས་ཀྱི་དགུ་འབྲུག་སུམ་མདོ་ཞེས་པ་རུ། བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་ལོ་སྟེ་སྤྱི་ལོ༡༩༤༧ལོར་དབྱར་ཁ་སྦྲའི་ནང་དུ་སྐུ་འཁྲུངས། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ༡༩༥༡ལོར་དབྱར་ཁའི་ལྷ་བབས་དུས་ཆེན་ལ་འགི་བ་ཁ་དགོན་པས་ཞབས་དྲུང་བརྒྱད་པ་བྱམས་པ་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ། ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེན་པོ་སྤེལ། དེ་ནས་ཁོང་གིས་སྦྱོར་ཀློག་འབྲི་གསུམ་སོགས་ལ་སློབ་སྦྱོང་མི་དམན་པ་མཛད།སྤྱི་ལོ་༡༩༥༨ལོར་ལྷ་ས་འབྲས་སྤུངས་ལ་གྲྭ་སར་བྱོན་ནས་ཚོགས་ཆེན་སྤྲུལ་སྐུ་ཆེ་ཁག་གི་གཏོང་སྒོ་རྒྱ་ཆེན་བྱས། འབྲས་སྤུངས་མི་ཉག་ཁམས་ཚན་དུ་སློབ་གཉེར་གྱི་དབུ་བཙུགས། ལྕགས་བྱི་ལོ་སྟེ་སྤྱི་ལོ༡༩༦༠ལོར་མུ་གེ་ཆེན་པོས་འཚོ་བ་ལ་དཀའ་ངལ་བྱུང་། ཕ་ཡུལ་སོགས་ཀྱི་དགོན་པ་ཁག་གི་སྐུ་གསུང་ཐུགས་རྟེན་རྣམས་གཤིག་ནས། གསེར་དངུལ་གྱི་མཆོད་རྫས་རྣམས་རྟ་ཟོག་གི་རྒྱབ་ལ་བཀལ་ནས་དར་རྩེ་མདོ་ལ་ཁྱེར། ལྷ་ཁང་གཟིམ་ཆུང་སོགས་བཤིགས་པར་མ་ཟད་ཐ་ན་པང་གཅལ་གྱི་ཤིང་ལེབ་ཙམ་ཡང་མ་བཞག་པར་གྲོང་པ་སོ་སོས་འཁྱེར་ནས་འབུད་ཤིང་བྱས། གྲྭ་པ་ཚོ་ཡང་དགོན་པ་ནས་ཕུད་དེ་ཁྱིམ་ཐབ་འཛིན་དགོས་པའི་བཀའ་བཏང་། ཆུ་སྟག་ལོ་ནས་གནས་ཆུང་དཔེ་སློབ་འཛིན་གྲྭ་ལོ་གཉིས་སློབ་སྦྱོང་མཛད། ཤིང་འབྲུག་ལོ་སྟེ་སྤྱི་ལོ༡༩༦༤ལོར་སྤྲུལ་སྐུ་ལོ་ཆུང་འཛིན་གྲྭའི་ནང་དུ་ཆབ་སྲིད་དང་ངལ་རྩོལ་སྦྱོང་བརྡར་ལ་སློབ་སྦྱོང་ལོ་ཤས་མཛད། མེ་ལུག་ལོ་སྟེ་སྤྱི་ལོ༡༩༦༧ལོའི་ཟླ༥པའི་ཚེས༢༥པའི་རིག་གནས་གསར་བརྗེ་ཆེན་པོ་མགོ་བཙུགས་ནས་ལོ་གཉིས་པར་ལྷོ་ཁ་དམག་དཔུང་གི་ཞིང་རྭ་ངལ་རྩོལ་བྱེད་སར་བཏང་། ཞིང་རྭའི་ཨར་སྐྲུན་བརྒྱ་ཤོག་ལ་བཞག་པས་ལོ་བདུན་གྱི་རིང་ལ་རྡོ་ཤིང་ཨར་རྒྱག་གི་ལག་རྩལ་ལ་མཁོ་བའི་ཤིང་བཟོ་དང་། རྡོ་བཟོ། འདག་ཞལ། ལྕགས་མགར་སོགས་ཀྱི་བཟོ་རིག་སྣ་མང་ལ་མཁས་པར་སྦྱངས། གཞན་ཡང་ཞོར་དུ་ཞིང་རྨོ་འདེབས་བྱེད་རྒྱུ་དང་། ཕག་གསོ་རྒྱུ། ཉ་འཛིན་རྒྱུ་བཅས་ཀྱང་མ་བྱས་པ་མེད་གསུངས། མདོར་ན་འཇིག་རྟེན་པའི་འཚོ་བ་ལ་ངལ་ལས་ཀྱི་དཀའ་སྡུག་ཅི་ཡོད་ཚང་མ་གསལ་པོ་ཤེས་སོང་ཞེས་ཁོང་གིས་རྒྱུན་དུ་གསུངས། སྤྱི་ལོ༡༩༧༡ལོར་ཞིང་རྭའི་ལས་ཁུངས་སྒོ་འགྲམ་གཞུང་ལམ་ཐོག་ཏུ་ཁོང་བླ་མ་བཞིས་ལས་ཀ་བྱེད་བཞིན་པའི་སྐབས་སུ། རླངས་འཁོར་ཞིག་གིས་རྒྱབ་རྡུང་བྱས་ཏེ་ཁོང་གི་བརླ་ཤའི་ཐོག་འཁོར་ལོས་མནན་པས་རྨས་སྐྱོན་ཆེ་ཙམ་བྱུང་ཡང་སྨན་བཅོས་བྱས་ཏེ་རིམ་གྱིས་དྲག་སོང་། སྤྱི་ལོ༡༩༧༤ལོར་ཁོང་ལྷ་སར་ཕེབས་ཏེ་བོད་ལྗོངས་ཨར་སྐྲུན་འཆར་འགོད་ཁང་དུ་སློབ་སྦྱོང་དང་ལས་དོན་སྒྲུབ། སྲིད་གཞུང་གིས་བཀོད་སྒྲིག་ལྟར་བོད་ཀྱི་གནའ་བོའི་ཨར་སྐྲུན་ཕོ་བྲང་དང་དགོན་རྙིང་། མཁར་རྫོང་རྙིང་པ་དང་རིག་དངོས་གནའ་ཤུལ་སོགས་ལ་བར་ལམ་ཞིག་ལ་ཉམས་ཆག་ཇི་འདྲ་བྱུང་ཡོད་མེད། གནའ་བོའི་ལོ་རྒྱུས་དང་རིག་གནས་བཟོ་རྩལ་གྱི་རིན་ཐང་ག་འདྲ་ཡོད་མེད། སྲུང་སྐྱོབ་བདག་གཉེར་ཇི་ལྟར་བྱ་དགོས་པའི་རྟོགས་ཞིབ་ཚོ་ཆུང་ཞིག་སྒྲིག་འཛུགས་ཀྱིས་དགེ་རྒན་ཁོང་ལགས་ཀྱིས་སྣེ་ཁྲིད་འོག་ཏུ། ཁོང་རྣམ་པ་བཞི་སྤྱི་ལོ༡༩༧༩ལོ་མཇུག་ནས་གྲ་སྒྲིག་བྱས་ཏེ་ལོ་གསུམ་གྱི་རིང་སྟོད་མངའ་རིས་སྐོར་གསུམ་གྱི་གངས་མཚོ་གནས་རི་དང་། གུ་གེ་མཁར་རྫོང་། གཞིས་རྩེ་དང་རྒྱལ་རྩེ། ས་སྐྱ་དགོན་པ། གཞིས་ཀ་དང་མཁར་རྫོང་། ལྷོ་གནས་བསམ་ཡས་གཙོས། འཕྱོངས་རྒྱས་བཙན་པོའི་བང་སོ། ཆབ་མདོ་དགོན། རི་བོ་ཆེ་དགོན། བྲག་གཡབ་དགོན་པ། དེ་མིན་གྱི་ཤིན་ཅང་གི་གནའི་དགོན་ཤུལ་དང་བྲག་ཁུང་ཁག་ཅིག སོག་པོའི་མཁར་སྔོན་པོ། རྒྱ་ནག་གི་བོད་བརྒྱུད་ནང་པའི་དགོན་སྡེ་པེ་ཅིང་དང་རི་བོ་རྩེ་ལྔ་སོགས་གང་སར་རྟོགས་ཞིབ་དང་པར་ལེན། དཔྱད་བསྡུར་བྱེད་པར་ཕེབས། ལྷག་པར་ཕོ་བྲང་པོ་ཏཱ་ལ་དང་ལྷ་སའི་ཇོ་ཁང་། ནོར་བུ་གླིང་ཁ། གུ་གེ་དང་མཐོ་ལྡིང་བཅས་ལ་པར་རྒྱབ་ཅིང་ཐིག་ཚད་བླངས། ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ་ཨར་སྐྲུན་གྱི་ལོ་རྒྱུས་དང་དཔེ་རིས་ཞིབ་ཚགས་ཤིག་བྲིས་པའི་དཔེ་དེབ་དཔར་སྐྲུན་བྱས་ཡོད། སྤྱི་ལོ༡༩༨༣ལོའི་ལོ་དཀྱིལ་ནས་ཁོང་རང་ཉིད་ཀྱི་དགོན་པ་མི་ཉག་འགི་བ་ཁ་དགོན་དང་། གནས་མགོ་དགོན་པའི་གྱང་ཆག་གི་སྟེང་ཏུ་དགོན་པ་སྐྱར་གསོ་བྱེད་མགོ་བཙུགས་ནས་རིམ་བཞིན་དར་ཞིང་རྒྱས་པ་བྱུང་ཡོད། སྤྱི་ལོ༡༩༨༢ལོར་དཔལ་བསམ་ཡས་མི་འགྱུར་སྤྲུལ་པའི་གཙུག་ལག་ཁང་གི་དབུ་རྩེའི་རྒྱ་ཕིབས་ལྔ་བརྩེགས་སླར་གསོའི་འཆར་འགོད་རྣམས་ལེགས་གྲུབ་བྱུང་། ལོ་སྨད་དུ་པཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་པས་བཀའ་མངགས་ལྟར་པེ་ཅིན་དུ་ལོ་གཅིག་རིང་ལ་ཨ་ལགས་ཤར་གདོང་ཚང་གི་མདུན་དུ་ལམ་རིམ་དང་སྔགས་རིམ་སོགས་ཀྱི་བཤད་ཁྲིད་ཟབ་མོ་ཞུ་རྒྱུའི་གོ་སྐབས་གནང་། དེ་རྗེས་སྤྱི་ལོ༡༩༨༩ལོ་ནས་བཟུང་སྟེ་ཕོ་བྲང་པོ་ཏཱ་ལ་ཁྱོན་ཡོངས་ནས་ཉམས་གསོ་སྲ་བརྟན་གྱི་ལས་གྲྭར་ལག་རྩལ་བཀོད་འདོམས་པའི་ལས་འགན་ཁུར་ནས་ཉམས་གསོའི་ཞབས་ཞུ་འཐུས་ཚང་བྱས་ཤིང་། དུས་མཚུངས་སུ་སྔ་ཕྱི་རུ་གདན་ས་བཀྲ་ཤིས་ལྷུན་པོའི་བྱམས་ཁང་ཆེན་མོ་ཉེན་སྐྱོབ་ལས་གྲྭ་དང་། ས་སྐྱའི་ལྷ་ཁང་ཆེན་མོ་ཉེན་སྐྱོབ་ལྷ་ཁང་ཆེན་མོ་ལས་གྲྭ། ལྷ་ཁང་ཆེན་མོའི་ལྕགས་རི་སྤེལ་སོགས་ཀྱི་ཉམས་གསོའི་ལས་གྲྭ། མདོར་ན་ཕོ་བྲང་པོ་ཏཱ་ལ་དང་ནོར་བུ་གླིང་ཁའི་ཕོ་བྲང་སོགས་ལྔ་དྲུག་ཉེན་སྐྱོབ་ཉམས་གསོའི་ལས་གྲྭ་དང་། ས་སྐྱའི་གཙུག་ལག་ཁང་གི་དགོན་པ་དང་སེ་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་དགོན་པ། དཔལ་བསམ་ཡས་དགོན་པ། ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ། སྦྲ་ཆེན་རྫོང་བོན་པོ་གཡུང་དྲུང་དགའ་བ་རིན་པོ་ཆེའི་གདན་ས་ཀླུ་ཕུག་དགོན་པའི་འདུ་ཁང་ཆེན་མོ་སོགས་དགོན་པ་སུམ་ཅུ་ལྷག་གི་ཉེན་སྐྱོབ་དང་ཉམས་གསོའི་ལས་གྲྭ་བཙུགས་ཤིང་གསར་བཞེངས་ལྟ་སྐུལ་བ་བཅས་མཛད་མྱོང་། མཆོད་རྟེན་དང་མཁར་མཐོན་པོ་རྒྱལ་པོའི་བང་སོ་བཅས་ཉི་ཤུ་ལྷག་ཙམ་ཉམས་གསོ་དང་ཉེས་སྐྱོན་གསར་བཞེངས་སོགས་ཀྱི་ལས་གྲྭར་ཞུགས། བོད་རང་སྐྱོང་ལྗོངས་ཀྱི་བན་བོན་གྱི་དགོན་པ་མིང་གྲགས་ཅན་ཡོངས་རྫོགས་ཀྱི་ཉམས་གསོ་དང་ཉེན་སྐྱོབ་གསར་བཞེངས་བཅས་བྱེད་སར་ཁོང་སྐུ་དངོས་སུ་བྱོན་པ་མ་ཚད། དུས་རབས་ཉེར་གཅིག་པ་ནས་བཟུང་སྟེ་མི་ཉག་གི་ས་ཆའི་ཐོག་ཏུ་གནའ་ཤུལ་སྲོང་སྐྱོབ་ཀྱི་ཚོགས་པ་བཙུགས་ནས། མི་ཉག་གི་ཁོར་ཡུག་ནགས་ཚལ་དང་སྤང་ལྗོངས་ས་ཆུ་སྲུང་འཛིན་གྱི་བྱ་བ་སྤེལ་སྐབས། ལོ་སྟོང་ལ་ཉེ་བའི་མི་སེར་གྱི་ཁང་པ་བརྒྱད། མི་སེར་གྱི་ལྷ་ཁང་གི་ལྡེབས་བྲིས་རྙིང་མ་བཅུ་གཉིས་དང་། མཁར་རྫོང་ཟུར་བཞི་དང་ཟུར་བརྒྱད་ཀྱི་ཐོག་བརྩེགས་དགུ་ཅན་བཅས་ཉམས་གསོ་སྣ་ཁ་བརྒྱད་ཙམ་བྱས་ཡོད། རྒྱལ་རོང་གི་ས་ཆ་མཁར་ཟུར་བཅུ་གསུམ་ཡོད་མཁན་གཅིག་ཉམས་གསོ་བྱས། མི་ཉག་གི་ལྡེབས་བྲིས་རྙིང་པ་སྲུང་སྐྱོབ་བྱས་པ་དེ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་རམ་མཛད། གཞན་ཡང་ཨ་མདོའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཁང་ཉམས་གསོ་དང་། དཀར་མཛེས་ཀ་བྲག་ཇོ་བོའི་མཆོད་རྟེན་ལྷ་ཁང་ཉམས་གསོའི་འཆར་འགོད། མུ་ལི་བྱམས་ཁང་ཆེན་མོ་གསར་བཞེངས་དང་། མུ་ལི་དགོན་ཆེན་གྱི་འདུ་ཁང་ཀ་བ་བརྒྱ་ཡོད་པའི་འཆར་འགོད་དང་ཨར་ལས་བཅས་ཆ་ཚང་བ་ལས་རོགས་མཛད། སྡེ་དགེ་རྒྱལ་པོའི་ཕོ་བྲང་དང་སྡེ་དགེ་ཨ་ཕྱུག་རྩྭ་ཐང་གི་གེ་སར་ལྷ་ཁང་གི་འཆར་འགོད་ཀྱང་བླ་མ་ཁོང་གིས་བཞག་པ་ཡིན། མཚོ་སྔོན་ཡུལ་ཤུལ་ས་ཁུལ་གྱི་བསམ་འགྲུབ་དགོན་དང་འཛོམས་ཉག་མཆོད་རྟེན་ཉེན་སྐྱོབ་ལས་གྲྭ། སྒ་མཆོད་རྟེན་དཀར་པོ། འདམ་ཁ་དགོན་པ་སོགས་ས་འགུལ་གྱི་གནོད་སྐྱོན་ཆེན་པོ་བྱུང་བར་ཉེན་འགོག་དང་། སྲུང་སྐྱོབ་བྱེད་པའི་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་ནས། ཨར་སྐྲུན་ཉེན་སྐྱོབ་དང་སྲུང་སྐྱོབ་ཉམས་གསོའི་ལས་གྲྭར་ཁྱོན་ཡོངས་ནས་བཀོད་འདོམས་དང་བརྟག་དཔྱད་ཞིབ་འཇུག་དང་། ལས་གྲྭའི་སྤུས་ཚད་འགན་ལེན། ཉམས་གསོའི་ལས་ཀ་སྲ་བརྟན་ཕུགས་ཐུབ་ཡོང་བའི་ལས་འགན་བཅས་ནི་ཁོང་གིས་ལས་འགན་ཆ་ཚང་བ་ཁུར་ཡོད། སྤྱི་ལོ༡༩༩༦ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ནོ་ཝེར་རྒྱལ་ཁབ་ཚན་རྩལ་སློབ་ཆེན་གཉིས་ཀྱི་མཉམ་ལས་དྲྭ་བའི་ལས་ཀ་མགོ་བཙུགས་ནས་ལྷ་ས་གྲོང་རྙིང་སྲུང་སྐྱོབ་དང་ལྕགས་ཕོ་རིའི་ལྷ་ཁང་སླར་གསོ་ཞུ་རྒྱུའི་འཆར་འགོད་ཀྱི་གྲ་སྒྲིག་སོགས་ཀྱི་དོན་དུ་སྔ་ཕྱི་ཐོག་ནོར་ཝེ་དང་ཀྲམ་མར། ཨ་རིའི་ཨིན་ཊི་སློབ་ཆེན། དབྱིན་ཇིའི་ཉུའུ་ཅིན་སློབ་ཆེན། ཧྥ་རན་སིའི་པ་རིས། འཇར་མན། ཡོ་རོབ་གླིང་གི་སློབ་གྲྭ་ཆེན་མོ་དང་ས་ཆ་མང་པོ་ལ་བྱོན་ནས་འཆད་ཁྲིད་དང་དཔྱད་རྩོམ་སོགས་དུ་མ་སྤེལ་མྱངས། འཛམ་གླིང་བོད་རིག་པའི་མཐུན་ཚོགས་ནང་དུ་ལོ་བཞི་ཙམ་ལ་ཞུགས་ནས་སློབ་གྲྭ་ཆེན་མོ་དང་ས་ཆ་མང་པོར་ཕེབས་ནས་འགྲོ་དོན་ཆེན་པོ་མཛད། ཐེའེ་ལན་འདྲིར་ནང་པའི་ཆོས་ལུགས་ཀྱི་མཛེས་རྩལ་དང་ལག་ཤེས་པ་གསོ་སྐྱོང་བྱ་བའི་ཉམས་མྱོངས་སྤེལ་རེས་ཀྱི་ཚོགས་འདུར་ཞུགས་ནས་རང་རེ་མི་ཉག་འགི་བ་ཁ་དགོན་ལ་དཔེ་བཟང་གི་བྱ་དགའ་ཐོབ། རྒྱལ་ནང་གི་པེ་ཅིན་ཆིན་ཧྭ་སློབ་གྲྭ་ཆེན་མོ་དང་། ཧྲན་ཡང་ཨར་སྐྲུན་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་འཆད་ཁྲིད་མཛད། ཁྱད་པར་དུ་ལོ་བཅུའི་རིང་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་དང་། བཟོ་རྩལ་སློབ་གླིང་ལ་བོད་ཀྱི་ཨར་སྐྲུན་ཀྱི་ལོ་རྒྱུས་དང་མཛེས་རྩལ། བཟོ་རྩལ། ཨར་སྐྲུན་གྱི་དབྱེ་བ། དམིགས་བསལ་གྱི་རྒྱུ་ཆ་དང་ཨར་ལས་གོ་རིམ་སོགས་ཀྱི་སློབ་ཚན་ཁྲིད་ནས་སློབ་མ་འཛིན་གྲྭ་བརྒྱད་ཙམ་སློབ་མཐར་ཕྱིན་ཡོད། ཁོང་དུས་རྒྱུན་ཕ་ཡུལ་མི་ཉག་ཕྱོགས་ལ་ཕེབས་སྐབས་སློབ་གསོ་དང་བསླབ་བྱ་གཙོ་བོ་གནང་རྒྱུ་ནི། ཆོས་ལུགས་ཕན་ཚུན་བར་ལ་གྲུབ་མཐའ་འམ་ཆོས་རྒྱུད་རྩོད་མི་ཉན་པའི་རྒྱུ་མཚན། སློབ་གསོ་ལ་མཐོང་ཆེན་བྱེད་དགོས་ཚུལ། རྐུ་བྱེད་མི་ཉན་པ། རྫུན་བཤད་མི་ཉན་པ། ཇག་རྒྱག་མི་ཆོག་པ། དུག་འཐེན་མི་ཉན་པ། ཤོ་རྒྱག་མི་ཉན་པ། བུད་མེད་ལ་མཐོང་ཆུང་བྱེད་མི་ཉན་པ། ཕོ་མོ་འདྲ་མཉམ་བྱེད་དགོས་པ། ཁྱིམ་ཚང་འཆམ་འཐུན་ཡོང་བར་བྱེད་པ། ཁྱིམ་མཚེས་དང་མཐུན་དགོས་ཚུལ། མདོར་ན་འཛིང་རྩོད་བྱེད་མི་ཉན་རྒྱུ། ཡུལ་ལུང་ལ་བདེ་འཇགས་ཡོད་དགོས་ཚུལ། གནའ་ཤུལ་རྙིང་པའི་མཁར་དང་ཁང་པ་སོགས་བཤིག་མི་ཉན་པ། མི་ཚང་མ་རྡོག་རྩ་གཅིག་འབྲེལ་ཡོང་དགོས་རྒྱུའི་ཁ་ཏ་བསླབ་བྱ་ཁོ་ན་གསུངས་ནས་འབྲས་བུ་བཟང་པོ་ཐོབ་ཡོད་པ་ནི་འདིར་ཡི་གེ་མང་བས་བྲིས་མེད། ཁོང་གི་ཕན་ཐོགས་རྒྱ་ཆེན་པོ་མཛད་ཡོད་ས་དཔེར་ན། མི་ཉག་བོན་པོ་གཤིས་ལ་ཆུ་གློག་བཙུགས་ནས་མི་སེར་དང་དགོན་པ་བཅས་གནས་སྤོར་བྱེད་རྒྱུ་ཕལ་ཆེར་ཐོན་ཡོད་སྐབས་ཁོང་བྱོན་ནས། རྫོང་རིམ་པ་དང་ཁུལ་རིམ་པ་ཞིང་ཆེན་རིམ་པ་རྒྱལ་ཁབ་རིམ་པ་བཅས་ལ་མི་སེར་གྱི་མཐར་ཐུག་གི་སྐྱིད་སྡུག་དང་། མི་རབས་རྗེས་མའི་ཁེ་ཕན། ཕ་ཡུལ་གྱི་མཁར་རྫོང་གནའ་ཤུལ་བཅས་སྲོང་སྐྱོབ་བྱ་དགོས་པའི་རྒྱུ་མཚན་བཅས་ཞུ་ཐེངས་མང་པོ་བརྒྱུད། མཐར་གནས་སྤར་མི་དགོས་པའི་ཆོག་མཆན་ཐོབ་ནས་ཆུ་གློག་གི་ཆུ་མཛོད་ལས་གྲྭའི་འཆར་གཞི་འཚམས་འཇོག་ཐུབ་ཡོད། མ་ཚད་ཁོང་གིས་དམངས་ཁྲོད་ཀྱི་རིག་གནས་ཀྱི་སྐོར་ལ་མི་ཉག་གི་གཏམ་བཤད་རྒྱུ་དང་། ཞབས་བྲོ་རྙིང་པ། གླུ་རྙིང་པ་ལེན་རྒྱུ་སོགས་ལོ་ཆུང་རྣམས་ཀྱིས་གཙོ་བོ་བྱས་ཏེ་བོད་མི་ཉག་གི་ཡུལ་ལ་ལོ་ལྟར་འཁྲབ་སྟོན་བྱེད་རྒྱུའི་སྒྲིག་སྲོལ་བཟང་པོ་བཞག་ཡོད་པ་ནི་ང་ཚོས་ཁོང་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུའོ།།
ཁོང་གི་ཐོབ་ཐང་དང་གོ་སའི་སྐོར། བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་མོལ་ཁང་གི་རྒྱུན་ལས་ཨུ་ཡོན་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གཉིས་ཀྱི་ཨར་སྐྲུན་དགེ་རྒན་ཆེན་མོ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་པོ་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཡུལ་ཤུལ་གནོད་སྐྱོན་ཐེབས་རྗེས་ཀྱི་སྐྱར་འཛུགས་མཛུབ་སྟོན་པུའུ་ཡི་དམིགས་བསལ་གདན་ཞུས་ཀྱི་ཆེད་རམས་པ། རྒྱལ་སྤྱིའི་བོད་ཞིབ་འཇུག་ཚོགས་པའི་ལས་འཛིན་པ། བོད་ལྗོངས་ནང་བསྟན་ཞེས་པའི་དུས་དེབ་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། དཀར་མཛེས་ཁུལ་དར་མདོ་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་ལྗོངས་པོ་ཏཱ་ལ་ལྷ་ཁང་སོགས་གནའ་ཤུལ་ཉམས་གསོ་བཟོ་སྐྲུན་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ། མི་ཉག་འགི་བ་ཁ་དགོན་པ་དང་གནས་མགོ་དགོན་པ། འདྲ་ཁ་ཐོག་དགོན་པ། བརྒྱད་ཟུར་དགོན་པ། ཇོ་མོ་དགོན་པ་བརྩེ་ཆེན་ཆོས་གླིང་། སྦའུ་རོང་དཔའ་ཐེམ་དགོན་པ་བཅས་ཀྱི་སྤྲུལ་སྐུ་དང་། དགོན་བདག་བློ་འདྲི་ཡུལ་སོགས་ཡིན་ནོ། །
ཁོང་གི་གསུང་རྩོམ་སྐོར། བོད་ཀྱི་དམངས་ཁྲོད་ཁང་པ་དང་། བོད་ཀྱི་ཨར་སྐྲུན་གྱི་བཟོ་རྩལ། བོད་ཀྱི་ཕོ་བྲང་དང་དགོན་སྡེ་སོགས་ཀྱི་ཉམས་གསོ་འཆར་འགོད་ཀྱི་དཔེ་རིས་ཡིག་ཆ་ཕྱོགས་སྒྲིག མི་ཉག་ཞབས་དྲུང་སྤྲུལ་སྐུའི་འཁྲུངས་རབས་ཀྱི་བྱུང་བ་བརྗོད་པ། མི་ཉག་ཞབས་དྲུང་དགོན་མ་ལག་ཡོངས་ཀྱི་བཅའ་ཡིག་ཆེན་མོ། མི་ཉག་ཞབས་དྲུང་དགོན་མ་ལག་གི་ཞབས་བརྟན་ཕྱོགས་བསྒྲིགས། མི་ཉག་ལི་ཆུ་གཞུང་གི་གནས་བདག་སྨན་རི་རྩེ་གསུམ་སོགས་གཞི་བདག་ཁག་གི་བསང་མཆོད། གཞན་དང་མཉམ་ལས་མཛད་པའི་དཔེ་ཆ་ནི། དབྱིན་བོད་རྒྱ་གསུམ་གྱི་ཡིག་ཐོག་ནས་བྲིས་པའི་ལྷ་སའི་གྲོང་རྙིང་གི་ས་ཁྲ་དང་། ཨར་སྐྲུན་གྱི་ལོ་རྒྱུས་དང་དཔེ་རིས་ཞིབ་ཚགས་བཀོད་པའི་དཔེ་དེབ་བཞི་བཅས་ནི་ཁོང་གཙོ་བོ་བྱས་ཏེ་མི་ཁ་ཤས་ཀྱིས་མཉམ་བསྒྲིགས་བྱས་པ་ཡིན་གསུངས། ད་ལྟ་ཁོང་ཕྱག་ལས་ཧ་ཅང་བྲེལ་བཞིན་བོད་ལྗོངས་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་ནས་བཞུགས་བཞིན་པ་ཡིན་ནོ། །
གཟན་དཀར་སྤྲུལ་སྐུའི་མཛད་རྣམ།
དེ་ཡང་ཐུབ་བསྟན་ཉི་མའམ་གཟན་དཀར་སྤྲུལ་སྐུ་ཚང་ནི་ཕ་ཡབ་རྒྱ་ཡང་པ་པ་དང་མ་ཡུམ་རྒྱལ་རོང་བ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ༡༩༤༣ལོར་ཁམས་མི་ཉག་ལྷ་སྒང་དུ་འཁྲུངས། ཐོག་མར་ཁོང་ལྷ་སྒང་དགོན་པའི་ཚོགས་གདན་ཐོག་ཏུ་བཞག་ནས་དགོན་དེའི་གྲྭ་པ་བྱེད་རྒྱུའི་གྲ་སྒྲིག་བྱས། རྗེས་སུ་དགོང་ལོ་གསུམ་གྱི་ཐོག་ཏུ་མ་ཧཱ་ལྕུམ་ལུང་དགོན་པས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་བྱས། ལྷ་སྒང་དགོན་པ་དང་མ་ཧཱ་ལྕུམ་ལུང་དགོན་པ་གཉིས་ཀྱི་ཐུན་མོང་གི་བླ་མ་བྱས་ཏེ་ལོ་བཅུ་གསུམ་གྱི་རིང་ལ་སྤྲུལ་སྐུའི་འཚོ་བ་ལ་རོལ། རྗེས་སུ་ཁོང་གྲྭ་སར་བྱོན་སྐབས་ས་སྐྱའི་གྲྭ་ས་སྡེ་དགེའི་རྫོང་གསར་དགོན་དང་། རྙིང་མའི་སྡེ་དགེ་རྫོགས་ཆེན་དང་གྲྭ་ས་རྡོ་གྲུབ་ཆེན་དགོན་སོགས་ལ་ཕེབས་ཏེ་དཔེ་ཆ་སློབ་གཉེར་མཛད། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་ཆེན་པོར་གྱུར། ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཁོང་ལ་འཐབ་རྩོད་འདྲ་མིན་སྣ་ཚོགས་བཏང་སྟེ་མཁལ་མ་གཏོར་ནས་འོ་བརྒྱལ་ཆེན་པོ་གཟིགས་ཀྱང་ཁོང་གི་སྐུ་ཚེ་ལ་བར་ཆད་བྱེད་མ་ཐུབ། ཁོང་གི་རྒྱུད་ན་བྱང་ཆུབ་ཀྱི་སེམས་ཡོད་པས། རྗེས་སུ་སྲིད་ཇུས་ཇེ་ཡག་ཏུ་སོང་སྐབས། ཁོང་ལ་མཁས་པའི་གོ་གནས་དང་ཆབ་སྲིད་ཀྱི་གོ་གནས་སོགས་ཆེན་པོ་ཡོད་ཀྱང་། སྔོན་ཆད་འཐབ་རྩོད་བྱེད་མྱོང་མཁན་ཚོ་ལ་ཕན་ཅི་འཐོག་གི་བྱ་བ་སྒྲུབ་རྒྱུ་མ་གཏོགས་གནོད་པ་ཞིག་གཏན་ནས་མཛད་མ་མྱོང། ཁོང་གི་གསུང་རྩོམ་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། བོད་དབྱིན་ཚིག་མཛོད་ཆེན་མོ་གཉིས་ཀྱི་རྩོམ་སྒྲིག་གཞོན་པའི་ལས་འགན་བཞེས་ཤིང་། བོད་རྒྱ་ཤན་སྦྱར་གྱི་གེ་སར་ཚིག་མཛོད་ཀྱི་གཙོ་སྒྲིག་པའི་འགན་བཞེས། དེ་མིན་ཆེད་རྩོམ་གྱི་དེབ་ཕུང་པོ་ལྔའི་རྣམ་བཞག་དང་། ཤེས་བྱ་ཀུན་ཁྱབ་ཀྱི་ས་བཅད་དབུ་མེད་ཁོང་གི་ཕྱག་བསྟར་མ་དེབ་གསུམ་བརྩམས། གཞན་པ་ཁོང་ལ་དཔྱད་འབྲས་ཀྱི་ཆེད་རྩོམ་གྱི་དེབ་ཡོད་པ་ནི་མ་མཐོང་། ཁོང་ནི་ཡིག་གཟུགས་ལའང་ཆེད་མཁས་པ་ཞིག་ཡིན་པས། དབུ་ཅན་དང་དབུ་མེད། ཚུགས་ཐུང་། དཔེ་ཚུགས། ཡིག་ཆུང་སོགས་ལ་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་གིས་སྐད་ཡིག་གསུམ་མཁྱེན་པ་ཡིན་ཏེ་བོད་ཀྱི་སྐད་ཡིག་དང་། རྒྱའི་སྐད་ཡིག དབྱིན་ཇིའི་སྐད་ཡིག་བཅས་ལ་མཁས་པ་ཡིན། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་ཞིབ་འཇུག་ཁང་གི་དབུ་གཙོ། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་སྐབས་དགུ་པ་གཉིས་ཀྱི་འཐུས་མི་སོགས་ཀྱི་ལས་འགན་བཞེས་ཟིན་པ་ཡིན་ནོ། །ཞོར་ཞུ་ཁོང་རྒྱལ་ཁབ་ཀྱི་ལས་འཁྱུར་ངལ་གསོ་མཛད་ནས་ལོ་དུ་མ་ཞིག་སོང་ཡོད་ནའང་སྐུ་ཉིད་ཀྱིས་སྐད་ཡིག་མང་པོ་ལ་སློབ་སྦྱོང་མཛད་རྒྱུ་དང་བོད་ཀྱི་རིག་གནས་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དང་སློབ་གསོ་ལ་རྒྱབ་སྐྱོར་མཛད་རྒྱུ་སོགས་ནི་མཚམས་འཇོག་གཏན་ནས་མཛད་མ་མྱོང་ངོ་།།
དཀོན་མཆོག་བསྟན་འཛིན་གྱི་མཛད་རྣམ།
ཉག་རོང་དཀོན་མཆོག་བསྟན་འཛིན་ནི་ཕ་ཡབ་ཚེ་དབང་བསམ་འགྲུབ་དང་མ་ཡུམ་བུ་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་གླང་ལོ་སྟེ་སྤྱི་ལོ༡༩༤༩ལོར་ཉག་རོང་ཆ་དགའ་ས་ཆ་རུ་སྐུ་འཁྲུངས། དགུང་ལོ་དྲུག་གི་ཐོག་དབེན་གནས་སྦ་ལྕག་མཁའ་འགྲོ་འབུམ་རྫོང་དུ་ས་སྐྱའི་ཆོས་བརྒྱུད་འཛིན་པའི་ཞང་པོ་རྒྱ་ཚོགས་སྤྲུལ་སྐུ་ལུང་རྟོགས་མདུན་ཡི་གེ་འབྲི་ཀློག་སྦྱོར་གསུམ་བསླབ། དགུང་ལོ་བརྒྱད་ནས་སློབ་གྲྭ་ཆུང་འབྲིང་ཕྱིན་ནས་དེང་གི་ཤེས་བྱ་རྣམས་སྦྱངས། བར་སྐབས་ཤིག་ལ་དུས་དབང་གི་རྐྱེན་གྱིས་ལོ་བཅུའི་རིང་ལ་སློབ་སྦྱོང་གི་གོ་སྐབས་དང་བྲལ་ནའང་། གསང་ཐབས་ཀྱིས་སྨན་གསར་གྱི་བཟོ་རྒྱུན་བཟུང་ཞིང་བྲིས་འབུར་ལུགས་གསུམ་ལ་ཤིན་ཏུ་མཁས་པ་ཉ་ངོས་གནས་བརྟན་གྱི་མདུན་ནས་བོད་ཀྱི་རི་མོ་ལ་རགས་ཙམ་སྦྱོང་བ་མཛད། དགུང་ལོ་ཉི་ཤུ་ནས་བཟུང་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་དེང་རབས་ཀྱི་ཤེས་བྱ་སྤྱི་དང་། བྱེ་བྲག་རྒྱ་ནག་དང་ཕྱི་གླིང་བའི་ལུགས་ཀྱི་རི་མོ་སོགས་ལ་སློབ་གཉེར་མཛད། སྐབས་དེར་ཁོང་གིས་ཐུགས་ལ་རྗེས་སུ་བོད་ཀྱི་བཟོ་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་རྩོམ་སྒྲིག་མཛད་ཐུབ་པའི་འདུན་པ་རྒྱ་ཆེན་པོ་ཞིག་ཁོང་གི་ཐུགས་རྒྱུད་ལ་འཁྲུངས་མྱོང་། སྐུ་ཉིད་སློབ་མཐར་ཕྱིན་རྗེས་འབའ་ཐང་དགེ་འོས་སློབ་གྲྭ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་རྩོམ་སྒྱུར་ཁང་སོགས་སུ་རིམ་བཞིན་དུ། དགེ་རྒན་དང་རྩོམ་སྒྲིག་པ། སློབ་གྲྭའི་མགོ་འཛིན་པ་གཞོན་པ་དང་རྩོམ་སྒྱུར་ཁང་གི་དབུ་འཛིན་གཞོན་པ་དང་རྒན་པ། དཀར་མཛེས་ཁུལ་ཆབ་སྲིད་གྲོས་མོལ་ཁང་གི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་ལས་འགན་བཞེས་ཤིང་། ཞོར་དུ་བཟོ་རིག་སྨྲ་བ་ཐང་བླ་ཚེ་དབང་སོགས་དེང་གི་མཁས་དབང་དུ་མའི་མདུན་ནས་བཟོ་རིག་གཙོ་བོར་གྱུར་བའི་བོད་ཀྱི་ཤེས་བྱ་སྐོར་ལ་སློབ་གཉེར་མི་དམན་པ་མཛད། དེ་ནས་བཟུང་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ཞིབ་གཤེར་ཨུ་ལྷན་ཁང་། ཀྲུང་གོའི་བོད་གྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གི་བློ་འདྲི་ཡུལ། ཀྲུང་གོ་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོའི་བློ་འདྲི་ཡུལ། གེ་སར་སྟོང་ཐང་ཆེན་མོའི་སྒྱུ་རྩལ་སྤྱིའི་ལྟ་སྐུལ་པ། དཀར་མཛེས་ཁུལ་གྱི་སྒྱུར་ཡིག་སྣ་ཚོགས་ཀྱི་ཞུས་ཆེན་པ་སོགས་ཀྱི་ལས་འགན་བཞེས་མྱོང་པ་མ་ཟད། ༡༩༩༩ལོར་བོད་རྒྱ་ཡིག་སྒྱུར་གྱི་ཞུ་ཆེན་པ་དང་། ༢༠༠༢ལོར་སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་ཕུལ་བྱུང་མི་སྣ། ༢༠༠༨ལོར་རྒྱལ་ཁབ་ཀྱི་རིག་དངོས་ཆེད་མཁས་པ་གྲགས་ཅན་གྱི་གྲས་སུ་མཚན་ཐོ་བཀོད།
ཁོང་གི་གསུང་རྩོམ་ནི། བཟོ་གནས་སྐྲ་རྩེའི་ཆུ་ཐིགས་དང་། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། སྟོད་ཆ་དང་བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་སྨད་ཆ་བཅས་དེབ་ཆེན་གཉིས། བཟོ་རིག་ཕྱོགས་བསྒྲིགས་རིན་ཆེན་སྒྲོམ་བུ་ཞེས་བྱ་བ། བོད་ལུགས་ཀྱི་མཆོད་རྟེན། བཟོ་རིག་ལ་འཇུག་པའི་སྒོ་སོགས་ཁོང་རང་ཉིད་ཀྱི་ཆེད་རྩོམ་གྱི་དེབ་ཆེན་རྣམས་དང། ད་དུང་ས་ཁུལ་རིམ་པ་དང་ཞིང་ཆེན་རིམ་པ་རྒྱལ་ཁབ་རིམ་པའི་དུས་དེབ་སོགས་ཀྱི་ཐོག་ཏུ་དཔྱད་རྩོམ་དང་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་ལྗགས་རྩོམ་བཅུ་ཕྲག་ཁ་ཤས་བརྩམས་གནང་མཛད་ཡོད། གཞན་ཡང་གསར་རྩོམ་གྱི་རི་མོ་དུ་མ་དང་། བོད་ཀྱི་ཐང་ག་རི་མོ། དཔེ་དེབ་ཀྱི་མདུན་ཤོག་རི་མོ། བར་བཅུག་རི་མོ་སོགས་ཕྱག་བྲིས་ཤིན་ཏུ་མང་པོ་ཡོད། ཁོང་ད་སྐབས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་ཞིབ་བཇུག་གླིང་གི་མཚན་འཛིན་གླིང་གཙོ་སོགས་ཀྱི་འགན་བཞེས་བཞིན་ཡོད། མི་འགའ་རེའི་སེམས་ལ་ཁོང་ནི་མི་ཉག་བ་ཞིག་མ་རེད་སྙམ་ཡང་སྲིད་མོད། དེ་ཅི་རེད་ཅེ་ན་ཉག་རོང་ནི་གནའི་མི་ཉག་གི་ལོ་རྒྱུས་ཐོག་ཏུ་མི་ཉག་དང་འབྲལ་ཐབས་མེད་པའི་སའི་ཆ་ཤིག་ཅིག་ཡིན་པས་འདིར་མཚོན་བྱེད་ཙམ་བཞག་པ་ཡིན་ནོ། །
མདོ་སྡེ་མགོན་པོའི་མཛད་རྣམ།
ཧོར་མདོ་སྡེ་མགོན་པོ་ནི་ཡབ་ཧོར་དཔལ་ཁོ་དང་ཡུམ་ཉན་བཟའ་ལབ་ཁོ་གཉིས་ཀྱི་སྲས་སུ་ནང་སྐོར་རུ་ཁག་གཉིས་པ་རུ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ༡༩༤༢ལོར་འཁྲུངས། དགུང་གྲངས་བརྒྱད་ནས་རང་དགོན་ཞང་པོ་ཉན་ཤུལ་མཁན་སྤྲུལ་ཨ་སྨོན་ལས་ཀློག་དང་བྲིས་བཅས་བསླབ་ཅིང་། དབང་ལུང་སོགས་ཅི་རིགས་གསན་མཐར་ར་ཤར་སྨིན་གྲོལ་གླིང་དུ་ཚོགས་ཞུགས་མཛད་ཅིང་རྫོགས་ཆེན་མཁན་པོ་ཐུབ་སྙན་དང་། མཁན་ཆེན་མགོན་འདྲིས། རྫོགས་སྤྲུལ་དྲུག་པ། རྡོ་གྲུབ་ཆེན་སྤྲུལ་སྐུ་རིག་ལོ་སོགས་ལས་བཀའ་ཆོས་བདུད་རྩི་མྱོང་། དགུང་ལོ་བཅུ་བདུན་ནས་སོ་བརྒྱད་བར་དུས་འགྱུར་གྱི་འོ་བརྒྱལ་ཅི་རིགས་འོག་མི་ཉག་མཁན་ཆེན་རྩྭ་ར་ཆོས་གྲགས་དང་། སྤྲུལ་སྐུ་གཟན་དཀར་རིན་པོ་ཆེ། མཁན་རིག་སྨོན་སོགས་ཀྱི་མདུན་ནས་ཟབ་ཆོས་གང་མང་ཐོབ། དགུང་གྲངས་སོ་དགུ་ནས་མདོ་དབུས་ཁམས་གསུམ་གྱི་གནས་ཆེན་ཁག་དང་དུར་ཁྲོད་བརྒྱ་རྩ་སོགས་འགྲིམས། ༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་ཞུགས་མཛད་དེ་རྗེ་བཙུན་མ་ཟླ་གསལ་དབང་མོ་དང་མཁན་ཆེན་པདྨ་ཚེ་དབང་སོགས་བཤེས་གཉེན་དམ་པ་རྣམས་ལས་མདོ་སྔགས་རིག་གནས་ཀྱིས་ཐུགས་རྒྱུད་གཏམས། ༡༩༨༦ནས༢༠༠༣ལོའི་བར་སློབ་གྲྭ་དེ་ཉིད་ཀྱི་དགེ་རྒན་དུ་ཞབས་སོར་འཁོད་ཅིང་མཐོ་རིམ་འཆད་དཔོན་དང་སློབ་མའི་ཁང་གི་དབུ་ཁྲིད་གཙོ་བོ་སོགས་ཀྱི་འགན་བཞེས། རྫོགས་ཆེན་ཤྲི་སེང་ཆོས་གྲྭའི་མཁན་པོ་དང་གཞན་དགོན་ཁག་རྣམས་སུ་ཆོས་སྦྱིན་རྒྱ་ཆེར་མཛད། ཁོང་གི་གསུང་རྩོམ་ནི། ཆོས་འབྱུང་འབེལ་གཏམ་གྱི་རྣམ་བཤད་ལུགས་གཉིས་སྒོ་འཕར་འབྱེད་པའི་ལེགས་བཤད་འཕྲུལ་གྱི་ལྡེའུ་མིག་ཞེས་བྱ་བ་དེབ་ཆེན་པོ་ཞིག་དང་གཞན་ཡང་དཔྱད་རྩོམ་དང་ངོ་སྤྲོད་རྩོམ་ཡིག་སོགས་མང་པོ་ཡོད་པར་བཤད། ད་ལྟ་སི་བོད་སློབ་གྲྭའི་ལས་འཁྱུར་ངལ་གསོ་མཛད་ཚར། སྤྱི་ལོ༢༠༠༣ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཅུས་ཀྱིས་ཁོང་གདན་འདྲེན་ཞུས་ཏེ་ལོ་ཁ་ཤས་ཀྱི་རིང་ལ་ལས་གཉེར་གྱི་འགན་གཙོ་བོ་བཞེས། དེ་རྗེས་རྫོགས་ཆེན་ཀོང་སྤྲུལ་གྱི་ཡོངས་འཛིན་ལོ་གསུམ་ལ་མཛད། ཁྱད་པར་དུ་སྤྱི་ལོ༢༠༠༣ནས༢༠༡༢བར་དུ་རྫོགས་ཆེན་པདྨ་ཐང་དང་། ཁམས་ཀྱི་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེར་ཤུལ་སོགས་དགོན་སྡེ་འགའ་ཤས་ལ་རིག་གནས་དང་། སློབ་གསོ་སོགས་ལྗགས་ཁྲིད་དང་། ཞོར་དུ་འཁོར་ལོའི་མགོན་པོ་སྐྱབས་རྗེ་རྫོགས་ཆེན་འབྲུག་པ་རིན་པོ་ཆེ་དང་། སྤྲུལ་སྐུ་སྐལ་དགའ་རིན་པོ་ཆེ་དང་། མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཚུལ་ཁྲིམས་བློ་གྲོས་བཀའ་དྲིན་ཅན་སོགས་དམ་པའི་སྐྱེས་བུ་དུ་མ་ལས་སྙིང་ཐིག་ཡ་བཞི་དང་དུམ་གཉིས་བཅས་ཀྱི་དབང་ལུང་ཁྲིད་རྒྱབ་རྟེན་དང་བཅས་པ་ལེགས་པར་ནོད། དེང་སང་མི་ཉག་གངས་རི་མ་སྡེ་པའི་གསེར་རྒྱ་སྒོའི་ནང་དུ་གྲྭ་པ་དང་ཇོ་བཙུན་ཡོངས་ལ་སྤྱོད་འཇུག་འགྲེལ་ཆེན་དང་། བརྡ་སྤྲོད་རིག་པ་སོགས་ཅུང་ཟད་རེ་སློབ་ཁྲིད་གནང་བཞིན་སྐུ་ངལ་གསོས་ཏེ་གཙོ་བོ་ཁ་ཏོན་དགེ་སྦྱོར་ལ་འབད་བཞིན་བཞུགས་ཡོད་དོ། །འདིའི་དཔྱད་གཞིའི་ཡིག་ཆའི་འབྱུང་ཁུངས་དངོས་ནི་ཁོང་གི་གསུང་རྩོམ་ཆོས་འབྱུང་འབེལ་གཏམ་གྱི་རྣམ་བཤད་ལུགས་གཉིས་སྒོ་འཕར་འབྱེད་པའི་ལེགས་བཤད་འཕྲུལ་གྱི་སྡེའུ་མིག་ལས་ཁོ་བོས་བཏུས་པ་ཡིན་ནོ།།
འཇམ་དབྱངས་གྲགས་པའི་མཛད་རྣམ།
དེ་ཡང་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་ནི་ཡབ་སྐལ་ལྡན་རྒྱ་མཚོ་དང་ཡུམ་བསོད་ནམས་དཔལ་སྒྲོན་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོ་མི་ཉག་སོག་རག་མའི་ཀོའུ་ལྷ་རྩེ་སའི་ཆར་སྤྱི་ལོ༡༩༤༢ལོར་འཁྲུངས། བུ་གཙོག་གྲིབ་ཀྱིས་ནོན་འདུག་ཅེས་རྙིང་མའི་བླ་མ་ཕན་བདེ་རྒྱ་མཚོས་རྣམ་འཇོམས་སྟོང་ཁྲུས་བྱས་ཏེ། མགོ་ལ་བུམ་པ་འཇོག་མཁན་དང་། ལྕེ་ཐོག་ལ་བདུད་རྩི་ཐོག་མར་ལྡུད་པ་པོ་བླ་མ་ཁོང་ཡིན་གསུངས། རྗེས་སུ་སྐུ་ནུབ་སྟག་སྤྲུལ་ཀུན་བཟང་རང་གྲོལ་གྱིས་ཀ་བཞི་ཆགས་ཀྱི་ད་ལྟའི་དགོན་པ་དེའི་ཕྱག་འདེབས་པ་པོ་རྩོ་ཚ་བླ་མ་རིག་འཛིན་དཔལ་བཟང་གི་ཡང་སྲིད་དུ་ངོས་འཛིན་མཛད། སྤྱི་ལོ༡༩༤༧ལོར་མི་ཉག་ཀ་བཞི་མི་ཕམ་གླིང་དུ་ཁྲི་སྟོན་གྱི་མཛད་སྒོ་ཆེན་པོ་མ་སྤེལ་བར་རྟེན་འབྲེལ་ཞུ་བྱེད་དུ་ཁོང་ལ་མཎྜལ་དང་སྐུ་གསུང་ཐུགས་རྟེན་བཅས་ཕུལ་ནས་ཚོགས་ཀྱི་གྲལ་མགོ་རུ་བཞག སྐབས་དེར་དགོན་པའི་ལས་སྣེ་དང་གྲྭ་རྒན་རྣམས་གྲོས་བྱས་ཏེ། རང་དགོན་གྱི་མཚམས་པ་བླ་མ་ཀུན་བཟང་བསྟན་འཛིན་ཞེས་པ་རྙིང་ལུགས་དང་དགེ་ལུགས་གཉིས་ལ་མཁས་པ་ཞིག་ཡོད་པ་དེ་ཁོང་གི་སློབ་དཔོན་དུ་བསྐོས། དེ་ལ་བསྟེན་ནས་སློབ་སྦྱོང་གི་མགོ་བཙུགས། སྐབས་དེར་ཁོང་གི་ཁྱིམ་གྱི་འཚོ་བ་ཅུང་ཟད་ཞན་པ་ཡིན་ནའང་། གཉེན་ཚན་སོགས་ཀྱི་རོགས་རམ་ལ་བརྟེན་ནས་དགོན་པར་ཉིན་ཐེབས་ཀྱི་གཏོང་སྒོ་སོགས་མི་དམན་པ་བྱེད་ཐུབ་ཡོད་ཅེས་གསུངས། དེ་ནས་ལོ་གསུམ་གྱི་རིང་ལ་རི་བོ་དགེ་ལྡན་པའི་ཆོས་སྤྱོད་མགོ་མཇུག་གི་རབ་གནས་དགེ་ལེགས་ཆར་འབེབས་ལ་མ་ཐུག་གི་བར་དུ་སློབ་སྦྱོང་བྱས་ཏེ། ཆད་ལུས་མེད་པར་ཚོགས་གྲལ་དུ་བློ་རྒྱུགས་སྤྲད་པས། ཀ་བཞི་ཆགས་དགོན་པ་བཏབ་ནས་ལོ་བདུན་བརྒྱ་ཙམ་གྱི་རིང་ལ། དུས་ཚོད་ཐུང་ཐུང་ནང་དུ་བློ་རྒྱུགས་སྤྲོད་མཁན་འདི་འདྲ་བྱུང་མྱོང་བ་མ་རེད་ཅེས་བཤད། དགོན་དེས་ཁོང་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་སྦྲགས། གྲྭ་ཚང་གིས་མཎྜལ་དང་། སྐུ་གསུང་ཐུགས་རྟེན། སྟོད་འགག་ཇ་ཁོར་དྲུག་གཅིག་དང་ནས་སྒྲོ་བ་དོ་བཅས་བྱ་དགའ་སྤྲད། དེ་ནས་ཁོང་དགུང་ལོ་དགུའི་སྐབས་དགོན་དེའི་དབུ་མཛད་ངག་དབང་དཔལ་ལྡན་ཞེས་མཁས་པ་ཞིག་ཡོད་པ་དེའི་མདུན་དུ། འཇིགས་བྱེད་བཅུ་གསུམ་པའི་སྒྲུབ་དཀྱིལ་དང་། མགོན་པོ། ཆོས་རྒྱལ། ལྷ་མོ་སོགས་ཀྱི་དབྱངས་རྙིང་ནག་པོ་འགྲོ་ཤེས་མཁས་པའི་ཡིད་འཕྲོག་དང་། ལས་བཞིའི་ཐབ་ཐིག གཤིན་རྗེ་དང་ཀུན་རིག་བཅས་ཀྱི་དཀྱིལ་འཁོར་ཐིག་རྩ་དང་། རོལ་མོ། ཕྱག་རྒྱ་དང་ཕྱག་ལེན། བཅའ་བཟོ་བཅས་ཆ་ཚང་བ་སྦྱངས། རབ་བྱུང་བཅུ་དྲུག་པའི་ཤིང་ལུག་སྟེ་སྤྱི་ལོ༡༩༥༥ལོར་དབུས་འགྱུར་འབྲས་སྤུངས་དགོན་པའི་ཆོས་གྲྭའི་མི་ཉག་ཁང་ཚན་དུ་ཞུགས་ཏེ། མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་ལོ་གསུམ་ཙམ་གྱི་རིང་ལ་མཛད། སྤྱི་ལོ༡༩༦༠ལོ་ནས་བཟུང་ལོ་འགའི་རིང་ལ་ཞང་པོ་མཁྱེན་འོད་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། ལྷ་ས་སྨན་རྩིས་ཁང་གི་སློབ་དཔོན་ཆེན་མོ་མཁའ་འགྲོ་དབྱངས་དགའི་མདུན་དུ་གསོ་བ་རིག་པའི་སྐོར་ལའང་སློབ་སྦྱོང་མི་དམན་པ་མཛད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཁང་དུ་སྤྱི་ལོ༡༩༦༢ལོར་ཁོང་དགུང་ལོ་ཉེར་གཅིག་གི་སྐབས་སུ་ཕ་ཡུལ་མི་ཉག་ཏུ་ཕེབས་ཏེ་ཁོང་གི་མ་རྒན་དང་ཞང་པོ་བླ་མ་རྒྱལ་ཁོ་གཉིས་ལ་ཞབས་ཞུ་གནང་སྐབས། ངོ་རྒོལ་བཞི་སོགས་ཀྱིས་མནར་བས། འཚོ་བའི་འབྱུང་ཁུངས་གང་ཡང་མེད་སྟབས་རེ་ཞིག་གྲོང་ཆོག་གི་འཚོ་བ་རོལ་ཡུལ་གཙོ་བོ་ནི་བ་སྨད་དང་། སྔོ་ཉ། གྲོང་འགོ། གོ་རོ་མ། སྐུ་ནུབ། ཚ་ཉག་བ། སོག་རག་མ་སྡེ་པ་གསུམ། ཤའུ་གཤེས། ནགས་འགྲམ་པ་རུ་ཁག་གསུམ་སོགས་ཀྱི་ནང་དུ་ལོ་མང་པོའི་རིང་ལ་གྲོང་ཆོག་སོང་བར་བཤད། སྤྱི་ལོ༡༩༦༦ལོནས་བཟུང་སྟེ་རིག་གནས་གསར་བརྗེ་ཆེན་པོས་ལས་འགུལ་སྣ་ཚོགས་སྤེལ། སྐབས་དེར་ཆོས་ལུགས་ཀྱི་ལས་འགུལ་སྤེལ་སའི་སྒོ་ཚང་མ་འགག་པར་གྱུར་པས། ཁོང་གིས་ཤའུ་གཤིས་པའི་མི་སེར་ཚོའི་གོས་ལྷམ་དང་། རས་གུར། གདན་ཆ། སློག་པ། རས་ལྭ། རས་གོས། སྒྲོ་བ། ཁུག་མ་སོགས་ཀྱི་ཚེམས་བཟོ་བྱས་ཏེ་མཉམ་ལས་ཁང་དུ་གླ་ཆ་ཕྲན་བུ་རེ་རྙེད་པ་ལ་བརྟེན་ནས་འཚོ་ཐབས་བྱས། སྤྱི་ལོ༡༩༧༦ལོ་ནས་གསེར་ཁ་ཤང་གིས་བོད་སྨན་ཁང་བཙུགས་པར་རྐང་རྗེན་སྨན་པ་བྱེད་དགོས་ཞེས་བཀའ་བབས་པ་བཞིན་དུ་སོང་ནས་ལོ་དྲུག་གི་རིང་ལ་སྨན་པ་མཛད། ཞང་པོ་བླ་མ་རྒྱལ་ཁོའི་མདུན་ནས་གསོ་རིག་དང་། ལོ་རྒྱུས། ནང་དོན་རིག་པ་སོགས་ལ་སྦྱངས་ཏེ་བཀའ་འདྲི་ཞུས་ཏེ་བློ་སྐྱེད་བཟང་པོ་ཐོན། སྤྱི་ལོ༡༩༨༡ནས༡༩༨༣བར་དུ་ཁོང་གིས་འགན་གཙོ་བོ་ནི་ཀ་བཞི་ཆགས་དགོན་པ་གསར་དུ་ཡང་རྒྱག་བྱས། ཕྱི་ནང་ཚང་མ་ཁོང་གིས་ཐུགས་འགན་གཙོ་བོ་བཞེས་ཏེ་བཞེངས་པ་ཡིན། སྤྱི་ལོ༡༩༨༢ལོར་བ་སྨད་དུ་ཁུལ་འཕྲོད་སྟེན་སློབ་གྲྭར་བོད་སྨན་སྡེ་ཁག་ཅིག་བཙུགས་སྐབས། ཁོང་དེར་དགེ་རྒན་གདན་འདྲེན་ཞུས་ནས་བོད་སྨན་འཛིན་གྲྭ་གཉིས་ལ་ལོ་གཉིས་གསུམ་ཀྱི་རིང་ལ་གསོ་བ་རིག་པ་སློབ་ཁྲིད་མཛད་ཞོར་དུ། རྟའུ་ཉ་མཚོ་དགོན་པའི་གྲྭ་པ་བདུན་ཅུ་ལྷག་ལ་སུམ་རྟགས་ཀྱི་སློབ་ཁྲིད་རྒྱས་པར་གནང་། སྤྱི་ལོ༡༩༨༦ལོར་དར་མདོ་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭའི་དངོས་ཞུགས་ཀྱི་དགེ་རྒན་བྱས་ནས། བོད་ལྗོངས་ཀྱི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་དང་། བོད་ཡིག་འཛིན་གྲྭ་མང་པོ་ལ་བོད་ཀྱི་རྩོམ་རིག་སོགས་སྣ་ཁ་མང་པོ་སློབ་ཁྲིད་དང་ཁ་ཏ་བསླབ་བྱ་དུ་མ་གནང་། རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ༢༠༠༠ལོར་དགེ་འོས་སློབ་གྲྭ་དེའི་ནང་དུ་ལས་འཁྱུར་ངལ་གསོ་བྱས་ཏེ་ད་སྐབས་མི་ཉག་བ་སྨད་དུ་དགུང་གྲངས་དོན་གཉིས་ལ་སོན་ནའང་རང་ནུས་ཅི་འཇོན་གྱིས་ངར་ཤུགས་ཕུད་ནས་འགྲོ་དོན་མཛད་ཞོར་དུ་བཞུགས་ཡོད་དོ།། ཁོང་གི་གསུང་རྩོམ་སྐོར། ཉན་ཤུལ་འཇམ་དབྱངས་གྲགས་པའི་རྩོམ་ཡིག་པོད་དང་པོ་དང་། ཉན་ཤུལ་འཇམ་དབྱངས་གྲགས་པའི་རྩོམ་ཡིག་པོད་གཉིས་པ། ཉན་ཤུལ་འཇམ་དབྱངས་གྲགས་པའི་རྩོམ་ཡིག་པོད་གསུམ་པ། མདོ་ཁམས་མི་ཉག་རབ་སྒང་གི་བྱུང་བ་རགས་བསྡུས་ལོ་རྒྱུས་ཀྱི་མྱུ་གུ་ཞེས་བྱ་བ་བཅས་པོད་ཏི་བཞི་ཙམ་བརྩམས་སོ།། ཁོང་གི་ཐོབ་དང་གོ་སའི་སྐོར། དར་མདོ་མི་རིགས་འབྲིང་རིམ་དགེ་འོས་སློབ་གྲྭའི་མཐོ་རིམ་འཆད་དཔོན་གྱི་དགེ་རྒན་དང་། ཁུལ་ཆབ་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན། རྟའུ་རྫོང་ཆབ་གྲོས་ཁང་གི་ཨུ་ཡོན། རྒྱལ་ཡོངས་ཞིང་ལྗོངས་ལྔའི་བོད་མཐོ་རིམ་སློབ་འབྲིང་གི་སློབ་གཞི་ཞིབ་གཤེར་པའི་ཨུ་ཡོན། ཀ་བཞི་དགོན་མི་ཕམ་གླིང་གི་སྤྲུལ་སྐུ་དང་དགོན་བདག་བློ་འདྲི་ས་བཅས་ཡིན། གསེར་རྒྱ་སྒོ་བཀྲ་ཤིས་ཇོ་མོ་དགོན་པའི་གསོ་བ་རིག་པའི་དགེ་རྒན་ཆེན་མོ་སོགས་ཀྱི་འགན་བཞེས་མྱོང་བ་ཡིན་ནོ། །
རིན་ཆེན་སྒྲོལ་མའི་ངོ་སྤྲོད།
སྨན་པ་རིན་ཆེན་སྒྲོལ་མ་ནི་ཕ་ཉ་སྒ་ཚེས་དགའ་དང་མ་བཟང་པོ་ས་སྒོ་མེས་གཉིས་ཀྱི་རིགས་རྒྱུད་དུ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ༡༩༥༢ལོར་སྒྲོ་ནོའམ་སྨད་གནས་རྫོང་གི་གངས་དཀར་རི་བོའི་འོག་ཉག་ཆུའི་འགྲམ་གྱི་བོད་སྨན་གྱི་རྒྱུན་འཛིན་པ་དུད་ཚང་ཞིག་ལ་སྐྱེས། མོའི་ཨ་མྱེ་དང་ཞིང་པོ། ཕ་མ་བཅས་ཚང་མ་བོད་སྨན་ལ་ཤིན་ཏུ་མཁས་པ་ཡིན།
མོས་ཆུང་དུས་ནས་ཁྱིམ་པའི་བཀའ་སློབ་དང་དུ་བླངས་ཏེ། ཁྱིམ་ཚང་གིས་ཅི་གསུང་དང་ལེན་དང་། ངག་སློབ་དཔེ་སྟོན་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པར་བརྩེ་དུང་ཟབ་མོ་དང་། ཧ་ཅིང་དགའ་པོ་བྱེད་པ་དང་ཆབ་གཅིག་བོད་སྨན་སློབ་པའི་ཆོད་སེམས་ཆེན་པོ་སྐྱེས་ཡོད། རྒྱ་ལུགས་ཀྱི་གསོ་རིག་གི་ཀྲུའུ་རེན་སྨན་པ་ཞེས་པའི་ཐོབ།
༡༩༧༥ལོར་མི་ཁྲིན་ཏུའུ་ཀྲུང་ལུགས་སྨན་པ་དང་ཀྲུང་ལུགས་སྨན་རྫས་སློབ་ཆེན་གྱི་གསོ་བ་
རིག་པའི་ཚན་ཁག་ནས་སློབ་མཐར་ཕྱིན་རྗེས་ལོ་ངོ༣༠ལྷག་ལ་སྨན་པ་བྱས་ནས་སྨད་གནས་རྫོང་གི་ལི་ཀྲང་སྨན་ཁང་གི་ཡོན་ཀྲང་གི་འགན་བཞེས་མྱོང་། ༡༩༨༤ལོ་ནས་བཟུང་ཞི་ཁྲང་གྲོང་ཁྱེར་རྒྱ་ལུགས་སྨན་ཁང་གི་བྱེད་སྒོའི་ཡོན་ཀྲང་དང་། བཟོ་ཚོགས་ཀྱི་ཀྲུའུ་ཞི།ཏང་ཀྲི་པུའུ་ཡི་ཧྲུའུ་གཞོན་པ། སི་ཁྲོན་རྒྱ་ལུགས་ན་གཞོན་སྨན་པའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། སི་ཁྲོན་རྒྱ་ལུགས་གསོ་རིག་ལོ་རྒྱུས་སློབ་ཚོགས་ཀྱི་ལས་འཛིན། སི་ཁྲོན་ལིའང་ཧྲན་ཁུལ་བོད་རིག་པའི་སློབ་ཚོགས་ཀྱི་ལས་འཛིན། ཞང་ཀའང་དུ་དཔར་སྐྲུན་བྱས་པའི་ཡ་གླིང་གསོ་བ་རིག་པ་ཞེས་པའི་དུས་དེབ་ཀྱི་སྤྱི་ལོ༡༩༩༦ལོའི་དུས་དེབ༩པ་དང༡༠པའི་རྩོམ་སྒྲིག་པའི་འགན་ཁུར་མྱོང་།
མོས་སྔོན་རྗེས་སུ་རིག་གཞུང་ཆེད་རྩོམ༤༠ལྷག་བྲིས་ཏེ་རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་ཆེན་པོའི་ཐོག་ཏུ་ཉམས་མྱོང་བརྗེ་རེས་བྱས་པ་མ་ཚད་དེའི་ནང་གི་རྩོམ་ཡིག༢༠ནི་རྒྱལ་ཡོངས་དང་། ཞིང་ཆེན། རང་སྐྱོང་ཁུལ། གྲོང་ཁྱེར་རིམ་པ་བཅས་ཀྱི་གསོ་བ་རིག་པའི་དཔེ་ཆ་དང་དུས་དེབ་ཐོག་ལ་ཕུད་ཡོད། དེའི་ནང་རྩོམ་ཡིག༨ལ་རྒྱལ་ཡོངས་དང་། ཞིང་ཆེན་རིམ་པའི་ཕུལ་བྱུང་རྩོམ་ཡིག་གི་བྱ་དགའ་ཐོབ། ༡༩༨༦ལོར་མོས་ནུས་ཤུགས་ཡོད་ཚད་བཏོན་ནས་བོད་སྨན་གྱི་གསང་བའི་སྨན་ཐོ་དང་ནུས་ཐོན་བཅོས་ཐབས་རྣམས་འཚོལ་སྡུད་དང་། ལེགས་སྒྲིག་ཞིབ་འཇུག་བྱས་ཤིང་།
དེའི་ནང་ཉག་ཆུའི་རྒྱུད་ཀྱི་བོད་རིགས་དམངས་ཁྲོད་ཀྱི་ནུས་ལྡན་སྨན་ཐོ་ཞེས་པའི་དཔེ་དེབ་ལ་སི་ཁྲོན་ཞིང་ཆེན་རྒྱ་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཚན་རྩལ་བྱ་དགའ་རིམ་པ་གསུམ་པ་དང་། ཞི་ཁྲང་གྲོང་ཁྱེར་གྱི་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ།
བོད་ཀྱི་གསོ་བ་རིག་པའི་གསང་བའི་སྨན་ཐོ་ལེགས་སྒྲིག་ཅེས་པའི་དཔེ་དེབ་དེ་༢༠༠༡ལོར་སི་ཁྲོན་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ་མ་ཚད་ནུབ་ཕྱོགས་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།མོ་རང་ལ་ཡང་ཚན་རྩལ་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ།མོ་གྲོང་ཁྱེར་གྱི་མི་དམངས་འཐུས་མི་དང་། རང་སྐྱོང་ཁུལ་དང་གྲོང་ཁྱེར་གྱི་ཏང་གི་འཐུས་མིར་ཐེངས་མང་པོར་བདམས། ༡༩༩༩ལོར་མོ་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ཚོགས་པས་དཔེ་བཟང་བུད་མེད་དང་། ཕུལ་ཏུ་བྱུང་བའི་རྒྱ་ལུགས་སྨན་པའི་མཚན་སྙན་གྱི་བྱས་རྗེས་བཞག་ཡོད་པ་ཡིན་ནོ། །
རི་སྟེང་རྗེའི་ངོ་སྤྲོད་རགས་བསྡུས།
རི་སྟེང་རྗེ་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་གླང་ལོ་སྟེ་སྤྱི་ལོ༡༩༢༥ལོར་སྲིབ་སྨད་རྫོང་གི་ས་ཆ་ཞིག་ཏུ་སྐུ་འཁྲུངས། རྒྱ་མིང་ལ་མོ་ཝུན་ཧྥུ་(穆文富)ཟེར། སྔོན་མར་ལིའང་ཧྲན་རང་སྐྱོང་ཁུལ་གྱི་ཡུལ་དཔོན་གཞོན་པ་དང་།
ཁུལ་དམངས་ཆེན་རྒྱུན་ལས་ཨུའི་ཀྲུའི་རེན་གཞོན་པའི་འགན་ཁུར་མྱོང་། སི་ཁྲོན་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན། ད་ལྟ་སི་ཁྲོན་ཞིང་ཆེན་བོད་རིག་པ་ཚོགས་པའི་རྒྱུན་ལས་ཨུ་ཡོན་དང་། ལིའང་ཧྲན་བོད་རིག་པའི་ཚོགས་གཙོ་རྒན་པ་བཅས་ཀྱི་གཙོ་འགན་བཞེས་ཡོད། ཁོང་ལིའང་ཧྲན་རང་སྐྱོང་ཁུལ་ན་ད་སྔོན་བོད་མི་རིགས་ལ་བྱས་རྗེས་ཅན་ཁོང་ལྟ་བུ་ནི་ཤིན་ཏུ་དཀོན་པོ་ཡིན། ད་ལོ་བོད་ལོ་ལྟར་ན་དགུང་ལོ་དགུ་བཅུ་ཐམ་པ་ཡིན་ནའང་ལུས་པོ་ཤིན་ཏུ་བཟང་པོ་ཡིན་ནོ།།
རིན་ཆེན་སངས་རྒྱས་ཀྱི་ངོ་སྤྲོད།
རིན་ཆེན་སངས་རྒྱས་ནི་ཕ་ཉ་སྒ་ཚེས་དགའ་དང་མ་ཡུམ་བཟང་པོ་ས་སྒོ་སྨིན་གཉིས་ཀྱི་རིགས་རྒྱུད་དུ། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༩༦༠ལོར་སྲིབ་སྨད་རྫོང་གི་བོད་ཀྱི་མངའ་སྡེ་རུ་སྐྱེས། (李平 )ལས་དོན་སྒྲུབ་ཡུལ་ནི་ཞི་ཀྲང་གྲོང་ཁྱེར་གྱི་མི་དམངས་རྒྱུ་ནོར་འགན་ལེན་ཀུང་སིའི་ཞིང་ལས་ཉེན་འགོག་པུའུ་ཡི་ཅིའུ་ལི་ཡིན། བོད་རིག་པ་གཞུང་ལས་ཁང་གི་དྲུང་ཡིག་ཡིན། ཞིང་ཆེན་བོད་རིག་པའི་ཞིབ་འཇུག་རྩོམ་ཚོགས་ཅེས་པའི་དཔེ་དེབ་ཐོག་དཔྱད་རྩོམ་གསུམ་བཀོད་མྱོང་བ་ཡིན་ནོ།།
རྟ་མགྲིན་ནོར་བུའི་ངོ་སྤྲོད།
དེ་ཡང་རྟ་མགྲིན་ནོར་བུ་ནི་ཕ་བློ་བཟང་ཚེ་བརྟན་དང་མ་བློ་གཡང་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ས་མོ་གླང་གི་ལོ་སྟེ་སྤྱི་ལོ༡༩༤༩ལོའི་ཟླ་བ༧པར་དཀར་མཛེས་ཁུལ་དར་མདོ་རྫོང་གི་འགག་པ་ཡུལ་ཤོག་ལྕགས་ཟམ་ཁ་སྡེ་པའི་ནང་དུ་སྐྱེས་པ་རེད། དཀར་མཛེས་ཁུལ་གྱི་གཞུང་ལམ་ཨར་ལས་བཟོ་སྐྲུན་སྤུས་ཚད་ཞིབ་ལྟ་དོ་དམ་ས་ཚུགས་ཀྱི་མགོ་གཙོའི་འགན་ཁུར་ཡོད། ཀྲུང་གུང་གི་ཏང་མི་ཡིན།
༡༩༧༨ལོར་ཁྲུང་ཆིན་ཨར་ལས་བཟོ་སྐྲུན་སློབ་ཆེན་གྱི་ལམ་ཟམ་ཚན་ཁག་ནས་སློབ་མཐར་ཕྱིན། ༡༩༧༨ལོའི་ཟླ་བ༨པའི་ནང་རྒྱལ་ཁབ་ཀྱི་ལས་བྱེད་པ་བྱས། ༡༩༧༨ལོའི་ཟླ་བ་༨པ་ནས༡༩༨༥ལོའི་ཟླ་བ༣པའི་བར་དུ་ཁོས་དར་མདོ་རྫོང་གི་བཟོ་ལས་འགྲིམ་འགྲུལ་ཅུས་ཀྱི་ལག་རྩལ་པ་དང་། ༡༩༨༠ལོའི་ཟླ་བ་༤པ་ནས་༡༩༨༥་ལོའི་ཟླ་བ་༣པའི་བར་དུ་ཁོས་དར་མདོ་རྫོང་གི་བཟོ་ལས་འགྲིམ་འགྲུལ་ཁང་གི་མགོ་གཙོ་གཞོན་པའི་འགན་ཁུར། ༡༩༨༥ལོའི་ཟླ་བ༤པ་ནས༡༩༩༢་ལོའི་ཟླ་བ༨པའི་བར་དུ་ཁོང་གིས་དར་མདོ་རྫོང་གི་འགྲིམ་འགྲུལ་ལས་ཁུངས་ཀྱི་མགོ་གཙོ་རྒན་པའི་འགན་བཞེས། དེའི་ནང་དུ༡༩༨༨ལོའི་ཟླ་བ༣པ་ནས་ཟླ་བ༤པའི་བར་དུ་ཞིང་ཆེན་འགྲིམ་འགྲུལ་ལས་བྱེད་སློབ་གྲྭའི་ཚན་རིག་དང་དོ་དམ་གྱི་ཆེད་ལས་འཛིན་གྲྭའི་ནང་དུ་སློབ་སྦྱོང་མཛད། ༡༩༩༢ལོའི་ཟླ་བ༩པ་ནས་༢༠༠༠་ལོའི༩པའི་ནང་བར་དུ་དཀར་མཛེས་ཁུལ་གྱི་གཞུང་ལམ་དོ་དམ་ཁང་གི་མགོ་ཁྲིད་གཞོན་པ་དང་། མཐོ་རིམ་ཨར་ལས་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་ཁུར། ༡༩༩༥ལོའི་ཟླ་བ༡༡པ་ནས༡༢པའི་བར་ལ་ཁྲང་ཧྲའི་འགྲིམ་འགྲུལ་པུའུ་ཡི་གསོ་སྦྱོང་ལྟེ་གནས་སུ་སློབ་སྦྱོང་བྱས། ༢༠༠༠ལོའི་ཟླ་བ༡༠པའི་ནང་དཀར་མཛེས་ཁུལ་གྱི་གཞུང་ལམ་ཨར་ལས་སྤུས་ཚད་ལྟ་སྐུལ་དོ་དམ་ས་ཚུགས་ཀྱི་མགོ་གཙོའི་འགན་བཞེས་ནས་འབྲས་བུ་བཟང་པོ་ཐོབ།
ཁོང་གིས་ལས་དོན་ནན་ཏན་བསྒྲུབས་པས༡༩༨༨ལོར་ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་ཁོ་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཐད་ཀྱི་སྔོན་ཐོན་ལས་སྒྲུབ་པ་དང་། འགྲིམ་འགྲུལ་ལས་ཁུངས་ཀྱི་མགོ་ཁྲིད་སྔོན་ཐོན་པ་ཞེས་པའི་མཚན་སྙན་གྱི་དཔང་ཡིག་གནང་། ༡༩༩༤ལོ་ནས༢༠༠༧བར་ཀྱི་ལོ་གཉིས་མ་གཏོགས་དེ་མིན་ཚང་མ་སྔོན་ཐོན་མི་སྣར་བདམས་ཡོད། ༢༠༠༣ལོར་སི་ཁྲོན་ཞིང་ཆེན་རང་སྐྱོང་ཁུལ་གསུམ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་མཉམ་རུབ་དམག་འཐབ་ཆེན་མོའི་སྔོན་ཐོན་མི་སྣ་དང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་། ཁུལ་འགྲིམ་འགྲུལ་ལས་ཁུངས་ཀྱི་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་པུའུ་ཡི་སྤུས་ཚད་ལྟ་སྐུལ་ཨར་ལས་དགེ་རྒན་གྱི་དཔང་ཡིག་དང་། ཆེད་ལས་དོ་དམ་ཨར་ལས་དགེ་རྒན་གྱི་དཔང་ཡིག་བཅས་གནང་སྦྱིན་ཐོབ་ཡོད། དཀར་མཛེས་ཁུལ་ལས་ཀའི་ཐོབ་མིང་མགོ་ཁྲིད་ཚོ་ཆུང་གིས་དཀར་མཛེས་ཁུལ་གྱི་སྤྱི་ལ་དབང་བ་མིན་པའི་ཁེ་ལས་ཀྱི་ཆེད་ལས་ལག་རྩལ་གོ་མིང་དམའ་རིམ་དང་འབྲིང་རིམ་ངོས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གདན་འདྲེན་ཞུས་པ་ཡིན་ནོ། །
ཁོང་གིས་གིས་བྲིས་པའི་རྩོམ་ཡིག་ལ་མཚོན་ན། ༡༩༩༦ལོར་བྲིས་པའི་མཐོ་སྒང་རི་ཁུལ་གྱི་གཞུང་ལམ་ལ་ཆུས་གནོད་པ་ཕོག་བའི་རྒྱུ་རྐྱེན་དང་འགོག་བཅོས་བྱེད་ཐབས་ཐད་ཀྱི་ཐོག་མའི་ཞིབ་དཔྱད་ཅེས་པ་དང་། ༡༩༩༨ལོར་བྲིས་པའི་གཞུང་ལམ་ལ་ཆུས་གནོད་པ་ཕོག་པའི་བསླབ་བྱ་དང་དེར་འགོག་བཅོས་བྱེད་ཐབས་ཞིབ་དཔྱད་ཅེས་པའི་དཔྱད་རྩོམ་ལ་སི་ཁྲོན་གྱི་གཞུང་ལམ་ཞེས་པའི་དུས་དེབ་༡༩༩༦ལོའི་ཟླ་བ༤པའི་དུས་དེབ་ཨང༣༨པའི་ཐོག་ཏུ་བཀོད་པ་མ་ཚད། སི་ཁྲོན་ཞིང་ཆེན་གཞུང་ལམ་སློབ་ཚོགས་ཀྱི་ཕུལ་བྱུང་རིག་གཞུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ། ༢༠༠༢ལོར་བྲིས་པའི་དཔྱད་རྩོམ་ ད་ལྟའི་གཞུང་ལམ་དོ་དམ་གནས་ཚུལ་དང་ཐབས་ཇུས་ཞེས་པར་ཁག་དབྱེ་ནས་དཀར་མཛེས་ཚན་རིག་ལག་རྩལ་སློབ་ཚོགས་ཀྱི་དཀར་མཛེས་ཁུལ་གྱི་ཚན་རྩལ་༢༠༠༣ལོའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། ཁོས་མོའི་ཙི་ཕིའུ་ནས་འབོ་ཆས་བར་གྱི་གཞུང་ལམ་ནང་གི་ཏྭ་པན་ཡན་ཟེར་བའི་ས་དེར་ས་རྡིབ་པའི་ཨར་ལས་ཀྱི་ཚན་རིག་ཞིབ་འཇུག་གི་ལས་གཞིའི་གཙོ་འགན་ཁུར་ནས་ལས་གཞི་དེ་ལ་ཞིབ་འཇུག་དང་ལག་བསྟར། སྤུས་ཚད་ལྟ་སྐུལ་བཅས་ཀྱི་གཙོ་འགན་ཁུར་ཞིང་། དུས་ཡུན་རིང་པོའི་ནང་དུ་ཞིབ་ལྟ་བྱས་པའི་ནང་ནས་ཚན་རིག་ལ་ཞིབ་འཇུག་བྱས་པར་གྲུབ་འབྲས་ཧ་ཅང་བཟང་པོ་ཐོབ་པའི་ར་སྤྲོད་བྱས་ཡོད་པ་མ་ཚད། ད་དུང་ཞིང་སྡེའི་གཞུང་ལམ་ངོས་སུ་ཁང་ནེ་ཐུའུ(康耐土)ཞེས་པ་བཏང་ལུགས་དང་། མཐོ་སྒང་གཞུང་ལམ་གྱི་རྨང་གཞི་སྙི་བ་འགོག་བཅོས་བྱེད་པའི་ལས་གཞིའི་ནང་ཨར་ལས་ཀྱི་ཚོད་ལྟ་དང་། ཞིབ་དཔྱད་ཚད་ལེན། བེད་སྤྱོད་ཞིབ་འཇུག་སོགས་ཀྱི་ལས་གཞིའི་ནང་ཞུགས་གཏོགས་བཅས་ཀྱི་བྱས་རྗེས་བཞག་ཡོད། ད་སྐབས་ཁོང་ལས་འཁྱུར་ངལ་གསོ་བྱས་ནས་དར་མདོ་ན་ལུས་ཁམས་བདེ་ཐང་དུ་བསྡད་ཡོད་དོ།།
བླ་མ་ངག་དབང་ཚུལ་ཁྲིམས་ཀྱི་མཛད་རྣམ།
དེ་ཡང་བླ་མ་ངག་དབང་ཚུལ་ཁྲིམས་ཚང་ནི་ལི་ཐང་རི་གསར་ཚང་གི་མི་རྒྱུད་ཡི་གེ་འབྲི་ཀློག་སོགས་ལ་མཁས་པ་ཕ་ཡབ་འཕྲིན་ལས་ཆོས་གྲགས་དང་མ་ཡུམ་ལྕམ་པ་སྡེ་པའི་ལུང་རྫོགས་ཚང་གི་མི་རྒྱུད། ཆུང་དུས་ནས་སྙིང་རྗེ་ལྡན་ཞིང་སྲོག་གཅོད་རྒྱུ་ལ་མི་དགའ་མཁན་བདེ་ཆེན་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ས་ཕོ་ཕག་གི་ལོ་སྟེ་སྤྱི་ལོ་༡༩༣༨ལོར་མི་ཉག་གཡུ་རྩེ་གཤིས་རོང་འགོ་ལུང་པ་ཞེས་པའི་ས་ཆ་རུ་སྐུ་འཁྲུངས། ཁོང་མིང་སྲིང་གཉིས་མཆིས་པ་ལས་ཁོང་ཆེ་བ་ཡིན། ༡༡༤༤ལོར་མི་ཉག་རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་མདུན་དུ་གཙུག་ཕུལ་ནས། ཀ་ཁ་བསླབ། སྐབས་དེར་རྗེ་ཆོས་ཀྱི་རྒྱ་མཚོའི་གཟིམ་ལམ་ནང་དུ་བྱིས་པ་ཞིག་ལ་ཚུལ་ཁྲིམས་ཀྱི་དྲི་མའི་མས་ཁྱབ་པ་ཞིག་རྨིས་པའི་ཁོང་གི་མཚན་ལ་ངག་དབང་ཚུལ་ཁྲིམས་ཞེས་མཚན་གསོལ། དེ་ནས་རིམ་བཞིན་ཞང་པོ་བླ་མ་གཉིས་དང་ཕ་ཡབ་འཕྲིན་ལས་ཆོས་གྲགས་ཀྱི་མདུན་དུ་གསར་རྙིང་གི་ཆོས་སྤྱོད་སོགས་འདོན་ཆ་རྣམས་ལ་སློབ་སྦྱངས་མཛད་ཅིང་། བཅའ་རྡུང་འབུད་གསུམ་དང་གར་ཐིག་དབྱངས་གསུམ་བཅས་ལ་སློབ་སྦྱངས་མཐར་ཕྱིན་པ་མཛད་པས་མཁས་པའི་ཡང་རྩེར་སོན། མི་ཉག་གི་རོང་འབྲོག་གཉིས་ཀྱི་ཤི་གསོན་ཚང་མ་ལ་བསྔོ་སྨོན་དང་སྐུ་རིམ་སྐྱབས་འཇུག་སོགས་མི་སེར་གྱི་འདོད་བློ་ལྟར་བསྒྲུབས། རྗེས་སུ་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་དང་། གངས་དཀར་སྤྲུལ་སྐུ་ཆོས་ཀྱི་སེང་གེ། ས་སྐྱ་གོང་མ་ངག་དབང་ཀུན་དགའ་བསོད་ནམས། སེང་གེ་དགོན་པའི་སྤྲུལ་སྐུ་ཆོས་ཀྱི ཉི་མ་སོགས་ཀྱི་མཁས་དབང་དུ་མའི་མདུན་ནས་དཔེ་ཆ་སློབ་གཉེར་མཛད་ཅིང་། བཀའ་ལུང་དབང་གསུམ་དུ་མ་ཞུས་ནས་མཁས་པར་གྱུར། ཁྱད་པར་དུ་རྗེ་བཙུན་ཆོས་ཀྱི་རྒྱ་མཚོའི་མདུན་ནས། གསར་རྙིང་རིས་མེད་ཀྱི་དབང་ལུང་ཁྲིད་མན་ངག་དང་བཅས་པ་ཐོབ་ནས་ཐུགས་རྒྱུད་ཕྱུག་པར་གྱུར། ཁོང་གི་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། དགུང་ལོ༡༨པ་ཤིང་ལུག་ལོ་སྟེ་སྤྱི་ལོ༡༩༥༥ལོར་རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་དང་སེང་གེ་དགོན་པའི་བླ་མ་གཡོན་རུ་སྤྲུལ་སྐུ་བཞད་པ་རྡོ་རྗེ་རྣམ་གཉིས་ཐུགས་གྲོས་མཛད་པས་བླ་མ་སྐྱིད་དགོན་ལ་གནང་རྒྱུ་ཐག་བཅད། ལོ་དེའི་ཟླ་བ༡༠པའི་དགའ་ལྡན་ལྔ་མཆོད་ཆེན་མོ་ཉིན་སྐྱིད་དགོན་ཆོས་ཚོགས་ཀྱི་དབུས་སུ་བླ་མ་བཞུགས། རྗེ་ཆོས་ཀྱི་རྒྱ་མཚོའི་གསུང་སྔ་ཕྱི་ཐམས་ཅད་ཕྱོགས་གཅིག་ཏུ་བཀོད་ནས་བླ་མ་འདི་ཉིད་ནི་སྔོན་གྱི་བླ་མ་རྒྱ་མཚོ་འབུམ་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མཛད། སྐྱིད་དགོན་རི་གསར་བླ་མ་ཞེས་མཚན་གསོལ། ཁོང་དགུང་ལོ༢༠ཡི་སྟེང་དུ། སྤྱི་ལོ༡༩༥༧ལོར་ཝ་ཁྲལ་ཡུལ་ཤོག་གི་མི་ཉག་མཐོང་གྲོལ་མཆོད་རྟེན་ཆེན་མོ་ཆོས་ཀྱི་རྒྱ་མཚོས་ཉམས་གསོ་མཛད་སྐབས། ཕྱིའི་ཐིག་ཚད་དང་ནང་གི་གཟུངས་ཞུགས། ལྷ་སྒོ་ནང་གི་ཟངས་གསེར་གྱི་དུས་འཁོར་ལྷ་དགུ་དང་རིགས་ལྔའི་ཕྱག་མཚན། པ་ཏྲ། ལན་སོགས་ཕྱི་ནང་བར་གསུམ་གྱི་བྱ་བ་ཐམས་ཅད་ལ་ཁོང་གིས་ཐུགས་ཁུར་གནང་ནས་ལེགས་འགྲུབ་བྱུང་། གཞན་ཡང་སྐྱིད་དགོན་དང་ཕྱག་ཕྲེང་། ཡུན་ནན་ཧོར་དགོན་བཅས་ཀྱི་ས་ཆ་མང་པོར་ཕེབས་ཏེ་རྟེན་གསུམ་མང་པོ་བཞེངས། རང་ཡུལ་སྟོད་སྨད་བར་གསུམ་དང་ཡུན་ནན་ཕྱོགས་ཀྱི་དད་ལྡན་སེར་སྐྱ་དུ་མ་ལ་དབང་ལུང་ཁྲུད་གསུམ་དང་། གཞན་ཡང་ཡོན་བདག་རྣམས་ལ་གསོན་དགེ་དང་བུམ་སྒྲུབ་གཡང་སྒྲུབ་བཅས་གང་ལ་གང་འདོད་ཀྱི་ཆོས་ཀྱི་སྦྱིན་པས་འགྲོ་དོན་མཐའ་ཡས་པ་མཛད། མདོར་ན་མི་ཉག་སྐྱིད་ལེགས་དགོན་པའི་ཕྱི་ནང་ཐམས་ཅད་ལ་ཐུགས་ཁུར་བླ་ན་མེད་པ་བཞེས་ནས་ཉམས་གསོ་མཛད་ཡོད་ཅིང་། སྐྱིད་དགོན་གྱི་འདོན་ཆའི་ཆོས་སྤྱོད་པོད་ཉི་ཤུ་ལྷག་ཙམ་འདོན་སྒྲིག་བྱས་ཏེ་དཔར་ལ་འཁོད། ཁྱད་པར་དུ་རྒྱལ་བའི་བསྟན་པ་ལ་བཤད་སྒྲུབ་ཀྱི་འཆད་ཉན་ཁོ་ན་དགོངས་ཏེ། ཁོང་གིས་ནུས་ཤུགས་ཡོད་དགུ་བཏོད་ནས༢༠༠༣ལོར་སྐྱིད་དགོན དུ་གཞུང་ཆེན་བཀའ་པོད་ལྔ་དང་བརྡ་སྤྲོད་རིག་གཞུང་སོགས་ཀྱི་སློབ་ཁྲིད་བྱེད་སའི་མཚན་ཉིད་ཀྱི་རྩོད་གྲྭ་ཞིག་གསར་དུ་བཙུགས། དེང་སང་བླ་མ་ཁོང་གི་གོ་གནས་ནི། དར་མདོ་རྫོང་གི་ཆབ་སྲིད་གྲོས་མོལ་ཁང་གི་རྒྱུན་ལས་ཨུ་ཡོན་དང་། དཀར་མཛེས་ཁུལ་ཆབ་སྲིད་གྲོས་མོལ་ཁང་གི་རྒྱུན་ལས་ཨུ་ཡོན། མི་ཉག་ལྷ་མོ་ཚོགས་པའི་སློབ་སྟོན་པ། མི་ཉག་་སྐྱིད་ལེགས་དགོན་པའི་སྤྲུལ་སྐུ། སྐྱིད་ལེགས་དགོན་པའི་དགོན་བདག རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་ཁྱད་པར་ཅན། མདོར་ན་སྐྱིད་དགོན་གྱི་སྒྲིག་ཡིག་གཉིས་བཀའ་དྲིན་སུམ་ལྡན་གྱི་རྗེ་བླ་མ་ཆོས་ཀྱི་རྒྱ་མཚོའི་བཀའ་ལྟར་རྒྱལ་གཅེས་ཁྲིམས་མཐུན་གྱི་སྒོ་ནས་བྱ་བ་རྣམས་ལེགས་འགྲུབ་བྱུང་ནས་བསྟན་པའི་ཞབས་རྗེས་བཞག་ཅིང་། ཁྱད་པར་དུ་བློ་བཟང་རྒྱལ་བའི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་བླ་ན་མེད་པ་བཞག་པས་བསྟན་པའི་མཛེས་རྒྱན་དུ་གྱུར་ཏོ་། །
མཁས་པ་དགུང་ལོ་ཆུང་གྲས་ཀྱི་ངོ་སྤྲོད།
བློ་བཟང་རྒྱ་མཚོའི་ངོ་སྤྲོད།
མི་ཉག་བློ་བཟང་རྒྱ་མཚོ་ནི་ཕ་ཆོས་སྐྱོང་དགྲ་འདུལ་དང་མ་བསོད་ནམས་ལྷ་སྐྱིད་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་གི་ལོ་སྟེ་སྤྱི་ལོ༡༩༥༩ལོར་རྟའུ་རྫོང་སྨུག་རུ་ཡུལ་ཤོག་གི་གྲོང་སྡེའི་རོང་པའི་དུད་ཁྱིམ་རི་འབྲུག་བའི་ཁྱིམ་དུ་སྐྱེས། སྐུ་ན་ཆུང་དུས་མི་ཉག་སྐུ་ནུབ་དགོན་པའི་ཁུ་བོ་སྐུ་ནུབ་སྟག་སྤྲུལ་དང་མཁན་ཆེན་འོད་ཟེར་གཉིས་ཀྱི་མདུན་ནས་བོད་ཡིག་སྦྱོར་ཀློག་འབྲི་གསུམ་ལ་སྦྱོབ་སྦྱོང་མཐར་ཕྱིན་པ་མཛད། དེ་ནས་རིམ་བཞིན་སུམ་རྟགས་དག་གསུམ་དང་། གསོ་རིག་རྒྱུད་བཞི་ལས་རྒྱུད་ཆུང་བ་གསུམ་བློར་ལེན་བཅུག་ནས་དགེ་རྒན་རྣམ་གཉིས་ཀྱིས་ལག་ལེན་མན་ངག་དང་བཅས་པ་ཁྲིད་དེ་གསོ་རིག་གི་རྨང་གཞི་བརྟན་པོ་བཙུགས། སྤྱི་ལོ༡༩༧༧ལོར་གསེར་ཁ་ཤང་མཉམ་ལས་སྨན་ཁང་དུ་སྨན་པའི་ལས་ཀར་ཞུགས་ནས། གཙོ་བོ་སྨན་རྫས་དང་རྩྭ་སྨན་བསྡུ་ལེན་བྱེད་རྒྱུ་དང་ཐང་ཕྱེ་རིལ་བུ་སོགས་བཟོ་བསྐྲུན་བྱ་རྒྱུའི་ལས་ཀའི་འགན་ཁུར་ཏེ། ནད་པ་མང་པོ་ལ་སྨན་བཅོས་བྱས་པས་ལས་རོགས་དང་སྡེ་པའི་མི་སེར་ཚོས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད། སྤྱི་ལོ༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུ་ལོ་ལྔའི་རིང་ལ། དགེ་བའི་བཤེས་གཉེན་དཔལ་སྤུངས་སི་ཏུ་པདྨ་ཐེག་མཆོག་རྡོ་རྗེའི་དྲུང་ཡིག་དུས་ཆུང་མཁན་པོ་བློ་ཆོས་དང་བྲག་འགོ་དགེ་བཤེས་བློ་བཟང་དོན་འགྲུབ། ར་སྐོར་མཁན་ཆེན་ཐུབ་ནོར། མཁན་པོ་པད་ཚེ། དེ་དང་དུས་མཚུངས་སུ་བོད་ལྗོངས་སྨན་རྩིས་ཁང་གི་མཁན་པོ་ཚེ་རྣམ་སོགས་ཀྱི་མདུན་ནས་སྨན་རྒྱུད་བཞི་ཆ་ཚང་བ་བཤད་ཁྲིད་དང་། གཡུ་ཐོག་སྙིང་ཐིག་གི་དབང་སོགས་གསོ་རིག་སྐོར་གྱི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་ཆ་ཚང་བ་ཐོབ། གཞན་ཡང་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མི་དམན་པར་མཛད། སྤྱི་ལོ༡༩༨༦ལོ་ནས་ད་ལྟའི་བར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་གྱི་བྱ་བ་གཙོ་བོ་གཉེར་ནས་སློབ་ཁྲིད་བྱེད་རྒྱུ་གཙོ་བོ་ནི། གསོ་རིག་རྒྱུད་བཞི་ཚར་མང་པོ་ཁྲིད་པ་དང་། ཞོར་དུ་སྙན་ངག་དང་རྩོམ་རིག་དང་བོད་ཀྱི་ལོ་རྒྱུས། སུམ་རྟགས་དག་གསུམ། སློབ་གྲྭའི་ཁོངས་གཏོགས་ཀྱི་སྨན་ཁང་དུ་ནད་པ་རྣམས་ལ་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བ་རྣམས་བསྒྲུབས་ཡོད། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་སྦྱོང་སློབ་གྲྭ་ཆེན་པོའི་བོད་ཀྱི་སྐད་བརྡ་རིག་པའི་ཆེད་སྦྱོང་འཛིན་གྲྭར་རྒྱུགས་སྤྲད་དེ་སྔ་ཕྱིར་ཆེད་ཚན་དང་དངོས་གཉིས་ཀྱི་སློབ་མཐར་ཕྱིན་ཏེ་ལག་ཁྱེར་བླངས། བོད་ཀྱི་སློབ་མ་སྟོང་ཁ་ཤས་གསོ་སྐྱོང་མཛད་དང་མཛད་བཞིན་ཡོད། མདོར་ན་ཁོང་ནི་བོད་སྤྱིའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ལ་ལྷག་བསམ་རྣམ་པར་དག་ཅིང་། ཁ་ཞེ་གཉིས་མེད་ཀྱིས་བྱ་བ་ཆེ་ཕྲ་ཚང་མ་སྒྲུབ་པར་མ་ཟད། རོགས་པ་རྣམས་ལ་རོགས་ལྡན་ཅི་འབྱོར་བྱེད་མཁན་ཞིག་ཡིན། ཁྱད་པར་དུ་བོད་ཀྱི་གསོ་བ་རིག་པ་ལ་བྱས་རྗེས་བླ་ལྷག་ཏུ་ཆེ་བའི་མི་བཟང་དོན་བཟང་སྒྲུབ་མཁན་ཞིག་ཡིན་པས།སློབ་གྲྭ་དེའི་དགེ་སློབ་བརྒྱ་ཆ་དགུ་བཅུ་ཡན་ཆད་ཀྱིས་སྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད། ཁོང་གི་གཤིས་རྒྱུད་ནི། རྒྱུད་དྲང་ཞིང་ཞི་དལ་ལྷོད་གསུམ་ཡོད་པ། ངང་རྒྱུད་རིང་ཞིང་ཁོག་པ་ཆེ་བ། རང་ཚུགས་ཐུབ་ཅིང་བཤད་རྒྱུ་དཀོན་པ། གལ་སྲིད་བཤད་ན་ཚིག་གནད་ཚང་བ། རོགས་དང་མཐུན་ཞིང་རྒན་པར་བྱམས་པ། དོན་གནད་ཐུག་དུས་ཁོག་པ་བཀྲ་བ་སོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པ་ཞིག་ཡིན་ནོ། །ཁོང་གི་གསུང་རྩོམ་ནི། བོད་ཀྱི་གསོ་རིག་ནད་ཐོག་ལག་ལེན་སློབ་དེབ་དང་། སྙན་ངག་སློབ་དེབ་གངས་ཅན་པའི་གསོ་བ་རིག་པ་སོགས་སློབ་དེབ་ཀྱི་རྩོམ་སྒྲིག་པའི་འགན་གཙོ་བོ་བཞེས། དེ་མིན་ཞིང་ཆེན་རིམ་པའི་མི་རིགས་དུས་དེབ་ཐོག་ཏུ་བོད་ལུགས་དང་ནུབ་ལུགས་གསོ་རིག་གིས་རུས་དུམ་བགྲང་ཚུལ་སྐོར་ལ་ཅུང་ཟད་དཔྱད་པ་བཅས་དང་། གཞན་ཡང་གངས་དཀར་རི་བོའི་དུས་དེབ་ཐོག་ཏུ་མོ་ནད་མངལ་སྐྲན་སྐོར་མདོ་ཙམ་གླེང་བ་སོགས་དུས་དེབ་མང་པོའི་ཐོག་ཏུ་རྩོམ་ཡིག་བཅུ་ལྷག་ཙམ་འགྲེམས་སྤེལ་བྱས་དང་བྱེད་མུས་སུ་མཆིས་སོ། །ཁོང་ལ་ཐོབ་ཐང་གི་གོ་ས་ནི། སི་བོད་སློབ་གྲྭའི་སློབ་སྟོན་ཁང་གི་མགོ་ཁྲིད་རྒན་པ་དང་། སློབ་གྲྭའི་སློབ་གཙོ་གཞོན་པ། རྒྱལ་ཡོངས་བོད་སྨན་མཐོ་རིམ་སློབ་དེབ་རྩོམ་སྒྲིག་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཨུ་ཡོན། དཀར་མཛེས་ཁུལ་ཨུ་ཡོན་ཚོགས་པའི་ཨུ་ཡོན་གཞོན་པ། སྨན་པའི་ལས་རིགས་ཀྱི་ཐོབ་ཐང་དཔང་ཡིག་ཐོབ་ཡོད། མཐོ་རིམ་འཆད་དཔོན་གྱི་དགེ་རྒན་རིམ་པ་སོགས་ཀྱི་ལས་འགན་བཅས་བཞེས་ཡོད་པ་ཡིན་ནོ། །
དགེ་རྒན་ཆེན་མོ་ཨ་ཚོགས་ཆེ་བའི་ངོ་སྤྲོད།
ཡེ་ཤེས་འོད་གསལ་ལམ་ཨ་ཚོགས་ལགས་ནི་ཕ་དབང་འདུས་དང་མ་ཚེ་རིང་དབང་མོ་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་སྟེ་སྤྱི་ལོ༡༩༦༩ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་གི་མེ་ལོང་ཡུལ་ཤོག་གི་ཁྲིམས་འཛམ་སྡེ་པའི་ནང་དུ་སྐྱེས། ཁོང་གི་སྔོན་གྱི་མིང་ལ་ཚེ་རིང་ཕུན་ཚོགས་ཟེར། བསྡུས་ནས་ཨ་ཚོགས་ཞེས་གཅེས་མིང་འབོད། རྒྱ་ནག་གི་ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པ་སློབ་མའི་འཛུབ་སྟོན་དགེ་རྒན་ཡིན། ༡༩༦༩ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནུབ་ཁམས་པ་ཞིང་ཆེན་དུ་སློབ་སྦྱངས་མཛད། ༡༩༨༦ལོ་ནས་བཟུང་བོད་ཁུལ་གྱི་གཞི་རིམ་ས་ཆ་རུ་སློབ་ཆུང་གི་དགེ་རྒན་ལོ་ངོ༨ལ་མཛད། ཞོར་དུ་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་འཇིམ་བརྐོས་བཟོ་རྩལ་སོགས་ཀྱི་ཕྱག་ལས་གནང་ཡོད། དགུང་ལོ༡༩ཐོག༡༩༨༨ལོར་ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་བསྡུས། དགོངས་ལོ༢༢ཐོག་ཏུ་སྔར་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་གཡང་དྲུང་གིས་ནང་བསྟན་འཇིམ་བརྐོས་བཟོ་རྩལ་གྱི་མིང་དུ་ཡེ་ཤེས་འོད་གསལ་ཞེས་མཚན་གསར་པ་ཞིག་གནང་། དུས་མཚུངས་སུ་གཞི་རིམ་ས་ཆ་རུ་རྒྱ་ཡིག་སློབ་ཚན་རང་སྦྱོང་བྱས་པ་མ་ཚད་རང་སྦྱོང་རྒྱུགས་ལེན་ནང་དུ་ཞུགས། གཞི་རིམ་ས་ཆ་རུ་གཞུང་ལམ་དང་གློག་མེད་པས། རྒྱུགས་སྤྲོད་འགྲོ་ཐེངས་རེ་ལ་རྐང་ཐང་དུ་ཉིན༦ནས༧ཙམ་ལ་འགྲོ་དགོས། ༡༩༩༥ལོར་རྒྱུགས་སྤྲོད་སར་རྐང་ཐང་འགྲོ་བའི་ལམ་ཐག་སྤྱི་ལེ༥༠༠༠ལ་ཉེ་བའི་དཀའ་སྤྱོད་འབད་བརྩོན་མཛད། སྔ་རྗེས་སུ་རྒྱའི་སྐད་ཡིག་ཆེད་ལས་རང་སྦྱོང་ཆེད་སྦྱོང་དང་དངོས་གཞིའི་ཡོན་ཚད་ཀྱི་ལག་ཁྱེར་ལོན་ཡོད། དེའི་རྗེས་སུ་མུ་མཐུད་དེ་ཕྱི་རྒྱལ་སྐད་ཡིག་དང་མཚན་ཉིད་རིག་པའི་སློབ་ཚན་རྣམས་རང་སྦྱོང་བྱས་ཏེ་སྦྱངས་འབྲས་མི་དམན་པ་ཐོབ་ཡོད། མ་ཚད་རྒྱལ་ཡོངས་གཅིག་གྱུར་གྱི་རབ་འབྱམས་པའི་རྒྱུགས་སྤྲོད་ནང་དུ་ཞུགས། ༡༩༩༨ལོར་ཕྱི་རྒྱལ་གྱི་སྐད་ཡིག་གི་སྐར་མ་སྡོམ་སྐར༤༠༣ཡིན་ཡང་ཁོང་གིས་ཐོབ་སྐར༦༣ལོན་ནས་ཆེད་སྦྱོང་འདྲ་བ་ནང་ སྦྱོང་འབྲས་ཨང་དང་པོ་ཐོབ་སྟེ། ལྷོ་ནུབ་དགེ་ཐོན་སློབ་གྲྭ་ཆེན་མོའི་མཚན་ཉིད་ཆེད་སྦྱོང་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད། དེ་ནས་བཟུང་བོད་ཁུལ་ནས་རྒྱ་ཡུལ་དུ་སློབ་སྦྱོང་སོང་ནས། གློག་འོད་འོག་ཏུ་སློབ་སྦྱོང་གི་འཚོ་བའི་མགོ་བཙུགས།
༢༠༠༠ལོར་ལྷོ་ནུབ་དགེ་ཐོན་སློབ་གྲྭ་ཆེན་མོའི་མཚན་ཉིད་ཆེད་སྦྱོང་གི་རབ་འབྱམས་པའི་ཡོན་ཚད་གོ་གནས་ཀྱི་ཐོབ་ཐང་ལོན། སྐབས་དེར་དགེ་རྒན་ཆེན་མོ་ཉན་ཙིའུ་ཨ་སོགས་བསྟེན་པ་ཡིན། ༢༠༠༣ལོར་ནན་ཁའེ་སློབ་གྲྭ་ཆེན་མོའི་ནང་སྐད་ཡིག་གི་འབུམ་རམས་པའི་རྒྱུགས་འཕྲོད་ནས་དགེ་རྒན་ཆེན་མོ་ཙེ་ཞའོ་སོགས་ལ་བསྟེན་ཏེ། འབུམ་རམས་པའི་ཡོན་ཚད་ལོན་ཡོད་པ་ཡིན། ༢༠༠༤ལོར་རྒྱལ་སྤྱིའི་ཀྲུང་གོ་སྐད་ཡིག་རིག་གཞུང་ལྷན་ཚོགས(IACL"ཆོ་པའེ་འ་ཐའེ་ལང་རྒྱ་སྐད་ལོ་རྒྱུས་སྒྲ་གདངས་རིག་པ་"དང་"གཞོན་ནུ་ཡོན་ཏན་ཅན་གྱི"བྱ་དགའ་ཐོབ། ༢༠༠༠ལོར་"རྒྱལ་ཡོངས་ཀྱི་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ་བརྒྱའི་བྱ་དགའ་"ཐོབ། ༢༠༠༦ལོ་དང༢༠༠༩ལོ་གཉིས་ལ་བསྟུན་མར་སྐབས་བཞི་པ་དང་སྐབས་ལྔ་པའི་"ཀྲུང་གོ་སློབ་གྲྭ་ཆེན་མོ་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་"ཨང་གཉིས་པ་དང་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༠༦ལོ་ནས་བཟུང་ནའེ་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོའི་འགན་བཞེས། ༢༠༠༨ལོ་ནས་བཟུང་རྒྱ་ཡིག་སློབ་གླིང་གི་སྒྲ་རིག་པ་ཆེད་སྦྱོང་འབུམ་རམས་པའི་སློབ་མའི་སློབ་དཔོན་ཆེན་མོའི་འགན་བཞེས།
ཀྲུང་གོའི་མི་རིགས་རྩོམ་པ་པོ་ལྷན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་མི་རིགས་སྒྲ་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོའི་སྤྱི་ཚོགས་སྒྲ་རིག་པའི་ལྷན་ཚོགས་ཀྱི་ཁུངས་མི། བོད་བརྒྱུད་ནང་བསྟན་དམངས་ཁྲོད་འཇིམ་བརྐོས་སྒྱུ་རྩལ་མི་སྣ་བཅས་ཡིན། སྔར་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་གཡང་དྲུང་ངམ་སྤྲུལ་སྐུ་ཨ་གཡང་གིས་ནང་བསྟན་འཇིམ་བརྐོས་བཟོ་རྩལ་མཁས་པས་མིང་ལ་ཡེ་ཤེས་འོད་ཞེས་མཚན་གསོལ།
འཇར་པན་ཏོང་ཅིའུ་སློབ་གྲྭ་ཆེན་མོའི་འཚམས་འདྲི་ཡོན་ཏན་ཅན་དང་ཀྲུང་གོ་སྲིད་གཞུང་གིས་མངགས་གཏོང་བྱས་པའི་ཞིབ་འཇུག་སློབ་མར་སྤྱི་ལོ ༢༠༠༦ནས༢༠༠༧བཅས་དང་། ཧོང་ཀང་རྒྱ་ཡིག་སློབ་གྲྭ་ཆེན་མོ་དུས་ཐུང་མཉམ་ལས་ཞིབ་འཇུག(༢༠༠༥)ལོར་དབྱིན་ཇི་ལའེ་ཏན་སློབ་གྲྭ་ཆེན་མོ(ELDP)འཇིག་ཉེན་ཆེན་བའི་སྒྲ་རིག་པ་འབུམ་རམས་པ་ཐོབ་རྗེས་ཀྱི་ལས་ཚན་གྱི་(IPF)ཞིབ་འཇུག་པའི་གོ་ས་ཐོབ།
༢༠༠༤ལོར་སི་ཁྲོན་མི་རིགས་སློབ་གླིང་གི་མཚན་འཛིན་དགེ་རྒན་ཆེན་མོ། ༢༠༠༨ལོར་ལྷོ་ནུབ་སློབ་གྲྭ་ཆེན་མོའི་མཚན་འཛིན་དགེ་རྒན་ཆེན་མོ།
༢༠༠༩ལོར་མིག་སྔར་རྒྱ་སྐད་དང་བོད་སྐད་གཤིབ་བསྡུར་དང་སྒྲ་རིག་པ་འཕྲོད་སྦྱོར་ལ་ཞིབ་འཇུག་མཛད་ཅིང་། ཞོར་དུ་སྒྲ་རིག་པའི་ཚན་ཉིད་རིག་པ་དང་མཚན་ཉིད་ངོས་འཛིན་རིག་པ་ལ་ཞིབ་འཇུག་བྱས་པ་དང་། སྒྲ་རིག་འགྲན་བསྡུར་རིག་པ་དང་གྲངས་ཉུང་མི་རིགས་སྒྲ་རིག་པའི་ཕྱོགས་ཀྱི་རབ་འབྱམས་པ་དང་འབུམ་རམས་པ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས།
ཁོང་རང་ཉིད་ཀྱི་ཆེད་རྩོམ་དང་མཉམ་རྩོམ་སྐོར།
ལྡོག་སྐད་ཞིབ་འཇུག རྒྱ་བོད་བརྡ་སྤྲོད་ལྡོག་སྐད་ནང་དུ་མཉམ་བསྲེས་དང་བརྡ་སྤྲོད་གཏིང་ཟབ་འཕྲད་སྦྱོར་ཞིབ་འཇུག མར་ཁེ་སི་ལག་ལེན་མཚན་ཉིད་རིག་པ་ཞིབ་འཇུག དེང་རབས་དཔལ་འབྱོར་ཚན་ཉིད་རིག་པ་ཞིབ་འཇུག
རིག་གཞུང་དཔྱད་རྩོམ། མཐུན་འདྲིས་གནོན་ཤུགས་ཚད(DCP)དང་མཉམ་བསྲེས་སྐད་གྲུབ་ཚུལ། ཞིབ་འཇུག་གི་དགའ་ཚལ་སྐུ་ཞབས་ཝང་སའི་ཡའོ་འཁྲུངས་ནས་དགུང་ལོ་དོན་ལྔ་འཁོར་པའི་རིག་གཞུང་དཔྱད་རྩོམ་དེབ། རྒྱ་བོད་བརྡ་སྤྲོད་རིག་པ་ཞིབ་འཇུག-སྐབས་སོ་བཞི་པ་རྒྱལ་སྤྱི་རྒྱ་བོད་བརྡ་སྤྲོད་དང་བརྡ་སྤྲོད་ལྷན་ཚོགས་གྲོས་གཞི་དཔྱད་རྩོམ་འདུས་དེབ། རྒྱ་བོད་བརྡ་སྤྲོད་ལྡོག་སྐད་ནང་དུ་མཉམ་བསྲེས་དང་བརྡ་སྤྲོད་གཏིང་ཟབ་འཕྲད་སྦྱོར་ཞིབ་འཇུག བརྡ་སྤྲོད་ཡིག་འབྲུ་རིག་གཞུང་། བོད་སྐད་དང་ཨའུ་ཐའེ་སྐད་གཉིས་བརྡ་སྤྲོད་མ་ལག་ཐོག་གི་འདྲ་མཚུངས་རང་བཞིན། འཇིག་ཉེན་ཆེ་བའི་བརྡ་སྤྲོད་ལ་ང་ཚོས་ཅི་བསྒྲུབ་དགོས། བརྡ་སྤྲོད་འཕྲད་སྦྱོར་གཏིང་ཟབ་སྒྲིག་གཞི་དང་བོད་རྒྱ་བརྡ་སྤྲོད་རིགས་ཀྱི་ཁྱད་པར་སྐོར་གྱི་གནད་དོན། བོད་རྒྱ་བརྡ་སྤྲོད་དེ་ལྡོག་སྐད་ནང་དུ་མཉམ་བསྲེས་ཀྱི་གོ་རིམ་དང་འབྲེལ་ཡོད་གནད་དོན་གནད་བསྡུས། ཉག་ཆུ་ཁའི་ལྡོག་སྐད་ནང་གི་མཉམ་བསྲེས་ཀྱི་ཁྱད་ཆོས། བརྡ་སྤྲོད་ཡིག་འབྲུ་རིག་གཞུང་། ལྡོག་སྐད་ཀྱི་བརྡར་གཅོད་བྱ་ཚིག་གནས་ཡོད་བྱ་ཚིག་དང་བྱ་ཚིག་གི་རྣམ་འགྱུར་ཁྱབ་ཁོངས་ནང་གི་འབྲེལ་བ། ལྡོག་སྐད་མདོ་བཤད། ཉག་ཆུ་རྫོང་གི་ལོ་རྒྱུས་དཔྱད་ཡིག བོད་རྒྱ་མཉམ་བསྲེས་སྐད་"ལྡོག་སྐད"རྣམ་བཤད་མདོ་བསྡུས། ཤེས་རྟོགས་བྱ་འགུལ་གྱི་རང་ཉིད་འགུལ་སྐྱོད་ནང་གི་གཏན་ཚིགས་མགོ་འཛུགས་ས་ཤེས་རྟོགས་ཀྱི་ཁ་ཕྱོགས། ཤེས་རྟོགས་བྱ་འགུལ་གྱི་རང་ཉིད་འགུལ་སྐྱོད་ཀྱི་ནང་ནས་གཏན་ཚིགས་ཤེས་རྟོགས་ཀྱི་ཁ་ཕྱོགས་ཐོན་པའི་ཤེས་རྟོགས་རྣམ་བཤད་ཆེད་བརྗོད། མང་ཚོགས་ཁས་ལེན་རྩ་དོན་གྱི་ནང་དུ་གནས་པའི་འགལ་ཟླ་རང་བཞིན་སྐོར་ལ་ཚོད་བརྗོད། ཚིག་གྲུབ་བསྟན་དོན་གྱི་བརྟན་བརླིང་རང་བཞིན་གྱི་ཁ་ཕྱོགས་དང་བསམ་བློ་ཁྱབ་སྤེལ་ནང་གི་ལུང་འཛིན་རིང་ལུགས་ཀྱི་གནད་དོན།
ཚོགས་འདུའི་དཔྱད་རྩོམ་ཤིན་ཏུ་མང་པོ་ཡོད་ཀྱང་འདིར་ཡི་གེ་མང་བར་དོགས་ནས་བྲིས་མེད་ལགས།
རྩོམ་རིག་སྐོར། བརྩམས་སྒྲུང་སྐོར་ལ། བཟའ་ཟླ་ཞེས་པ་དང་། ཕ་ཡུལ་ལ་ཉག་ལ་ལུ་གཤིས། དབྱར་ཤར་བའི་དུས་ཚོད་སྒུག་ཡོད། འཇམ་ཐིང་ཐིང་གི་མ་ཡུམ་ཆུ་བོ། ལྷུག་རྩོམ། བོད་ཀྱི་རིག་གནས། དངོས་པོ་ལས་བརྒལ་པའི་བསམ་པའི་སྤྲོ་འཁྱམས། ཞིང་ཁུལ་གྱི་ལས་གྲལ་ཨང་དང་པོ། གྲོང་ལྷའི་ཞིང་ཁམས་དང་ཆེས་ཉེ་བའི་མི་རྣམས། ཟུར་བརྒྱད་ཐོག་ཁང་ཆུང་ཆུང་གི་སྨན་བཅོས་ཁང་། གཅེས་སུ་འོས་པའི་སྲོག་ཆགས། བཅད་རྩོམ། ལྷོད་གཡེང་མེད་པའི་སེམས། རྨི་ལམ་ནས་ཕ་ཡུལ་ལ་ལོག་པ། རྨི་ལམ་ནས་ཕ་ཡུལ་ལ་ལོག་པ། ལྷ་བྱ་ཁྲུང་ཁྲུང་རླུང་དང་མཉམ་དུ་འཕུར་སོང་མཛེས་རྩལ་འདམ་སྐུ་འམ་འཇིམ་སྐུ། བོན་གྱི་འཇིམ་སྐུ་མཉམ་མེད་ཤེས་རབ་ཡབ་སྲས་གསུམ། ཉམ་མེད་སྟོན་པ་གཤེན་རབ། བོན་སྟོན་པ་མཉམ་མེད་ཤེས་རབ་རྒྱ་མཚོའི་སྐུ། སྤྱན་རས་གཟིགས་ཕྱག་བཞི་པ།། འཇམ་དཔལ་དབྱངས། བོན་ནང་པ་ཇ་བོ བརྙན་འཕྲིན་རྩོམ་རིག་དཀར་ཆག རང་སྟོབས་རང་སྤེལ་གྱི་ཉག་ཆུ་ཁ་པ། ཉག་ཆུ་ཁ་པའི་དབུལ་པོའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག སྦྲང་ཆར་བསིལ་མའི་བདུད་རྩི་འབྱུང་ཁུངས་སོགས་ནི་ཁོང་གིས་ཚན་རིག་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་མངོན་སུམ་ཐོབ་པ་རྣམས་ཡིན་ནོ། །
ཨ་ཚོགས་ཆུང་བའི་ངོ་སྤྲོད།
དེ་ཡང་རྒྱལ་རོང་ཨ་ཚོགས་མཆོག་ནི་ཕ་གཡུང་དྲུང་བཀྲ་ཤིས་དང་མ་རྡོ་རྗེ་སྒྲོན་མ་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ༡༩༧༢ལོར་རོང་བྲག་རྫོང་ཁ་མདའ་ཡུལ་ཤོག་གི་ཁྲོམ་ར་གྲོང་སྡེའི་དགེ་འདུན་ཚང་གི་ཁྱིམ་དུ་སྐྱེས། ཕ་ཡུལ་ནས་སློབ་ཆུང་ལོ་དྲུག་ལ་བཏོན། རྫོང་ཐོག་ནས་ལོ་གསུམ་ལ་དམའ་རིམ་སློབ་འབྲིང་བཏོན། སྤྱི་ལོ༡༩༩༢ལོར་དར་མདོ་མི་རིགས་དགེ་འོས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་མུ་མཐུད་ནས་མཚོ་སྔོན་སློབ་གསོ་སློབ་གླིང་དུ་རྫས་འགྱུར་རིག་པར་སློབ་གཉེར་བྱས། སྤྱི་ལོ༡༩༩༥ལོར་དར་མདོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་གྱི་བྱ་བ་བསྒྲུབས། ༢༠༠༩ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། ད་སྐབས་ཁོང་ཡུན་ནན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་གནས་སློབ་གླིང་གི་བོད་ཡིག་དགེ་རྒན་གྱི་ལས་དོན་སྒྲུབ་བཞིན་མཆིས་སོ། །
ཁོང་གི་གསུང་རྩོམ་ནི། གངས་ཅན་པའི་སྒྲ་རིག་པ་དང་རྫས་འགྱུར་རིག་པ་བཅས་ཆེད་དེབ་གཉིས་དང་། གཞན་ཡང་དཀར་མཛེས་གསར་འགྱུར་དང་གངས་དཀར་རི་བོ། སི་ཁྲོན་མི་རིགས་དུས་དེབ་སོགས་ཀྱི་སྟེང་དུ་དཔྱད་རྩོམ་དུ་མ་ཞིག་སྤེལ་དང་སྤེལ་མུས་སུ་མཆིས་སོ། །མི་འགའ་རེའི་སེམས་ལ་ཁོང་ནི་མི་ཉག་བ་མ་རེད་རྒྱལ་རོང་བ་ཞིག་རེད་སྙམ་ཡང་སྲིད་མོད། དེ་ཅི་རེད་ཅེ་ན་རྒྱལ་རོང་ནི་གནའི་མི་ཉག་གི་ལོ་རྒྱུས་ཐོག་ཏུ་མི་ཉག་དང་འབྲལ་ཐབས་མེད་པའི་སའི་ཆ་ཤིག་ཏུ་གྱུར་ཡོད་པས་འདིར་མཚོན་བྱེད་ཙམ་བཞག་པ་ལ་འགལ་བ་མེད་ལ། ཁོང་ནི་མི་ཉག་གི་མག་པ་ཡིན་པས་ཀྱང་ཆོག་པ་ཡིན་ནོ། །
མི་ཉག་གི་རྒྱས་མ་སྦོས་ཟོའི་ངོ་སྤྲོད།
དེ་ཡང་མི་ཉག་རྒྱས་མ་བྷོས་ཟི་ཚང་ནི་ཕ་ཨ་འགོས་ཡས་རྐན་དང་མ་རྒྱས་མ་ལྷ་བཟོ་གཉིས་ལ་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ༡༩༥༦ལོར་སྐར་ལེགས་རྫོང་དུ་སྐྱེས། ཞིའི་ཁྲང་སློབ་གླིང་གི་ཞིབ་འཇུག་པ་གཞོན་པ། རྒྱ་མིང་ལ་ཝང་ཏེ་ཧོའི(王德和)ཟེར། ཀུང་ཁྲན་ཏང་ཡོན་ཡིན། ཞིའི་ཁྲང་སློབ་གླིང་དཔེ་མཛོད་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ལིའང་ཧྲན་རང་སྐྱོང་ཁུལ་གྱི་བོད་རིག་པའི་ཚོགས་གཙོ་གཞོན་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་ནི་བོ་ས་ཆ་དེའི་མི་ཉག་གི་བོད་རིགས་ཀྱི་རིག་གནས་རེད། ཉེ་བའི་ལོ་ཤས་རིང་ལ། དཔྱད་རྩོམ་བཅུ་ཕྲག་ལྷག་འགྲེམ་སྤེལ་བྱས་ཡོད། དེ་དག་ནི་རྒྱལ་ཁབ་རིམ་པའི་སྲོག་ཤིང་ལྟ་བུའི་དུས་དེབ་དྲུག་གི་ཐོག་ཏུ་བཀོད་ཡོད། མི་ཉག་བོད་རིགས་རིག་གནས་ལ་ཞིབ་འཇུག་གི་དེབ་ཞིག་སྤྱི་ལོ༢༠༡༠ལོའི་ཟླ༧པའི་ཚེས༢༠ལ་སི་ཁྲོན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས། སི་ཁྲོན་ཞིང་ཆེན་གྱི་གནད་ཆེའི་སྤྱི་ཚོགས་ཚན་རིག་ཁང་གི་གནས་གཞི་ཞིའི་ཁྲང་སློབ་གླིང་དབྱིས་རིགས་རིག་གནས་ལྟེ་གནས་ཀྱི་སྤྱིར་བཏང་ཞིབ་འཇུག་བྱ་གཞིའི་ལས་འགན་བཞེས་ཡོད། བོད་ཀྱི་མི་ཉག་དང་ལིའང་ཧྲན་དབྱིས་རིགས་ཀྱི་སྲོལ་རྒྱུན་རིག་གནས་བསྡུར་བའི་ཞིབ་འཇུག་ཅེས་པའི་དཔེ་ཆ་ཞིག་བརྩམས། ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩ་སྤྱིར་བཏང་གི་ལེ་ཚན། བོད་དང་དབྱིས་རིགས་བཅས་འདིར་ཐོན་ནས་མི་རིགས་མང་པོ་འཆམ་མཐུན་སྤྱི་སྡོད་ཀྱི་གནད་དོན་ལ་ཞིབ་འཇུག་སྐོར་ལ་ཞིབ་བལྟས་བྱས། ལིའང་ཧྲན་བོད་རིགས་པའི་ཞིབ་འཇུག་རྩོམ་ཡིག་བསྡུས་པ་རྣམས་ལ་སྟོད་ཆ་དང་སྨད་ཆ་བཅས་ཕྱོགས་བསྒྲིགས་མཛད་ཡོད། ཁོང་ལ༢༠༡༠ལའང་ཧྲན་ཁུལ་ཐེངས་བཅུ་གཉིས་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་བྱ་དགའ་ཨང་གཉིས་པ་ཐོབ། མིག་སྔར། བློ་གཅིག་སེམས་གཅིག་གིས་མི་ཉག་གི་སའི་དཔལ་ཁ་རི་མོ་དང་ཡི་གེ་ལ་ཞིབ་འཇུག་གནང་བ་དང་། ཐེངས་མང་པོར་རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་ཚོགས་འདུ་མང་པོའི་ནང་དུ་ཞུགས་ཡོད། འདིར་ཨུར་སུའོ་བོད་རིགས་ཞེས་པའི་དོན་ནི་བོད་སྐད་ལ་མི་ཉག་ཅེས་པའི་དོན་ཡིན་ནོ། ། ད་སྐབས་ཁོང་ཞིའི་ཁྲང་སློབ་གླིང་ནང་དུ་སློབ་ཁྲིད་དང་ཞིབ་འཇུག་གནང་བཞིན་བཞུགས་མུས་སུ་མཆིས་སོ།།
ཚོགས་གཉིས་རབ་རྒྱས་ཀྱི་ངོ་སྤྲོད།
མི་ཉག་ཚོགས་གཉིས་རབ་རྒྱས་ནི་ཕ་ལྡོང་ཨ་མེས་ཅེ་དོས་དང་མ་ཉག་བཟའ་ལྷ་མོ་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ༡༩༦༥ལྷ་སྒང་ཡུལ་ཤོག་གི་ནགས་ལུང་རྡོ་ར་དཀར་མོའི་སྡེ་པ་རུ་སྐྱེས། སྐུ་ན་གཞོན་དུས་ནས་སློབ་གྲྭ་ཆུང་འབྲིང་ཁག་ལ་ཞུགས་ནས་སློབ་སྦྱོང་མི་དམན་པ་བྱས། སྤྱི་ལོ༡༩༨༢ནས༡༩༨༦བར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས། སྒྲ་དང་ཚད་མ་སོགས་རིག་གནས་ཚང་མ་སློབ་སྦྱོང་མི་དམན་པ་ཙམ་མཛད། སྤྱི་ལོ་གྱ་དྲུག་ལོའི་ཟླ་བ༩པ་ནས་བཟུང་དར་མདོ་མཐོ་རིམ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་རུ་དགེ་རྒན་གྱི་ལས་འགན་བཞེས་ཏེ། ད་ལྟའི་བར་དུ་སུམ་རྟགས་དག་གསུམ་དང་། རྩོམ་ཡིག་ལོ་རྒྱུས། སྒྲ་རིག་པ་སོགས་སློབ་ཁྲིད་མཛད་ནས་སློབ་མ་སྟོང་ཕྲག་འགའ་ཞིག་གསོ་སྐྱོང་བྱས་ཡོད། དེ་དང་དུས་མཚུངས་སུ་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཟབ་སྦྱོང་ལོ་གསུམ་མཛད། ཁམས་པའི་སློབ་ཆེན་འདིའི་ནང་དུ་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བྱེད་མཁན་ཁོང་ལྟ་བུ་མཁས་པ་ཞིག་ད་སྔོན་བྱོན་མེད་དོ། །ཁོང་གི་གསུང་རྩོམ་ནི་སྒྲ་རིག་བློ་གསར་དགའ་བསྐྱེད་དང་། བོད་ཀྱི་ལོ་རྒྱུས་བློ་གསར་འཇུག་པའི་འབབ་སྟེགས། གངས་ཅན་བོད་ཀྱི་ཉེ་རབས་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་སོགས་དེབ་དྲུག་དང་། ཞིང་ཆེན་དང་ས་ཁུལ་རིམ་པའི་དུས་དེབ་དང་གསར་ཤོག་བཅས་ཀྱི་ཐོག་ཏུ་དཔྱད་རྩོམ་དང་ངོ་སྤྲོད་རྩོམ་ཡིག་བཞི་བཅུ་ལྷག་སྤེལ་དང་སྤེལ་མུས་སུ་མཆིས་སོ། །ཁོང་གི་ཐོབ་ཐང་སྐོར་ནི། སློབ་གྲྭའི་རིག་ཚན་སྣེ་འཛིན་པ་དང་། བོད་སྐད་ཡིག་ཞིབ་དཔྱོད་ཁང་གི་གཙོ་འཛིན་པ། བོད་ཡིག་ཚན་ཁག་གི་སློབ་གསོ་ཞིབ་གཤེར་པ། སི་ཁྲིན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས། ཏང་ཡོན་སྔོན་ཐོན་ཅན་སོགས་ཀྱི་ལས་འགན་བཞེས་ཡོད། ད་སྐབས་ཁོང་གིས་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་དགེ་རྒན་ཆེན་མོའི་མཚན་སྙན་ཁུར་ནས་ཚན་རིག་ལ་ཞིབ་འཇུག་དང་སློབ་ཁྲིད་མཛད་བཞིན་པ་ཡིན་ནོ། །
སྙན་ལམ་དགོན་པའི་མཁན་པོ་གུ་རུའི་ངོ་སྤྲོད།
དེ་ཡང་མཁས་བཙུན་གྲུབ་པའི་དབང་ཕྱུག་མི་ཉག་མཁན་པོ་གུ་རུ་མཆོག་ནི་ཕ་ཡབ་བཅིང་ལོ་དང་མ་ཡུམ་སྒྲོན་ཚེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་འབྲུག་ལོ་སྟེ་སྤྱི་ལོ༡༩༦༤ལོར་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གི་རུ་གསར་མ་སྡེ་པའི་ནང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཐུགས་རིག་ཤིན་ཏུ་རྣོ་བའི་ཚད་དུ་གྲགས། ༡༩༨༠ལོར་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོར་ཕེབས་ཏེ། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཞབས་ལ་གཏུགས་ཏེ། དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་ཆོས་རྗེ་བླ་མ་དམ་པ་མཉེས་པ་གསུམ་གྱིས་བསྟེན་ཏེ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་ལས་མ་གཡོས་པར་དེར་བཞུགས་ཤིང་། མདོ་སྔགས་རིག་གཞུང་རྒྱ་མཚོའི་གནས་ལ་སྦྱང་བ་མཐར་སོན་ནས། ༡༩༩༠ལོར་ཆོས་རྗེ་བླ་མ་མཆོག་གིས་སྡོམ་གསུམ་སྡེ་སྣོད་འཛིན་པ་མཁན་པོའི་མཚན་གསོལ་ཞིང་ཐུགས་སྲས་ཀྱི་བུ་ཆེན་གཅིག་པུར་གྱུར། སློབ་ཚོགས་རྒྱུ་སྐར་ལྟ་བུ་བསྒྲངས་ཀྱི་མི་ལང་བའི་དབུས་སུ། ནང་ཉམས་དང་རྟོགས་པའི་ཡོན་ཏན་ལ་འགྲན་ཟླ་མེད་པའི་ཚུལ་ནི་རྗེ་ཉིད་ཀྱིས་ཁྲོམ་ཆེན་པོའི་དབུས་སུ་ཡང་ཡང་གསུངས་ཤིང་བསྔགས་པའི་མེ་ཏོག་ལན་བརྒྱར་གཏོར། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་རིས་སུ་མ་ཆད་པ་ཡོངས་དང་ལྷག་པར་གསང་སྔགས་སྔ་འགྱུར་བའི་ལྟ་གྲུབ་ལ་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པ་ཞིག་ཡིན། ཁོང་གི་ལྗགས་རྩོམ་གལ་ཆེན་གྱི་སྐོར། བཀའ་པོད་ལྔའི་དཀའ་གནད་ལས་འཕྲོས་ཏེ་སྔ་འགྱུར་བའི་བཞེད་ཕྱོགས་ཐུན་མིན་དགག་སྒྲུབ་རིགས་པས་ལམ་ནས་གསལ་བར་བཤད་པ། གཞུང་སྤྱིའི་དཀའ་གནས་ལ་དཔྱད་པ་བཞེད་སྒྲོས་མི་འདྲ་བ་འཛིན་འཚམས་ཞེས་པའི་པོད་གཅིག་དཔེ་སྐྲུན་བྱས་པ་ད་ལྟ་ལེགས་འགྲུབ་བྱུང་སྟེ་ཕྱོགས་ཀུན་ཏུ་བཀྲམ་ཟིན་ཅིང་། ཕྱོགས་སོ་སོས་མཁས་པ་ཡོངས་ཀྱི་གཙིགས་ཆེན་དུ་བཟུང་ཞིང་འཆད་ཉན་གྱི་རྒྱུན་ཡང་སྤེལ་བཞིན་པ་དེའོ། །གཞན་མགོ་ལོག་རྩིས་མདའ་དགོན་དང་། བླ་རུང་གི་ཕྱོགས་བཞིའི་ཡན་ལག་གི་སློབ་གྲྭ་ཆེན་པོ་བཞིའི་ནང་ཚན་མི་ཉག་བེ་ལོ་རི་ཁྲོད་དང་། མགོ་ལོག་སྨིན་ཐང་དགོན་སོགས་སུ་བྱོན་ནས་བགྲང་བྱ་དུ་མའི་རིང་ལ་དམ་པའི་ཞལ་སློབ་དུ་མ་སྐྱེད་བསྲིངས་བྱས་པ་དང་། ཁྱད་པར་དུ་སྤྱི་ལོ༡༩༩༦ལོར་བླ་མའི་ཐུགས་བཞེད་བཞིན་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་གདན་ས་རྫ་སྟོད་ལྕང་མ་རི་ཁྲོད་དུ་བྱོན་ནས་ལོ་གཉིས་ཙམ་གྱི་རིང་ལ་མཁན་པོ་མཛད། དེ་རྗེས་དབུས་གཙང་ཕྱོགས་སུ་གནས་སྐོར་ལ་ཐེངས་འགར་བྱོན་ནས་གནས་ཆེན་རྣམས་སུ་སྐུ་མཚམས་ལ་བཞུགས་ཤིང་བསྙེན་སྒྲུབ་མཐར་རུ་ཕྱིན་པའི་རྟགས་མཚན་དུ་མ་མངོན་དུ་གྱུར། གཞན་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་དགོན་གནས་དང་རི་ཁྲོད་ཁག་དུ་མར་རྫོགས་པ་ཆེན་པོའི་གཙོར་བྱས་པའི་མདོ་དང་སྔགས་ཀྱི་དམ་ཆོས་ཟབ་རྒྱས་སུ་བསྩལ་ཏེ། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་སོགས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་འཛིན་སྐྱོངས་སྤེལ་གསུམ་གྱི་བྱ་བ་རྒྱུན་མ་ཆད་པར་མཛད་ཅིང་། ལྷག་པར་དུ་ད་ལྟ་གསེར་ལྗོངས་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོའི་མན་ངག་རྫོགས་པ་ཆེན་པོའི་འཛིན་གྲྭའི་གཙོ་འགན་བཞེས་ཏེ་ཡང་གསང་སྙིང་ཐིག་གི་བསྟན་པ་ལ་བླ་ན་མེད་པའི་མཛད་རྗེས་ཀྱིས་ཆོས་རྒྱུན་སྐྱོང་བཞིན་པ་ཡིན་ནོ།།
མཁན་པོ་རྡོ་རྗེ་བཀྲ་ཤིས་ཀྱི་ངོ་སྤྲོད།
ཁྲོ་ཟུར་རྒྱལ་སྲས་མཆོག་གི་འཕྲིན་ལས་ཀྱི་རོལ་བ་མཁན་པོ་རྡོ་རྗེ་བཀྲ་ཤིས་ནི་ཁམས་མི་ཉག་རབ་སྒང་གི་ཆར་གཏོགས་བཞག་བྲ་ལྷ་རྩེའི་གཡོན་ཟུར། སེམས་དཔའ་ཆེན་པོ་བསམ་བཞིན་དུ་བྱོན་པའི་སྐྱབས་མགོན་ཡེ་ཤེས་རྡོ་རྗེ་དང་ཁྲོ་ཟུར་ཡབ་སྲས་བཅས་པ་གཞན་ད་དུང་ཉག་བླ་བསོད་ནམས་ཕུན་ཚོགས་སོགས་སྐྱེས་མཆོག་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཆེན་ཏེ་མི་ཉག་རྡོ་ར་དཀར་མོ་རུ་སྤྱི་ལོ༡༩༦༣པ་རབ་བྱུང་བཅུ་དྲུག་པའི་མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པར་ཡབ་ཀུན་དགའ་དང་ཡུམ་སྲས་མོ་རིག་འཛིན་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དད་བརྩོན་དྲན་ཤེས་སོགས་ཁྱད་པར་འཕགས་པའི་ཆོས་ལྷན་སྐྱེས་སུ་མངའ་བས་བྱ་བྲལ་བླ་མ་བསོད་ནམས་བཟང་པོས་ཐུགས་རྩིས་ཆེན་པོའི་ངང་ནས་བུ་འདི་མནོལ་བཙོག་མ་གཏོང་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ཏུ་འགྱུར་བར་ངེས་ཞེས་རྡོ་རྗེ་བཀྲ་ཤིས་ཞེས་མཚན་གྱི་མེ་ཏོག་དཀར་པོ་སྤྱི་བོར་གསོལ། ཚུལ་དགུའི་ནོར་གྱིས་མངོན་པར་མཐོ་བའི་མི་ཉག་མཁན་ཆེན་ཆོས་ཀྱི་གྲགས་པའི་ཞབས་སེན་སྤྱི་བོས་མཆོད་དེ་བསླབ་ཚིགས་སྔ་ཕྱིའི་སྡོམ་པ་མནོས་ཤིང་རྒྱ་གར་མཁས་པའི་གཞུང་ལུགས་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས། གཡག་རོང་གོ་ཤཱཀ་སྟག་གསུམ། འཇམ་མགོན་རྗེ་ཡབ་སྲས་གསུམ་སོགས་ཀྱི་གཞུང་ལུགས་གཙོས་འཕགས་བོད་ཀྱི་གཞུང་ལུགས་རབ་འབྱམས་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་རྒྱས་པར་ཁྲོ་ཟུར་རྡོར་ལོའི་ཡང་སྲིད་པདྨ་འགྱུར་མེད་རྒྱ་མཚོ་ལས་འགྲོ་མགོན་ཁྲོ་ཟུར་ཡབ་སྲས་གསུམ་གྱི་གཏེར་ཆོས་པོད་སོ་དྲུག་སྨིན་གྲོལ་ཡོངས་རྫོགས་དང་། རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་ཁྲིད། ཀློང་སྙིང་གི་རྩ་རླུང་ཞིབ་ཁྲིད། ཁྱད་པར་རྒྱལ་བ་ཀ༔ཐོག་པའི་སྙན་རྒྱུད་ཁྲིད་ཆེན་བཅུ་གསུམ་གྱི་སྙིང་པོ་གཅིག་ཏུ་དྲིལ་བའི་ཟབ་ཆོས་བཀའ་རྒྱས་བཏབ་པ་ཁྲིད་ཡིག་ནོར་བུ་མེ་ལོང་དང་ཀློང་གསལ་ཁྲིད་རྒན་སྦྲགས་མ་ཟབ་ཁྲིད་མནོས་ཤིང་། འདི་ཉིད་དཔལ་ལྡན་བླ་མ་དམ་པ་ལས་ཇི་ལྟར་ནོད་པ་བཞིན་ཁྱེད་ལ་ལེགས་པར་ཕུལ་གྲུབ་པ་ཡིན་པས་ཉིད་ཀྱིས་ཚར་བཅུ་གསུམ་ལས་མི་ཉུང་བའི་ཁྲིད་རྒྱུན་གཞན་ལ་སྤེལ་དགོས་ཞེས་སྙན་བརྒྱུད་དང་བཅས་ཐུན་མོང་མ་ཡིན་པའི་བཀའ་གཏད་གནང་། ཀ༔ཐོག་སྤྲུལ་སྐུ་ལྔ་པ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལས་བདུད་ཀློང་གཉིས་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་གདམས་ངག་མཛོད་ཀྱི་སྨིན་གྲོལ་ཟབ་རྒྱས་ཐོབ་ཅིང་། ཁོང་གིས་སྔ་ཕྱིར་རྟེན་འབྲེལ་དང་ལུང་བསྟན་གཅིག་ཏུ་འཁྱིལ་ཏེ་ཁྲོ་ཟུར་རྒྱལ་སྲས་དྷརྨ་བཛྲ་རྩལ་མཆོག་གི་ཕྲིན་ལས་ཀྱི་སྤྲུལ་བར་ངོས་འཛིན་གནང་། གཞན་སེ་ར་ཡང་སྤྲུལ་དང་། རྫོགས་སྤྲུལ་པདྨ་སྐལ་བཟང་། མདོ་རྗེ་བཙུན་མ་ཟླ་གསལ་དབང་མོ་སོགས་དམ་པ་དུ་མས་བསྔགས་བརྗོད་དང་རྟེན་འབྲེལ་གྱི་གཟེངས་བསྟོད་མང་དུ་མཆིས། གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་ལས་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཞིབ་རྒྱས་ཐོབ་ཅིང་། མཛད་པ་གང་ཡང་བཀའ་འདྲི་དང་ཐུགས་བློ་ཞུས་ཏེ་སྤྱི་བོའི་གཙུག་གི་རྒྱན་དུ་བསྣམས། མཉམ་མེད་སྟོན་པ་ཆེན་པོའི་སྐུ་བརྙན་ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེ་ལ་རིན་ཆེན་རིགས་ལྔའི་དབུ་རྒྱན་དང་། སྙན་རྒྱན། མགུལ་རྒྱན། མཆོད་ཀོང་སོགས་སྤུས་ལེགས་ངོ་མཚར་བའི་རྒྱན་གྱིས་མཆོད་དེ། སྟོན་པ་འཁྲུངས་སྐར་མཆོད་པ་ཀུན་བཟང་མཆོད་སྤྲིན་སྨོན་ལམ་བྱ་བ་དབུས་ཀྱི་གདན་ས་ཆེ་ཁག་རྣམས་སུ་རྒྱུན་འཛུགས་ཕུལ། གཏེར་ཆེན་རྣམས་ཀྱི་གཏེར་ལུང་ལྟར་མི་ཉག་གསེར་སྡོང་ཆེན་མོ་དང་མི་ཉག་རྡོ་ར་དཀར་མོར་རྡོར་སེམས་བསྒྲུབ་གྲྭ། དགོན་པ། དཔེ་མཛོད་ཁང་སོགས་གསར་བཞེངས་གནང་སྟེ། སྐལ་ལྡན་གྱི་འདུས་པ་མི་ཉུང་བར་རང་ལུགས་ཐུན་མོང་མིན་པ་རྒྱལ་བ་ཀཿ ཐོག་པའི་སྙན་བརྒྱུད་ཐམས་ཅད་ཀྱི་ཟབ་གནད་གཅིག་ཏུ་དྲིལ་བ་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོ་ཞིབ་ཁྲིད་མཛད་བཞིན། གཞན་ཡང་སློབ་གྲྭ་ཆུང་བ་དང་དམའ་འབྲིང་སློབ་གྲྭའི་སློབ་མ་སྟོང་གཅིག་ལྔ་བརྒྱ་ལྷག་ཙམ་གསོ་སྐྱོང་གནང་བཞིན་ཡོད། མདོར་ན་བསྟན་དང་འགྲོ་བའི་ཕན་བདེར་ཐུགས་བསྐྱེད་ཟབ་མོས་གནང་དང་གནང་མུས་ལ། སླད་མའི་ཆར་ཡང་སྐུ་འཚོ་རྡོ་རྗེའི་རང་བཞིན་རྟག་པར་བརྟན་ཅིང་ཟབ་གསང་ཆོས་ཀྱི་བདུད་རྩིས་གདུལ་བྱ་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད་པ་དང་། བསྟན་འགྲོ་ལ་སྨན་པའི་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་གསོལ་བ་ལན་བརྒྱར་འདེབས་སོ། །
མི་ཉག་ཀུན་དགའ་རྒྱལ་མཚན་གྱི་ངོ་སྤྲོད།
མི་ཉག་ཀུན་དགའ་རྒྱལ་མཚན་ནི་མི་ཉག་མཁས་དབང་ཆེན་མོ་ཕ་བུ་ཕྲུག་དང་མ་རྡོ་རྗེ་མཚོ་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ལོ་སྟེ༡༩༧༡ལོའི་བོད་ཟླ་བཅུ་པའི་ཚེས་བདུན་ཉིན་མི་ཉག་སྐྱ་ཀེའི་ཡུལ་དུ་སྐྱེས།
སློབ་སྦྱོང་བྱས་པའི་གནས་ཚུལ་མདོར་བསྡུས། སྤྱི་ལོ་༡༩༨༠ལོ་དགུང་གྲངས་བཅུའི་ཐོག་ཏུ་མི་ཉག་སྐྱ་ཀེའི་སློབ་ཆུང་དུ་སློབ་སྦྱོང་བྱས། ༡༩༨༣ལོ་ནས་༡༩༨༦ལོའི་བར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཟུར་ཞུགས་སློབ་མ་བྱས་ཏེ་སློབ་སྦྱོང་བྱས། སྤྱི་ལོ༡༩༨༦ལོ་ནས་༡༩༩༠ལོའི་བར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གྱ་དྲུག་འཛིན་གྲྭའི་ནང་དུ་སློབ་གཉེར་མཛད། ༡༩༩༠ལོ་ནས་༡༩༩༣ལོར་བར་དུ་རྟའུ་རྫོང་སྲིད་གྲོས་སུ་ཡིག་སྒྱུར་གྱི་ལས་དོན་གཙོ་བོར་བསྒྲུབས། ༡༩༩༣ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུ་ལས་གནས་སྤོས་ནས༡༩༩༥ལོའི་བར་དུ་སློབ་ཁྲིད་བྱས། ༡༩༩༥ལོ་ནས་༡༩༩༧ལོ་བར་དུ་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་རིག་པའི་ཚན་ཁག་ཏུ་སློབ་སྦྱོང་བྱས། ༡༩༩༧ལོ་ནས་༢༠༠༢ལོར་བར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་ཁྲིད་ཀྱི་ལས་དོན་བསྒྲུབས་ཤིང་། སྔ་ཕྱིར་སློབ་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་དང་སློབ་དོན་ཁང་གི་ཁའོ་ཀྲང་གཞོན་པ་བཅས་ཀྱི་ལས་འགན་ཁུར། ༢༠༠༢ནས༢༠༠༥ལོའི་བར་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར། ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་ཆེད་སྦྱོང་གི་རབ་འབྱམས་པའི་སློབ་མ་བྱས། ༢༠༠༥ལོ་ནས་ད་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་ཁྲིད་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད། དུས་ཐུང་གི་སློབ་སྦྱོང་གལ་ཆེན་འགའ་ཞིག་མཛད་ཚུལ། སྤྱི་ལོ་༢༠༠༡ལོར། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སོའོ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཅས་ནས་མཉམ་འབྲེལ་གྱིས་བཙུགས་པའི། དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་གི་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས་ཟླ་བ་གཉིས་ཙམ་གྱི་རིང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས། ༢༠༠༡ལོ་ནས༢༠༠༢ལོའི་བར་དུ་སྒོ་ལྕགས་ཀྱི་དར་མདོ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ནང་དུ་དབྱིན་ཇི་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱས། ༢༠༡༠ལོར་སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོར་སློབ་གསོ་རིག་པ་དང་གློག་ཀླད་སྐོར་གྱི་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས། ༢༠༡༡ལོའི་ལོ་སྟོད་ཟླ་བ་གཉིས་ཀྱི་རིང་ལ་ཨ་རིའི་ཝི་ཇི་ནི་ཡ་སློབ་གྲྭ་ཆེན་མོའི་ནང་དུ་སློབ་སྦྱོང་བྱས།
བྱ་བ་གལ་ཆེ་ལ་ཞུགས་པ་དང་བརྩམས་ཆོས་བཅས་ཀྱི་སྐོར། ༢༠༠༩ལོ་ནས༢༠༡༡ལོའི་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་བོད་ཡིག་གི་སློབ་དེབ་རྩོམ་སྒྲིག་པ་གཙོ་བོ་གཞོན་པའི་འགན་ཁུར་ནས། སློབ་གྲྭའི་ལོ་རྒྱུས་དང་། སློབ་གྲྭའི་ལོ་རྒྱུས་ཀྱི་པར་རིས་སོགས་ཀྱི་རྩོམ་སྒྲིག་གི་བྱ་བར་ཞུགས། ༢༠༡༡ལོའི་ཟླ་བ་༡༢པའི་ནང་ཨ་རིའི་ཀོ་ལིན་པི་ཡ་སློབ་གྲྭ་ཆེན་མོའི་ནང་ཚོགས་པའི་རྒྱལ་སྤྱིའི་བོད་སྐད་ཡིག་སྐོར་གྱི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་ཤིང་། ཚོགས་ཆེན་དེའི་ཐོག་ཏུ་གཏམ་བཤད་ཀྱང་གནང་ཡོད།
དཔྱད་རྩོམ་སྐོར་ལ་བྱ་ཚིག་ལ་འཇུག་པའི་ལམ་བུ། ལ་དོན་གྱི་སྐོར་ལ་དཔྱད་པ། བོད་ཀྱི་བརྡ་སྤྲོད་རིག་པའི་འགྲོས་ཀྱི་འཕོ་འགྱུར་ལ་དཔྱད་པ། བརྡ་སྤྲོད་སློབ་དེབ་ཀྱི་བསམ་གཞིག་དང་སྦྱོང་གཞི་དག་གི་དཔྱད་གཞིའི་ལན་སོགས་དང་། སྒྱུར་རྩོམ་སྐོར་ནི། ༡༩༩༠ལོ་ནས༡༩༩༤ལོའི་བར་གྱི་རྟའུ་རྫོང་སྲིད་གྲོས་དང་ཆོས་ལུགས་ལས་ཁང་སོགས་ཀྱི་ཡིག་ཆ་སྣ་ཚོགས་ཀྱི་སྒྱུར་ཡིག དུས་རབས་ཉེར་གཅིག་པའི་ཀྲུང་གོའི་སློབ་གསོའི་འགན་འཁྲི་སོགས་དང་། དམངས་ཁྲོད་རིག་གནས་སྐོར་ལ་རྒྱལ་རོང་སོག་པོ་ས་ཁུལ་གྱི་བག་སྟོན་དང་གཤིན་ཆོག་གི་སྐོར། མི་ཉག་ས་ཁུལ་གྱི་རྡོ་རྩིག་ལག་རྩལ་སྐོར་སོགས་རྩོམ་ཡིག་སྣ་ཚོགས་ཤིག་སྔ་ཕྱིར་བྲིས་ཡོད། ཡོན་ཚད་དང་གོ་གནས་ཐོབ་ཐང་ནི། ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་ཆེད་སྦྱོང་གི་རབ་འབྱམས་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་སློབ་དཔོན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དོན་ཁང་གི་ཁའོ་ཀྲང་བཅས་ཀྱི་གོ་གནས་བཞེས་ཡོད་དོ། །
ཡེ་ཤེས་རབ་གསལ་གྱི་ངོ་སྤྲོད།
དེ་ཡང་ཡེ་ཤེས་རབ་གསལ་ནི་ཕ་མོ་འགྲེ་རབ་དགའ་ཉི་མ་དང་མ་བཀྲ་ཤིས་མཚོ་མོ་གཉིས་ཀྱི་རིགས་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ཤིང་སྤྲུལ་ལོའི་ཟླ༢པའི་ཚེས༢༣ཉིན་ཏེ་སྤྱི་ལོ༡༩༦༦ལོར་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གི་གངས་རི་མ་སྡེ་པའི་ནང་དུ་སྐྱེས། ཁོང་གི་རྟེན་ནི་སྔགས་པ་ཡིན། རིག་མ་དང་སྲས་སོགས་མཆིས། ༡༩༨༣ལོའི་ཟླ་བ༩པ་ནས་༡༩༨༧ལོའི་ཟླ་བ༧པའི་བར་དུ་བོད་ཡིག་སློབ་གྲྭ་ནས་གསོ་བ་རིག་པ་ཆེད་སྦྱངས་བྱས་ནས་སློབ་མཐར་ཕྱིན། མཐར་ཕྱིན་ནས་བཟུང་བོད་སྨན་ཁང་གི་ལས་རོགས་དང་སློབ་ཁྲིད་ལས་འགན་གཉིས་གཅིག་ལྕོགས་སུ་མཛད། སྔ་ཕྱིར་སུམ་རྟགས་དག་གསུམ་དང་། སྙན་ངག ནང་དོན་རིག་པ། གསོ་རིག གནའ་རབས་ཀྱི་རྩོམ་རིག་དང་བརྡ་རྙིང་། བོད་ཀྱི་ལོ་རྒྱུས་སོགས་དངོས་གཞི་སློབ་ཁྲིད་བྱེད། ཞོར་དུ་ནང་དོན་རིག་པ་དང་སྙན་ངག་གསོ་རིག་བཅས་ཟུར་ཁྲིད་གནང་། དེ་དག་གི་ནང་ནས་དག་ཡིག་དང་སྙན་ངག ནང་དོན་རིག་པ། ལོ་རྒྱུས་བཅས་ནི་སློབ་ཁྲིད་ཀྱི་སྤུས་ཀ་ཆེས་ཡག་ཤོས་རེད་ཅེས་དགེ་སློབ་ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡོད། རྗེས་སུ་སི་ཁྲོན་དགེ་འོས་སློབ་གྲྭ་ཆེན་མོ་ནས་མཛེས་རྩལ་རིག་པ་ལ་སློབ་སྦྱོང་མཛད། སྐྱ་རིས་དང་། ཚོན་རིས། སྣུམ་ཚོན། དཔར་ཤིང་བརྐོ་བའི་ལག་ལེན་བཅས་ལའང་སྦྱོང་བརྩོན་མི་དམན་པ་མཛད། རྒྱའི་སྐད་ཡིག་ནི་གཙོ་བོ་རང་སྦྱོང་ཁོ་ན་མཛད་ནས་བརྡ་གསར་རྙིང་ཚང་མ་ཕལ་ཆེར་ཞིག་མི་མཁྱེན་པ་མེད། མདོར་བསྡུས་ན་ཁོང་ནི་རྒྱ་བོད་ཀྱི་ཡི་གེ་ལ་མཁས་ཤིང་ངང་རྒྱུད་རིང་བ་དང་། བསམ་པ་དཀར། གཤིས་རྒྱུད་དྲང་། ང་ཆེ་ང་བཟང་གི་བསམ་པ་མེད། བོད་ཡིག་སློབ་གྲྭའི་ནང་དུ་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་བྱེད་མཁན་ཁོང་ལྟ་བུའི་མཁས་པ་ཞིག་མེད་ཅེས་དགེ་སློབ་ཚང་མས་ཞལ་གཅིག་མཐུན་གྱིས་བཤད་དོ། །
ཉིད་ཀྱི་གསུང་རྩོམ་ནི། དཔལ་ལྡན་རྒྱུད་བཞིའི་སྤྱི་བཤད་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་ལམ་ཡིག་དང་། ལོ་རྒྱུས་གླེང་བའི་ཤིས་བརྗོད་ཕོ་བྲང་པོ་ཏ་ལའི་རྔམ་ཟིལ། ཀྲུང་གོའི་མཛེས་རྩལ་འཕེལ་རྒྱས་བྱུང་ཚུལ། ལྷ་སྒྲུང་གི་ནང་འགྲིག སྤྲུལ་པའི་ལྷ་བཟོ་ཆེན་པོ་ནམ་མཁའ་རྒྱན་གྱི་ངོ་སྤྲོད་མདོར་བསྡུས། གསེར་གཞོང་ལུང་པའི་གཏམ་སོགས་དཔྱད་རྩོམ་བཅུ་ཕྲག་ལྷག་དང་ཡི་གེ་ཚེག་ཁྱིམ་འབུམ་ལ་ལོངས་པ་ཞིག་བརྩམས་ཡོད། མིག་སྔར་ཁོང་ལ་ཆེད་དེབ་ཀྱི་རྩོམ་ཆོས་ཡོད་ནི་མ་མཐོང་ལགས། ད་སྐབས་ཁོང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་མཛད་བཞིན་བཞུགས་ཡོད་དོ། །
ལྕགས་སྐུང་ཡ་མ་ཚེ་རིང་གི་ངོ་སྤྲོད།
ལྕགས་སྤྲུལ་ལྷ་བཟོ་ཆེན་པོ་ཡ་མ་ཚེ་རིང་ནི་ཀཿཐོག་ཤར་གཏེར་ཆེན་མོ་རིག་འཛིན་ཆོས་རྒྱལ་གླིང་པའི་གདན་ས་མི་ཉག་ལྕགས་སྐུང་གསལ་གཡང་བདེ་ཆེན་དགོན་པའི་སྤྲུལ་སྐུ་ཡིན། ཁོང་ནི་དབལ་ཤུལ་གསེར་རྟ་གསེར་སྒོ་རྒན་ཐང་དུ་རབ་བྱུང་བཅུ་དྲུག་པའི་ཤིང་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ༡༩༦༥ལོར་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་གཉིས་ཀྱི་མཚན་ནི་མི་གསལ་བས་འབྲི་མ་ཐུབ། སྐུ་ན་ཆུང་དུས་ནས་བཟུང་སྟེ་བོད་ཡིག་རང་སྦྱོང་བྱས་ནས་ཚེགས་མེད་དུ་མཁྱེན། རང་སྟོབས་ཀྱིས་ཤིང་པར་བརྐོས་རྒྱུ་དང་ལྷ་བཅའ་རྒྱུ། ཟ་མདོ་དང་ཟིལ་རླུང་ཐང་རྒྱལ་སྐུ་འདྲ་དང་གུ་རུ་བཅས་བརྐོས། རི་མོ་འབྲི་རྒྱུ་སོགས་ལ་ཤིན་ཏུ་ཐུགས་མོས་ཡོད་མཁན་ཞིག་ཡིན། རྟའུའི་སྦལ་ཞབས་བྲག་དཀར་དུ་སྤྱི་ལོ༡༩༧༩ལོར་ཀཿཐོག་དགོན་པའི་མཁན་ཆེན་ཚེ་རིང་བསྟན་པ་དང་མཉམ་དུ་མཆོད་རྟེན་ཆ་བརྒྱད་ཅིག་བཞེངས། སྤྱི་ལོ༡༩༨༡ལོར་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭར་ཕྱིན་ནས་རིག་པའི་གནས་ཆེ་ཆུང་ཀུན་ལ་སློབ་གཉེར་མཛད། རྗེས་སུ་སྡེ་དགེ་དཔལ་སྤུངས་དགོན་གྱི་སྤྲུལ་པའི་ལྷ་བཟོ་དགེ་བའི་བཤེས་གཉེན་ཐང་ལྷ་ཚེ་དབང་གི་མདུན་ནས་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་ཀརྨ་སྒར་བྲིས་ཀྱི་འབྲི་སྲོལ་དང་གཞུང་ལུགས་བཅས་ལ་སློབ་གཉེར་མི་དམན་པ་མཛད། བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་དཀར་མཛེས་ཁུལ་རིག་གནས་ཅུས་ཀྱི་ནང་དུ་ལས་བགོ་བྱས། ༡༩༨༧ལོར་ཁོང་གིས་བྲིས་པའི་ཐང་ག་གསར་པ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སོ་སོ་དང་ཧང་ཀོང། ཕྱི་རྒྱལ་སོགས་ལ་བཤམས་སྟོན་ཐེངས་མང་བྱས་པས། རི་མོ་མཁས་པ་དུ་མས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར། བོད་ཀྱི་ཡིག་གཟུགས་དང་རི་མོ་བཅས་ལ་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ་བཅས་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐེངས་མང་པོ་ཐོབ། ཁྱད་པར་དུ༡༩༩༢ལོའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ། བཀའ་བསྟན་གྱི་ཡིག་ཆའི་སྟེང་དུ་མཆོག་ལྷ་དང་རྒྱབ་ཡིག་ཕྱི་བཀོད་རི་མོ་བྲིས་པས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་དཔེ་ཚོགས་བཤམས་སྟོན་ཐོག་ཏུ་ཨང་དང་པོའི་དཔང་རྟགས་སྤྲད། ༡༩༩༦ལོའི་འཛམ་གླིང་ཀྲུང་ཧྭ་སྙན་གྲགས་ཅན་གྱི་དཔེ་ཚོགས་ནང་དུ་ཁོང་གི་མཚན་བཀོད། ཡང་ལོ་དེར་ཧང་ཀོང་མེས་རྒྱལ་དུ་ཚུར་ལོག་པར་དགའ་བསུ་ཞུ་ཆེད་རང་སྐྱོང་ཁུལ་གྱི་ཚབ་བྱས་ཏེ་དར་ཁའི་སྟེང་དུ་རྟགས་བརྒྱད་བུམ་གཟུགས་མའི་རི་མོ་བྲིས་པ་དེ་ཧང་ཀོང་དངོས་མང་བཤམ་སྟོན་ཁང་དུ་ད་སྐབས་ཉར་ཚགས་བྱས་ཡོད། ༢༠༠༢ལོར་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན། ༢༠༠༤ལོར་སི་ཁྲོན་ཞིང་ལས་སློབ་གྲྭ་ཆེན་མོའི་མི་ནུས་ཐོན་ཁོངས་ཆེད་སྦྱོང་འཛིན་གྲྭའི་རང་སྦྱོང་སློབ་མ་མཐར་ཕྱིན། ༢༠༠༣ལོར་འཛམ་གླིང་ན་ཆེས་རིང་བའི་གེ་སར་རྟོགས་བརྗོད་སྟོང་ཐང་ཆེན་མོའི་སྐྱ་རིས་འབྲི་མཁན་དང་ཇུས་བཀོད་པ་སོགས་ཀྱི་གཙོ་འགན་བཞེས་ཤིང་། སྟོང་ཐང་དེ་སྤྱི་ལོ༢༠༠༨ལོར་འཛམ་གླིང་ཨོ་རྩལ་འགྲན་བསྡུར་ཐོག་ཏུ་པེ་ཅིན་ནས་བཤམ་སྟོན་བྱས་ཏེ་རྒྱལ་ཁབ་རིག་དངོས་ལས་ཁུངས་ཀྱིས་ཁོང་རྣམས་ལ་བྱ་དགའ་སྤྲད། ཡང༢༠༡༣ལོར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་བྱས་རྗེས་ཅན་གྱི་ཆེད་མཁས་པ་ཞེས་པའི་མཚན་སྙན་གནང་། དེ་དང་མཉམ་དུ་སི་ཁྲོན་རིག་རྩལ་མཉམ་འབྲེལ་ཚོགས་པས་དམངས་ཁྲོད་རིག་རྩལ་མཁས་བརྒྱའི་གྲས་སུ་ཐོབ་རྟགས་སྤྲད། ༢༠༠༩ལོར་ཁོང་སི་ཁྲོན་ཞིང་ཆེན་ཆེད་ལས་སྒྱུ་རྩལ་སློབ་གླིང་གི་ཐང་གའི་དགེ་རྒན་ཆེན་མོ་ཞུགས་ཚབ་གདན་ཞུ་བྱས་ཏེ་རི་མོ་བའི་སློབ་མ་བརྒྱ་ལྷག་གསོ་སྦྱོང་བྱས། ༢༠༡༢ལོར་ཁོང་ལ་སི་ཁྲོན་ཆེན་རིམ་པའི་བཟོ་རྩལ་པ་ཆེད་མཁས་པའི་མཚན་སྙན་གནང་བ་དང་། ༢༠༡༣ལོར་ཁོང་ལ་སི་ཁྲོན་ཆེན་རིག་གནས་ཐིང་གིས་ཀརྨ་སྒར་བྲིས་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མཚན་སྙན་གྱི་རྟགས་མ་སྤྲད། དེང་སྐབས་ཁོང་གིས་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ཚོགས་པའི་དམངས་ཁྲོད་རིག་གནས་ཀྱི་ཚོགས་གཙོ་གཞོན་པ་དང་དཀར་མཛེས་ཁུལ་རིག་གནས་ཁང་གི་བོད་ཀྱི་རི་མོ་གཙོ་འཛིན་རྒན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད། ཁོང་གི་རི་མོ་བྲིས་པའི་སྐོར་ནི། གེ་སར་སྟོང་ཐང་གི་སྐྱ་རིས་དང་། རྒྱ་ནག་གི་དགོན་པ་ཁག་དང་བོད་ཀྱི་དགོན་པ་སོ་སོ་ལྡེབས་རིས། ལས་ཁུངས་སོགས་ལ་རི་མོ་དུ་མ་ཞིག་བྲིས་གནང་མཛད་ནས་བྱས་རྗེས་འབུར་དུ་དོད་པ་བཞག་ཡོད། རྩོམ་བྱའི་སྐོར་ལ་ཆ་མཚོན་ན། ཐང་ལྷ་ཚེ་དབང་གི་ཕྱག་བྲིས་གཅེས་བསྒྲིགས་བཟོ་རིག་མིག་བརྒྱ་དང་། སྤྱི་ལོ༢༠༡༢ལོར་གྱ་གཉིས་སློབ་མ་རྣམས་ཀྱིས་སློབ་གྲྭར་དྲན་རྟེན་ཕུལ་བའི་ཐོན་མི་སཾ་བྷོ་ཊའི་རྡོ་སྐུའི་འཆར་འགོད་ཚང་མ་ཁོང་གིས་བཞག་པ་ཡིན། ཁམས་པའི་རི་མོ་བ་མཁས་ཆེན་རྣམས་ཀྱི་ཐང་ག་ཕྱོགས་བསྒྲིགས་ཀྱི་གཙོ་སྒྲིག་དང་ཞུ་དག་མཛད་ནས་དཔེ་བསྐྲུན་བྱས། ཁོང་གིས་ཕྱག་བྲིས་ཀྱི་ཐང་ག་སོགས་གསར་རྩོམ་ནི། གངས་ལྷ་མེ་ཏོག་དང་རྒྱལ་པོ་སྲོང་བཙན་པོའི་མཛད་འཕྲིན། ལྷ་མོ་དབྱངས་ཅན་མའི་ཐང་ག །བོད་ཀྱི་ཁྱད་ཆོས་ལྡན་པའི་རྟགས་བརྒྱད་བུམ་གཟུགས་མ་སྒོ་ཡོལ་ལ་རི་མོ་བྲིས་ནས་རྒྱལ་ཕྱི་ནང་གཉིས་ལ་ཁྱབ་ཡོད། དར་མདོའི་རྒྱུན་དྭངས་ཆུ་མིག་ཁ་རུ་སྔར་མེད་ཀྱི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྐུ་འདྲ་ཞིག་བཞེངས་བྱས་པ་སོགས་ནི་གསར་སྐྲུན་གྱི་ཁྱད་ཆོས་འབུར་དུ་དོད་པ་ཡོད་པས། ཚང་མས་དགའ་བསུ་ཆེན་པོ་ཐོབ་ཡོད། ༢༠༡༣ལོར་དཀར་མཛེས་ཁུལ་གྱིས་ཀུང་ཀྲོའུ་གྲོང་ཁྱེར་དུ་ཐང་ག་དང་ཡིག་གཟུགས་འགྲེམ་སྟོན་བྱེད་སྐབས་མདོ་འཛིན་པས་འགན་ཁུར། སི་ཁྲོན་ཞིང་ཆེན་ཚན་རིག་དཔེ་སྐྲུན་ཁང་གི་དཔེ་ཆ་ནི། གནམ་གཤིས་དང་ཚན་རིག སྨན་རིག གནམ་གྲུ། ཕྱུགས་སྨན། འཕྲུལ་ཆས་བཅས་དཔེ་ཆ་དེབ་ལྔ་བཅུ་ལྷག་ཙམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་རྒྱུ་བཅས་ཀྱི་འགན་ཁུར་ནས་བྱ་བ་བཟང་པོ་བསྒྲུབས་ནས་བྱས་རྗེས་ཆེན་པོ་བཞག་ཡོད་དོ། །
ཐུབ་བསྟན་ཆོས་དར་གྱི་ངོ་སྤྲོད།
མི་ཉག་ཐུབ་བསྟན་ཆོས་དར་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གི་ནགས་ལུང་མ་རྡོ་ར་དཀར་མོ་སྡེ་པ་དང་པོའི་ཕ་ལྷུན་འགྲུབ་དང་མ་རྩྭ་ར་ཤེས་རབ་སྒྲོན་མ་གཉིས་ལ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ༡༩༦༠ལོར་སྐྱེས། ༡༩༦༧ལོ་ནས་བཟུང་ཞང་པོ་བཀྲ་ཤིས་ཀྱིས་ཡི་གེ་སྦྱོར་ཀློག་འབྲི་གསུམ་དང་དགོན་པའི་འདོན་ཆ་རྣམས་བསླབས། ༡༩༧༨ལོར་མདོ་སྒར་ཟླ་གསལ་དབང་མོའི་མདུན་ནས་བོད་ཀྱི་གསོ་བ་རིག་པ་ལ་སློབ་གཉེར་མཛད། ༡༩༨༡ལོ་ནས་༡༩༨༦འོའི་ཟླ༧པའི་བར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་ནང་དོན་དང་མཚན་ཉིད་ལ་སོགས་བོད་ཀྱི་སྲོལ་རྒྱུན་རིག་པ་སྦྱངས་ཏེ་སྦྱངས་འབྲས་མི་དམན་པ་ཐོབ་ནས་སློབ་མཐར་ཕྱིན། སྤྱི་ལོ༡༩༨༦ལོ་ནས་ད་ལྟའི་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་ན་བོད་ཡིག་གནའ་དཔེའི་དཀར་ཆག་སྒྲིག་རྒྱུའི་ཕྱག་ལས་གནང་གཞིན་ཡོད། ཕྱག་ལས་གནང་ཞོར་དུ། བོད་ལྗོངས་མི་རིགས་སློར་གྲྭ་ཆེན་མོ་ལ་རྒྱ་ཡིག་ཟབ་སྦྱོང་ལོ་གཉིས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ལ་ཞིབ་འཇུག་སློབ་མའི་སློབ་སྦྱོང་ལོ་གསུམ། སྤྱི་ཚོགས་ཚན་རིག་ཁང་ལ་དབྱིན་ཡིག་སྦྱོང་སར་ལོ་གཅིག་བཅས་དཔེ་ཆ་སློབ་གཉེར་མཛད། ཁོང་གི་གསུང་རྩོམ་ལས་ཆེད་དེབ་སྐོར། རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང་དང་། བྱ་བྲལ་སངས་རྒྱས་ཚེ་འཕེལ་གྱི་རྣམ་ཐར་གསལ་བའི་མེ་ལོང་། མཚམས་བྲག་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་གསལ་བའི་མེ་ལོང་། ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་གསལ་བའི་མེ་ལོང་བཅས་བཅས་བརྩམས་ཡོད།
དཔྱད་རྩོམ་སྐོར་ནི། སྡེ་དགེའི་ས་སྐྱོང་དབང་མོས་བཞེངས་པའི་རྙིང་མ་རྒྱུད་འབུམ། བོད་དུ་བསྟན་བཅོས་ཐོག་མར་བྱུང་ཚུལ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེའི་མཛད་རྣམ་ལ་དཔྱད་པ། མི་ཉག་མཁན་ཆེན་ཆོས་ཀྱི་གྲགས་པའི་རྣམ་ཐར། སྲོང་བཙན་ནས་གླང་དར་བར་བཙན་པོ་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་ལ་དཔྱད་པ་སྔར་མེད་གསལ་བའི་རེའུ་མིག མི་ཉག་རྡོ་ར་དཀར་མོའི་གནས་ཡིག་མདོར་བསྡུས་བཅས་ནི་ཀྲུང་གོའི་བོད་རིག་པ་དུས་དེབ་དང་བོད་ལྗོངས་ཞིབ་འཇུག་དུས་དེབ་སོགས་ཀྱི་ཐོག་ཏུ་བཀོད་ཡོད་པ་ཤ་སྟག་ཡིན་ནོ། །རྩོམ་སྒྲིག་འགན་ཁུར་མཛད་སའི་སྐོར། མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ། དཀར་ཆག་རྣམས་རྒྱ་ཡིག་ཏུ་བསྒྱུར་བ་རྣམས་ནི། བོད་ཀྱི་རྣམ་ཐར་ལོ་རྒྱུས་ཕྱོགས་བསྒྲིགས་སྣ་ཁ་གཉིས། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་བཅས་ཀྱི་དཀར་ཆག་རྣམས་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་ཡིན་ནོ། །འདིའི་དཔྱད་གཞིའི་ཡིག་ཆ་ནི་ཁོང་གིས་བརྩམས་པའི་དཔེ་དེབ་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང་གི་མདུན་ཤོག་རྒྱབ་མ་ལས་ཁོ་བོས་བཏུས་པ་ཡིན་ནོ། །
ཐུབ་བསྟན་དགེ་ལེགས་ཀྱི་ངོ་སྤྲོད།
དེ་ཡང་དཔེར་ན་མི་ཉག་ན་ལྷ་བཟོ་མང་ཡང་མི་དམངས་རི་བྲིས་ཚགས་པར་དང་ཞིང་ཆེན་རིམ་པ་བཅས་ཀྱི་དུས་དེབ་ཐོག་ཏུ་ཐང་ག་སོགས་བཀོད་མྱོང་མཁན་ད་སྔོན་ཁོང་མ་གཏོགས་མེད། ལྷ་བཟོ་ཐུབ་བསྟན་དགེ་ལེགས་ཚང་ནི་ཕ་ཡ་གྲོང་རྒྱལ་ཁོ་དང་མ་རིག་བྱེད་བསོད་ནམས་གཉིས་ཀྱི་རིགས་རྒྱུད་དུ། བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་རྟ་ལོའི་ཟླ༡༢པའི་ཚེས༢༥སྟེ་སྤྱི་ལོ༡༩༦༦ལོར་བ་ཡུལ་ཁོག་གི་གྲོང་མགོ་སྡེ་པའི་ར་བ་ཁ་རུ་སྐྱེས། ཁོང་དགུང་ལོ་བརྒྱད་ཀྱི་སྟེང་དུ་ཕ་ཡབ་ཀྱི་མདུན་ནས་ལོ་གསུམ་གྱི་རིང་ལ་ཚོགས་འདོན་ཆོས་སྤྱོད་ཀྱི་རིམ་པ་རྣམས་བསླབས། སྐབས་དེར་འཚོ་བའི་ཆ་རྐྱེན་སོགས་ཅུང་ཞན་ནའང་། རི་མོ་འབྲི་རྒྱུ་ལ་རང་སྦྱོང་ཁོ་ན་མཛད། སྐྱིད་སྣང་དགོན་པའི་ཚོགས་གྲལ་དུ་ཞུགས། སྤྱི་ལོ༡༩༨༣ལོར་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་དུ་ལོ་ལྔའི་རིང་ལ། མཁན་ཆེན་འཇིགས་མེད་ཕུན་ཚོགས་གཙོ་བྱས་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་ཤས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་མཛད་པར་མ་ཟད། རྫོགས་ཆེན་གྱི་ཟབ་ཆོས་སོགས་དུ་མ་ཞུས་ཏེ་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་ཐོབ། སྤྱི་ལོ༡༩༨༨ལོར་ལྷ་བཟོ་མཁས་པའི་དབང་པོ་ཤེས་རབ་རྒྱ་མཚོའི་མདུན་ནས་། ལོ་མང་རིང་ལ་རི་མོ་སྐུ་གཟུགས་ཀྱི་ཐིག་རྩ་བཟོ་རྒྱུན་མན་ངག་དང་བཅས་པ་སོ་སོར་མ་འདྲེས་པར་སློབ་སྦྱངས་མཐར་ཕྱིན་པ་མཛད། སྐབས་དེར་དགེ་རྒན་དང་མཆེད་གྲོགས་རྣམས་ཀྱིས་ཁོང་གི་བཟོ་རིས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྤྱི་ལོ༡༩༩༣ལོར་ཐོག་མར་རྡོ་ཚོན་རྒྱག་རྒྱུ་དང་གསེར་ཐང་འབྲི་རྒྱུ་མགོ་བཙུགས་ཏེ་ལོ་དགུའི་རིང་ལ་གསེར་ཐང་བྲིས། སྐབས་དེར་བླ་སྤྲུལ་མང་པོ་ཞིག་གིས་དགོན་པ་རྣམས་གསར་བཞེངས་མཛད་བཞིན་ཡོད་པས། ཁོང་སྤྱི་ལོ༢༠༠༡ལོ་ནས་བཟུང་སྟེ་ལྷ་སྒང་དགོན་པ་དང་། འབའ་ཐང་གྱང་དཀར་དགོན་ཆེན་དུ་ལྷ་བཟོ་ཉི་ཤུ་རྩ་བདུན་ལྷག་ལ་མགོ་འཛིན་གྱི་འགན་བཞེས་ཏེ་ལོ་གཉིས་ཀྱི་རིང་ལ་ལྡེབས་རིས་བྲིས། ཁོང་གིས་སྔ་ཕྱིར་དགོན་པ་བརྒྱད་དགུ་ཙམ་ལ་དབུ་འཛིན་གྱི་འགན་བཞེས་ཏེ་ལྡེབ་རིས་བྲིས། ཁོང་གིས་བྲིས་པའི་ལྡེབས་རིས་ནི་མཛེས་ཤིང་ཡིད་དུ་འོང་ལ་གསོན་ཉམས་ལྡན་པས། ཡུལ་དགོན་གཉིས་ཀྱིས་ཁོང་ལ་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར། ༢༠༠༩ལོའི་ཟླ༨པའི་ཚེས༡༠ཉིན་ནས་མགོ་བཙུགས་ཏེ་ཁོང་གིས་གྲོང་མགོའི་ར་བ་ཁ་གྲོང་སྡེའི་ནང་དུ་སྨྱུང་གནས་ལྷ་ཁང་ཞིག་གསར་བཞེངས་མཛད། ལྷ་ཁང་ཕྱི་ནང་ཆ་ཚང་ལ་ཁོང་གིས་སྦྱིན་པའི་བདག་པོ་མཛད། སྡེ་དེའི་མི་རྒན་གཞོན་ཚང་མས་ཁོང་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ནམ་རྒྱུན་སྨོན་ལམ་རྒྱག་བཞིན་ཡོད། ཁོང་རྗེས་སུ་དགོན་པ་མང་པོ་ཞིག་གིས་གདན་འདྲེན་ཞུས་ཀྱང་སློབ་མ་གསོ་སྐྱོང་དང་གསེར་ཐང་མང་པོ་འབྲི་དགོས་བྱུང་བས་དགོན་པ་ཁག་ལ་བྱོན་མ་ཐུབ། ཁོང་གི་ལོ་རྒྱུས་རྒྱས་པར་མཁྱེན་འདོད་ན་ཀྲུང་གོ་རྒྱལ་ཁབ་ཀྱི་མི་དམངས་རི་བྲིས་ཚགས་པར་ཐོག་ཏུ་བཀོད་ཡོད་པ་ལ་གཟིགས་དང་མཁྱེན་པར་འགྱུར། ལྷ་བཟོ་མཁས་པ་ཁོང་གི་ཁྱད་ཆོས་གཙོ་བོ་ནི རྡོ་ཚོན་ཐང་ག་དང་། མཚལ་ཐང་།ཐང་ནག་གསེར་ཐང་། གསེར་ཡིག་སོགས་ནི་མི་ཚེ་གང་ལ་ལག་ལེན་བྱེད་རྒྱུ་ནི། རང་རིགས་ཀྱི་མེས་པོ་ནས་རིམ་པར་བརྒྱུད་པའི་སྲོལ་རྒྱུན་གྱི་ལག་ལེན་བཟང་པོ་དང་། རང་གི་ལག་ལེན་དངོས་གཉིས་མཉམ་འབྲེལ་བྱས་ཏེ། བོད་ཀྱི་རྡོ་ཚོན་དང་རྒྱལ་ཕྱི་ནང་ནས་ཐོན་པའི་རྡོ་ཚོན་སོགས་ལ་ལོ་མང་རིང་། ཞིབ་འཇུག་དང་ལག་ལེན་བྱས་པའི་ཉམས་མྱོང་གསར་པ་གཉིས་ཟུང་འབྲེལ་མཛད་ཡོད་པ་ནི་ཁོང་གི་ཁྱད་ཆོས་ཆེན་པོ་ཞིག་རེད། སྐུ་ཉིད་ཀྱི་འབད་བརྩོན་ལྷོད་མེད་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གསེར་ཐང་སྟོང་གཅིག་ལྷག་ཙམ་བྲིས་གནང་མཛད་ཡོད་པ་ནི་ཤིན་ཏུ་ངོ་མཚར་ལྡན་པ་ཞིག་རེད་སྙམ། དེ་མིན་ལྷ་བཟོའི་རྒྱུད་འཛིན་པ་སློབ་མ་ཉི་ཤུ་རྩ་ལྔ་ལྷག་ལ་ཁོང་རང་ཉིད་ཀྱིས་རི་མོ་བསླབས་པར་མ་ཟད་ཟ་རྒྱུ་དང་། སྡོད་ཁང་སོགས་ཡོངས་རྫོགས་ལ་སྒོར་མོ་སྤྲད་ནས་གསོ་སྐྱོང་མཛད་བཞིན་པ་རེད། མ་ཚད་རང་ཉིད་ཀྱི་ཕ་ཡུལ་དུ་སྔ་ཕྱི་ཀུན་ལ་བོད་ཡིག་སློབ་སྦྱོང་བྱེད་མཁན་གྲྭ་པ་དང་། སློབ་གྲྭ་འགྲོ་མཁན་སློབ་མ་ཉི་ཤུ་ལྷག་ལ་རོགས་སྐྱོར་གནང་བཞིན་པ་ཡིན་ནོ། །
རང་བྱུང་ངམ་བཞག་སྲས་ཀྱི་ངོ་སྤྲོད།
མི་ཉག་རང་བྱུང་ངམ་བཞག་སྲས་ནི་ཕ་སངས་བསྟན་དང་མ་ཨ་ཕྲུག་གཉིས་ཀྱི་རིགས་རྒྱུད་དུ། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་ལོ་སྟེ་སྤྱི་ལོ༡༩༨༦ལོའི་ཟླ༧པའི་ཚེས༡༣ཉིན་ཤར་སྟོད་བཞག་བྲ་དཀར་པོའི་མདུན་ཞོལ་ཁྲོ་ཟུར་ནགས་ལུང་ཤྭ་མ་ལངས་སྡེ་པའི་ནང་དུ་སྐྱེས། ཁོང་ལོ་དགུའི་ཐོག་ཏུ་ཤྭ་མ་ལངས་སློབ་ཆུང་དུ་བོད་ཡིག་དབུ་ཅན་དང་དབུ་མེད་རྒྱ་ཡིག་དང་གྲངས་རིག་པ་བཅས་ལ་ལོ་བཞིར་སློབ་སྦྱོང་བྱས། དགུང་ལོ༡༢ཐོག་སྤྲུལ་སྐུ་ཐུབ་པའི་མདུན་དུ་དགོན་པའི་འདོན་རྟ་དབྱངས་སོགས་ལ་བྱང་ཆུབ་པར་བྱས། དགུང་ལོ༡༣སྟེང་དུ་མི་ཉག་རྩྭ་ར་མཁན་པོ་ཆོས་གྲགས་ཀྱི་གདན་སའི་བཤད་གྲྭ་མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ་མཁན་པོ་བསྟན་འཛིན་རྒྱ་མཚོ་ལས་བསྡུས་གྲྭ་ནས་མགོ་བརྩམས་ཏེ་ཚད་མ་དང་དབུ་མ། མངོན་པ།ཕར་ཕྱིན། འདུལ་བ་སོགས་ནང་དོན་རིག་པ་དང་། ཞོར་དུ་མཁན་པད་མ་ཡེ་ཤེས་ལས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སློབ་གཉེར་ལོ་བདུན་ཙམ་མཛད། སྤྱི་ལོ༢༠༠༩ལོའི་དཀྱིལ་དུ་གསེར་ལྗོངས་བླ་རུང་ནང་བསྟན་སློབ་གླིང་དུ་ཟབ་སྦྱོང་ཕྱིན། མཁན་པོ་ཚུལཁྲིམས་བློ་གྲོས་དང་མཁན་པོ་ཉག་རོང་ཚུལ་ཁྲིམས། མཁན་ཁྱབ་བརྡལ་སོགས་ཀྱི་མདུན་དུ་ཚད་མ་དང་ཕར་ཕྱིན་བཅས་སྦྱངས་ཤིང་། ༢༠༠༩ལོའི་ལོ་མཇུག་ཏུ་ཚད་མ་ཕར་ཕྱིན་གཉིས་ཀའི་བཀའ་པོད་དམ་བཅའ་བཞག་པས། རིགས་ལམ་དང་གོ་བ་གང་ཐད་ནས་ཡག་པོར་འདུག་ཅེས་ཀུན་གྱིས་གླེང་གཞིར་གྱུར། ༢༠༡༠ལོར་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་སྦྱོང་ལ་ཕྱིན་ནས། དགེ་བཤེས་འབུམ་རམས་པ་ཨ་ཁུ་གྲགས་པའི་མདུན་དུ་འཇམ་བཞད་ཀྱི་རྩོད་རྒྱུན་རིགས་ལམ་རྣམས་དང་ཕར་ཕྱིན་སྐབས་དང་པོའི་མགོ་ནས་ཞུས་ལ།ཞོར་དུ་རྩོམ་རིག་དང་སྙན་ངག་སོགས་ལ་སྦྱོང་བ་ལྷུར་ལེན་བགྱིས་ཏེ་རིག་གནས་ཀྱི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་བཅས་ལ་ངོས་འཛིན་ཅུང་ཟད་ཐོབ། དེའི་ཕྱིར་ལོ་མཚོ་སྔོན་དང་ལན་ཀྲུའུ་སོགས་སུ་བོད་ཀྱི་སློབ་གྲྭ་ཆེ་ཆུང་དུ་མའི་ནང་ཤེས་ཡོན་པ་འགར་བགྲོ་གླེང་དང་རྒྱུས་ལོན་བྱེད་སར་སོང་། བསམ་ཚུལ་བརྗེ་རེས་དང་རིག་གནས་རྩོད་གླེང་གི་གསེང་ནས་ཁོང་གིས་ན་གཞོན་སྙིང་སྟོབས་ཞེས་པ་དེ་བརྩམས་ནས་བཀྲམ་པས་ཁོང་གི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། ཐེངས་གཉིས་པར་བཀྲམ་དགོས་པའི་རེ་བ་དང་འབོད་སྐུལ་གཏོང་མཁན་ཀྱང་མི་ཉུང་བ་ཞིག་བྱུང་ཡོད། ཁོང་གི་གསུང་རྩོམ་སྐོར་ནི། ན་གཞོན་སྙིང་སྟོབས་དང་། བརྩེ་དུང་། སུམ་རྟགས་ཉི་ཟླའི་འོད་ཟེར། རྟེན་འབྲེལ་གྱི་ཚེས་ཆུ། ཁྲོ་ཟུར་ནགས་ལུང་མའི་དགོན་སྡེའི་བྱུང་བ་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་ཆེན་སོགས་ཆེད་རྩོམ་གྱི་དེབ་འགའ་ཤས་དང་། གངས་སྙུགས་ཅེས་པའི་ཚགས་པར་ཞིག་ཀྱང་འགྲེམ་སྤེལ་བྱེད་མྱོང་། འབོལ་རྩོམ་གྱི་ཕྱོགས་ནས་སྔ་ཕྱིར་བྲིས་པའི་རྩོམ་ཡིག་སུམ་ཅུ་ལྷག་ཡོད་ནའང་ཁོར་ཡུག་དང་དུས་སྐབས། ཁོང་རང་གི་བསམ་བློའི་ལྗིད་ཚད་དང་གོ་རྟོགས་སོགས་ཕྱོགས་མང་པོ་ནས་འདང་མི་འདུག་པས་ད་དུང་དཔར་དུ་བསྐྲུན་རྒྱུ་མིན་ཞེས་གསུངས། གཞན་ཡང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དང་། མཆོད་མེ་དྲྭ་བ། དགེ་ཆོས་དྲྭ་བ། ཚངས་དབྱངས་དྲྭ་བ། སེང་རྡོར་དྲྭ་བ་སོགས་ཀྱི་ཐོག་ཏུ་དྲྭ་རྩོམ་ཉིས་བརྒྱ་ལྷག་ཙམ་སྤེལ་ཡོད་པས་བཞག་སྲས་ཞེས་པའི་པིར་མིང་དེ་རྒྱལ་ཕྱི་ནང་གཉིས་ཀར་ཁྱབ་ཡོད། དེང་སང་ཁྱེད་རང་ཚོ་དྲྭ་འཇུག་བྱེད་མཁན་ཞིག་ཡིན་ནས་བཟུང་སྟེ་ཁོང་གི་མཚན་སྙན་མི་གོ་མཁན་ཕལ་ཆེར་མེད་ཅེས་བརྗོད་ནའང་ཆོག་སྙམ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཁོང་གདན་དྲངས་ནས་ལོ་གཅིག་ལྷག་དགེ་རྒན་མཛད་སྐབས། ཁོང་ལ་དགེ་སློབ་མཁས་པ་ཚོས་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་བྱས།
༢༠༡༢ལོའི་ནས་བཟུང་མི་ཉག་རྡོ་ར་དཀར་མོར་བྱོན་ནས་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་ཀྱི་དྲུང་ཡིག་དང་མི་ཉག་རྫོགས་ཆེན་སློབ་གྲྭའི་དཔེ་མཛོད་ཁང་གི་ལས་འགན་བཞེས་བཞིན་རྩོམ་ཡིག་སོགས་འབྲི་ཞོར་དུ་བཞུགས་བཞིན་ཡིན་ནོ། །
ཤེས་བྱ་ཀུན་གཟིགས་ཀྱི་རྣམ་ཐར་མདོར་བསྡུས།
མཁན་པོ་ཤེས་བྱ་ཀུན་གཟིགས་ནི་རབ་བྱུང་བ་ཅུ་དྲུག་ལྕགས་ཁྱི་ལོའི་བོད་ཟླ༩པའི་ཚེས༢༠སྟེ་སྤྱི་ལོ༡༩༧༠ལོའི་ཟླ༡༡ཚེས༡༨ལ་རྟའུ་རྫོང་གཡུ་ཁོག་ས་ཆའི་གཡུ་མཁར་དགོན་པའི་ཉེ་འདབ་རྒྱ་གྲོང་ཡུལ་ཤོག་ཏུ་ཡབ་འཕགས་མཆོག་རྡོ་རྗེ་དང་ཡུམ་མཁའ་འགྲོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་ནས་ས་གནས་སློབ་ཆུང་བ་འགྲིམ་པ་དང་ཞོར་ལ་བོད་ཡིག་འབྲི་ཀློག་དང། འདོན་ཆོག་སོགས་ལྐོག་ནས་སྦྱངས། དགུང་ལོ་བཅུ་གསུམ་ཐོག་ཏུ་སློབ་ཆུང་མཐར་ཕྱིན་ནས་གཡུ་མཁར་དགོན་པའི་གྲྭ་པ་བྱས་ཤིང་། རིམ་གྱིས་དགོན་པའི་འདོན་རྟ་དབྱངས་དང། འབུད་བརྡུངས་དཀྲོལ་གསུམ། གཏོར་བཟོ་དཀར་རྒྱན་དང་གར་འཆམ་སོགས་ལ་སྦྱངས། དགུང་ལོ་བཅོ་ལྔར་ཕེབས་སྐབས་ངེས་འབྱུང་གིས་རྒྱུད་སྐུལ་ནས་ཉམ་ཆུང་སེམས་ཅན་རྣམས་ལ་འཚེ་བ་སྤོང་ཕྱིར་སྐུ་ཚེ་གང་པོ་དཀར་ཟས་ཀྱིས་འཚོ་བའི་དམ་བཅའ་མཛད། དགུང་ལོ་བཅུ་དྲུག་སྟེང་གསེར་རྟ་བླ་རུང་གི་མཁན་སྒེག་རྡོར་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ནོས་ཤིང་། མཁན་ཆེན་འཇིགས་ཕུན་སྐུ་མདུན་ནས་དུས་འཁོར་དབང་ཆེན་སོགས་ཕུད། སྒྱུ་འཕྲུལ་ཞི་ཁྲོ། འཇམ་དཔལ་རྒྱུད་ལུགས་སོགས་ཀྱི་དབང་ལུང་ཐོབ། ཕ་ཡུལ་དུ་གཡུ་ཁོག་བྱ་བྲལ་རིན་པོ་ཆེའི་ཞལ་སློབ་བླ་མ་བློ་ལྡན་ཤེས་རབ་མདུན་ནས་སྔ་ཕྱིར་སྔོན་འགྲོའི་ཁྲིད་ཡིག་ལན་གསུམ་ཐོབ་ནས་འབུམ་ལྔའི་བསགས་སྦྱང་མཐར་ཕྱིན་པ་མཛད། དགུང་ལོ་བཅོ་བརྒྱད་སྟེང་རྫོགས་ཆེན་ཤྲཱི་སེང་དུ་ཕེབས་ནས་མཁན་ཆེན་ཟླ་བའི་འོད་ཟེར། སྤྲུལ་སྐུ་སྐལ་བཟང་སོགས་སྐྱེས་ཆེན་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ། ཡིག་གཟུགས་སྣ་ཚོགས། སྒྲ་སྙན་རྩིས་གསུམ། དབུ་ཕར་འདུལ་མཛོད་སོགས་ལ་ཐོས་བསམ་དང་དབང་ལུང་མན་ངག་གསན་ནས་ལོ་བཞི་ལྷག་ཞུགས། ༡༩༩༢ སྤྲེལ་ལོ་སྤྲེལ་ཟླར་མཁན་ཆེན་བླ་མ་པདྨ་ཆོས་དབྱིངས་ཁྱབ་གདལ་གྱི་ཞབས་ལ་གཏུགས་ནས། རོང་ཀློང་མི་ཕམ་བོད་སྤྲུལ་སོགས་ཀྱི་གཞུང་ལ་ཐོས་བསམ་མཛད། ཞོར་ལ་སུམ་རྟགས་དག་གསུམ་དང་སྒྲ་སྙན་རྩིས་གསུམ་བཅས་གཞན་ལ་སློབ་ཁྲིད་ཀྱང་མཛད། །རྗེ་འདི་ཉིད་དགུང་གྲངས་ཉེར་བདུན་ལ་ཕེབས་སྐབས༡༩༩༦ལོར་རྫོགས་ཆེན་དུ་སྤྲུལ་སྐུ་སྐལ་བཟང་གི་མདུན་ནས་དགེ་སློང་གི་སྡོམ་པ་ནོས་ནས་བསླབ་སྡོམ་མིག་འབྲས་ལྟར་བསྲུངས། ༡༩༩༦ལོར་རྫོགས་ཆེན་དུ་སྤྲུལ་སྐུ་སྐལ་བཟང་མདུན་ནས་དགེ་སློང་གི་སྡོམ་པ་ནོས་ནས་བསླབ་སྡོམ་མིིག་འབྲས་ལྟར་བསྲུངས། ༡༩༩༩ལོར་ལི་མདོར་མཁན་ཆེན་ཤེས་རབ་སྐུ་མདུན་ནས་རོང་ཟོམ་བཀའ་འབུམ་དང་རྒྱུད་བཅུ་བདུན། མི་ཕམ་བཀའ་བུམ་སོགས་ཀྱི་ལུང་ཐོབ། རྫོགས་ཆེན་དུ་ཕེབས་ནས་རབ་འབྱམས་པའི་མཚན་གནས་བཞེས། ཨ་སྐྱོང་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་སྐུ་མདུན་ནས་ཡེ་ཤེས་བླ་མའི་ཁྲིད་སྦྱང་རྒྱས་པ་དང། ཁྲིད་ཚན་མང་ོཔ་ཞུསཙ། དགུན་ཁར་རྟོགས་ལྡན་སྒར་དུ་ཞགས་བརྒྱའི་མཚམས་ལ་ཞུགས་ཤིང་སྤྲུལ་བསྟན་པའི་དབང་ཕྱུག་སོགས་དང་ལྷན་དུ་བླ་མ་ཡང་ཏིག་གི་ཟབ་ཁྲིད་ཞུས། སྤྲུལ་བསྟན་པོ་ལས་ཀྱང་ཟབ་ཁྲིད་ཐོབ། སྤྱི་ལོ༢༠༠༠ལོའི་དབྱར་ཀར་རྫོགས་ཆེན་ནས་བླ་མ་རྟོགས་ལྡན་སྐུ་མདུན་བར་དོ་དྲུག་ཁྲིད། རྒྱུད་བཅུ་བདུན། ཡེ་ཤེས་བླ་མའི་རྒྱབ་ཆོས་སྐོར་ཞུས། ༢༠༠༡སྨིན་གླིང་འདུས་སྤྱིས་གདན་ཞུས་ལྟར་སླར་སྨིན་གླིང་དུ་བྱོན་ནས་ལོ་དེར་སྤྲུལ་ངེས་དོན་བསྟན་འཛིན་རིན་པོ་ཆེའི་སྐུ་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་དང་མཁན་ཚེ་རིང་སྟོབས་ལྡན་སྐུ་མདུན་ནས་གཏེར་མཛོད་ཀྱི་ལུང་ཆ་ཚང་། རྡོར་འཛིན་བསྟན་འཛིན་ཉི་མའི་སྐུ་མདུན་ནས་སྨིན་གླིང་གཏེར་ཆེན་བཀའ་འབུམ་གྱི་ལུང་དང། སྨིན་གླིང་མཆེད་ཀྱི་ཆོས་སྐོར་གྱི་དབང་ལུང་ཁྲིད་སོགས་ཞུས།
རྒྱལ་བསྟན་བཤད་དང་སྒྲུབ་པས་བསྐྱངས་ཚུལ།
དེ་ཡང་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།།ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་པ་ལྟར་འོག་མིན་ཨྱོན་སྨིན་གྲོལ་གླིང་གི་འདུས་སྡེ་སྤྱི་ཡི་རེ་སྨོན་དང། རྫོགས་ཆེན་སྤྲུལ་སྐུ་སྐལ་བཟང་ཚང་གིས་བཀའ་མངགས་མཛད་ཅིང་། མཁན་ཆེན་རང་ཉིད་ཀྱི་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་ནས ༡༩༩༦ལོར་མཁན་ཆེན་འདི་ཉིད་སྨིན་གླིང་དུ་ཞབས་སོར་འཁོད་ནས་གནས་འདིར་བཤད་གྲྭ་གསར་འཛུགས་གནང་སྟེ་བཤད་སྒྲུབ་ཀྱི་བསྟན་པའི་དབུ་བརྙེས། གྲྭ་གསར་མང་པོར་སུམ་རྟགས་དག་གསུམ་དང། །ལཉ་ཝར་སོགས་དབུ་མའི་སྐོར། རྒྱུད་བླ་མ་སོགས་བྱམས་ཆོས་སྐོར་ཆོས་ཁྲིད་ལོ་གསུམ་ཙམ་བསྐྱངས་ནས་ཕ་ཡུལ་དུ་ཕེབས། ༢༠༠༠ལོར་ཕ་ཡུལ་དུ་མཁན་སྨན་བླ་དང། གཡུ་ཁོག་རྒྱ་སྤྲུལ་སོགས་ལ་ཀློང་ཆེན་མཛོད་བདུན་དང་ངལ་གསོ་སྐོར་གསུམ་སོགས་ཀྱི་ཁྲིད་ལུང་གནང་། ལོ་དེའི་དགུན་ཁར་རྫོགས་ཆེན་ཤྲཱི་སིང་ཆོས་གྲྭར་བོད་སྤྲུལ་ཤེར་ཕྱིན་དང་སྤྱོད་འཇུག་གི་ཆོས་ཁྲིད་ཀྱང་གནང་། ༢༠༠༡ལོར་སྨིན་གླིང་དུ་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཞུས་སྐབས་དེར་འདུས་ཀྱི་བླ་སློབ་མཁན་སྤྲུལ་སུམ་བརྒྱ་ལྷག་ཅིག་ལ་མཛོད་བདུན་གྱི་ལུང་དང། ངལ་གསོལ་སྐོར་གསུམ། རྒྱུད་བཅུ་བདུན་སོགས་ཀྱི་ལུང་གནང་། ༢༠༠༢ལོར་སྨིན་གླིང་འདུས་སྤྱིའི་དབུ་འཛིན་དང་གྲོས་མཐུན་ལྟར་སྨིན་དགོན་པའི་ཤར་ཕྱོགས་རྒྱང་གྲགས་གཅིག་གི་མཚམས། དེ་སྔོན་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུའི་བཞུགས་གནས་དེར་བཤད་གྲྭ་གསར་དུ་བཏབ། ལོ་སྔ་མའི་གཏེར་མཛོད་དབང་ལུང་གི་མཇུག་གྲུབ་ནས་སྟོན་ཁ་བཤད་གྲྭ་གནས་དེར་སྤོས་ཤིང་འཛིན་གྲྭ་སོ་སོར་ཕྱེས་ཏེ་ཕྱི་ནང་གི་སློབ་གཉེར་བ་མང་པོར་སྡོམ་གསུམ་སོགས་ཀྱི་ཆོས་ཁྲིད་མཛད། ཞོར་དུ་རྡོར་སེམས་ཀྱི་བསྙེན་པ་གནང་། ༢༠༠༧ལོར་པེ་ཅིང་མཐོ་རིམ་ནང་བསྟན་སློབ་གྲྭས་གདན་ཞུས་ལྟར་རབ་འབྱམས་པའི་འཛིན་གྲྭར་ཆོས་ཁྲིད་ལོ་གཅིག་གནང་། དེ་ལྟར་བགྲང་བྱ་བཅུ་གསུམ་ལྷག་གི་རིང་ལ་ཐུན་མོང་རིག་གནས་དང་གཞུང་ཆེན་བཅུ་གསུམ། གསང་སྙིང་མཛོད་ལྡེ། སྤྱི་དོན་འོད་གསལ་སྙིང་པོ། གསང་བདག་ཞལ་ལུང་། གསང་བདག་དགོངས་རྒྱན་བཅས་ཀྱི་ཆོས་ཁྲིད་དང་སྦྲགས་དཀྱིལ་འཁོར་བློས་བསླངས་བཞེངས་སྟངས་ཀྱི་སློབ་ཁྲིད་སོགས་སྨིན་གླིང་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། ༢༠༡༠ལོའི་དབྱར་གནས་སྐབས་སུ་བཤད་གྲྭའི་ཆོས་ཁྲིད་ཀྱི་ཞོར་ལ་སྨིན་་གླིང་འདུས་སྤྱིར་བསྐྱེད་རྫོགས་ཟིན་བྲིས་ཀྱི་ལྗགས་ཁྲིད་གནང་། དེའི་མཚམས་ནས་རྐྱེན་དབང་ཞིག་གིས་ཕ་ཡུལ་དུ་ཕེབས་དགོས་བྱུང་། ༢༠༡༡ལོ་ནས་བྱ་བྲལ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་གདལ་གྱི་གདན་ས་ལི་མདོ་ཆོས་སྒར་དུ་ཕེབས་ཏེ་ཆོས་གྲོགས་མཁན་པོ་གཞན་དག་དང་མཉམ་དུ་བླ་མའི་གདན་ས་བསྐྱངས་ཤིང་ཐུན་མོང་རིག་གནས་ནས་མདོ་སྔགས་ཀྱི་ཆོས་གཞུང་མང་པོ་ཁྲིད་གནང་མཛད།
བཤད་སྒྲུབ་ཀྱི་བསྟན་པ་སྐྱོང་བའི་མཛད་འཕྲིན་སྐོར།
༢༠༠༣ལོའི་ལོ་མཇུག་ལ་སྨིན་གླིང་འདུས་སྤྱིའི་སྐུ་ཚབ་ཏུ་ཆོས་རྗེ་རིན་པོ་ཆེ་སྐུ་ཞི་བར་གཤེགས་པས་རྗེ་བཙུན་མུ་མཚོས་དབུས་བླ་རུང་མཁན་སྤྲུལ་རྣམས་ལ་ཐུགས་གསོ་མཛད་སར་ཕེབས། ལོ་དེར་ཀུན་མཁྱེན་བོད་པ་སྤྲུལ་སྐུའི་གསུང་འབུམ་ཕྱོགས་སྒྲིག་དང་རྣམ་ཐར་སོགས་ཕྱོགས་བསྒྲིགས་མཛད། ༢༠༠༤ལོའི་དབྱར་ཀར་ཕ་ཡུལ་གཡུ་མཁར་དགོན་ལ་བལ་ཡུལ་བས་གདན་དྲངས་ཤིང་སྨན་གླིང་ནས་གཟུངས་འཇུག་དང་རབ་གནས་ཚད་ལྡན་བྱས་པའི་ཇོ་བོའི་སྐུ་འདྲ་སྤུས་ལེགས་ཤིག་ཕུལ། ལོ་དེར་སྨིན་གླིང་འདུས་སྤྱིའི་སྐུ་ཚབ་ཏུ་རྫོགས་ཆེན་དང་ཞེ་ཆེན་དགོན་སོགས་ཀྱི་རྟེན་འབྲེལ་མཛད་སྒོར་ཕེབས། ༢༠༠༥ལོར་འབྲོག་རི་བོ་དགའ་ལྡན་དགོན་པ་ཕྱག་བཏབ་ནས་ལོ་དྲུག་བརྒྱ་འཁོར་བའི་མཛད་སྒོར་ཕེབས། ལོ་དེར་གཡུ་ཁོག་བླ་མའི་གསུམ་འབུམ་ཕྱོགས་བསྒྲིགས་མཛད་ཡོད། ༢༠༠༦ལོར་སྨིན་གླིང་འདུས་སྤྱིའི་སྐུ་ཚབ་ཏུ་དཔལ་ཡུལ་དགོན་ཆེན་གྱི་འདུ་ཁང་གསར་བཞེངས་ཀྱི་དགའ་སྟོན་ལ་བྱོན། ༢༠༠༩ལོར་སྨིན་གླིང་བླ་རབས་དང་མཁན་རབས་རྣམ་པའི་གསུང་འབུམ་བསྡུ་སྒྲིག་དང་སྔ་འགྱུར་སྨིན་གླིང་དཔེ་ཚོགས་གསར་དུ་བཙུགས། སྨིན་གླིང་དུ་བཞུགས་རིང་བཤད་གྲྭའི་ཆོས་ཁྲིད་ཀྱི་ཞོར་ལ་དད་ལྡན་ཕོ་མོ་མང་པོར་ནང་ཆོས་ངོ་སྤྲོད་དང་། སྐྱབས་འགྲོའི་སྡོམ་པ། དགེ་བསྙེན་གྱི་སྡོམ་པ། བདེ་ཆེན་ཞིང་ཁྲིད། མ་ཎིའི་ཕན་ཡོན་དང་ཁྲིད་སོགས་ལན་གྲངས་མང་དུ་གསུངས་ནས་དགོན་པའི་ཉེ་འཁོར་གྱི་མང་ཚོགས་མང་པོ་བློ་སྣ་ཆོས་ལ་བསྒྱུར། ཀུན་མཁྱེན་ཀློང་ཆེན་གྱི་གདན་ས་ཐོག་མ་གྲ་ནང་སྟོད་གྲོང་དགོན་དུ་མ་ཎིའི་ཚོགས་པ་བཙུགས་ནས་གྲ་ནང་གི་ཡུལ་མི་རྒན་དར་གཞོན་གསུམ་ལ་དམ་པ་ཆོས་ཀྱི་ཆོས་སྦྱིན་བསྩལ་ནས་དད་ལྡན་མང་པོར་ཐར་པའི་མ་བོན་བསྐྲུན། ཕ་ཡུལ་གཡུ་ཁོག་ཏུ་ཡང་དེ་སྔོན་ནས་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབ་གཏན་འཁེལ་གྱིས་ལོ་བརྒྱད་ཙམ་ཚོགས། པེ་ཅིང་ནང་བསྟན་སློབ་གླིང་དུ་བཞུགས་སྐབས་ཤིག་ལ་རི་བོ་རྩེ་ལྔ་སོགས་སུ་གནས་གཟིགས་ལ་ཕེབས་ཤིང་རྒྱའི་དགེ་བསྙེན་མང་པོར་སྔོན་འགྲོ་དང་། བློ་ལྡོག་རྣམ་བཞི། དམ་པ་གསུམ། སྐྱབས་འགྲོའི་བསླབ་བྱ་སོགས་ཀྱི་ཆོས་ཁྲིད་བསྩལ་བ་སོགས་མཁན་ཆེན་ཁོང་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པར་བཀའ་དྲིན་གཞལ་བར་དཀའ་བ་ཞིག་ཡིན། དབུས་གཙང་ཁུལ་དུ་བཤད་སྒྲུབ་ཀྱི་བསྟན་པ་ཉག་ཕྲ་བའི་དུས་དེར་མཁན་ཆེན་ཁོང་སྨིན་གླིང་དགོན་དུ་ཕེབས་ནས་ཐོག་མར་བཤད་སྒྲུབ་ཀྱི་བསྟན་པའི་གཞི་བཙུགས། བར་དུ་ཕྱི་ནང་གི་སློབ་མ་མང་པོ་རབ་ཏུ་བྱུང་ནས་བཤད་སྒྲུབ་ཀྱི་བསྟན་པའི་དབུ་བརྙེས། མཐར་སྡེ་སྣོད་འཛིན་པའི་སློབ་མ་མང་པོ་རྗེས་སུ་བཟུང་ནས་བཤད་སྒྲུབ་ཀྱི་བསྟན་པའི་སྒོ་དབྱེད་པ་སོགས་སྨིན་གླིང་དགོན་མ་ལག་དང་བཅས་པར་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པའི་སྒོ་འཕར་ཕྱེས། ༢༠༠༦ལོ་ནས་སྨིན་གླིང་བཤད་གྲྭ་དང་དགོན་སྤྱིའི་རང་ཁང་དུ་དཀར་ཟས་བྱེད་དགོས་པའི་འབོད་སྐུལ་དང་དཀར་ཟས་ཕན་ཡོན་གྱི་རྩོམ་དེབ་མཛད་པ་སོགས་བསྟན་པ་དང་སེསམ་ཅན་ལ་བཀའ་དྲིན་བླ་ན་མ་མཆིས་ཤིང་།
ད་ལྟ་ལི་མདོ་ཆོས་སྒར་དུ་ཆོས་གྲོགས་མཁན་སྤྲུལ་རྣམས་དང་མཉམ་དུ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཁྲིད་མཛད་ནས་བླ་མའི་གདན་ས་སྐྱངས་ཤིང་། ཞར་དང་ཞོར་ལ་ཕྱོགས་དང་རིས་སུ་མ་ཆད་པའི་དད་ལྡན་ཕོ་མོ་མང་པོར་ནང་ཆོས་ཀྱི་ངོ་སྤྲོད་དང། བདེ་ཆེན་ཞིང་ཁྲིད། སྔོན་འགྲོ་སོགས་ཀྱི་ཆོས་སྦྱིན་རྒྱ་ཆེར་མཛད་བཞིན་པ་ལགས་སོ། །ཞེས་པ་འདི་ནི་སྨིན་གླིང་གི་ཁོང་གི་སློབ་མའི་གཏོགས་པ་མཁན་པོ་བཀྲིས་དོན་གྲུབ་ལགས་ཀྱིས་ཤར་མར་བྲིས་པ་ལས་བཏུས་པ་ཡིན་ནོ། །
རྒྱང་སྒྲོག་པ་འཆི་མེད་དབང་མོའི་ངོ་སྤྲོད།
དེ་ཡང་འཆི་མེད་དབང་མོ་ནི་ཕ་ཚེ་རིང་རྣམ་རྒྱལ་དང་མ་ཚེ་རིང་གཡང་འཛོམས་གཉིས་ཀྱི་བུ་རྒྱུད་དུ། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ༡༩༨༢ལོའི་ཟླ་བ༧པའི་ཚེས་༣༠ཉིན་སི་ཁྲོན་དཀར་མཛེས་ཁུལ་དར་མདོ་རྫོང་གི་སྐྱ་ཀེའི་ཡུལ་ཤོག་གི་ལི་ཚེ་གྲོང་པ་རུ་སྐྱེས། སྤྱི་ལོ༢༠༠༠ལོར་དར་མདོ་མི་རིགས་དགེ་འོས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན། ༢༠༠༤ལོར་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐོ་རིམ་ཆེད་སྦྱོང་སློབ་མཐར་ཕྱིན། ༢༠༠༨ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་དངོས་གཞི་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན། ད་སྐབས་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་སྲུང་སྐར་བརྙན་འཕྲིན་ཁང་གི་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན་དང་། དབུ་བཞུགས་གཙོ་བསྒྲགས་པ། ཁམས་པའི་སྲུང་སྐར་བརྙན་འཕྲིན་གྱི་གསར་འགྱུར་དང་། དུས་སྲིད་གསར་འགྱུར་འཆི་མེད་ཀྱི་གླེང་མོལ་དུས་ཚོད་ལས་ཚན་མདོ་འཛིན་པ་བཅས་ཀྱི་འགན་ཁུར་བྱེད་བཞིན་ཡོད། མོ་ལ་ད་དུང་རྒྱང་བསྒྲགས་པ་རིམ་པ་དང་པོའི་ལས་ཀའི་གོ་མིང་ཐོབ། རྒྱལ་ཡོངས་ཀྱི་རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་མདོ་འཛིན་པ་དང་རྒྱང་བསྒྲགས་པའི་བྱ་དགའ་ཨང་དང་པོ་དང་། སི་ཁྲོན་ཞིང་ཆེན་གྱི་རྒྱང་བསྒྲགས་དང་བརྙན་འཕྲིན་ལས་ཚན་གྱི་ཕུལ་ཏུ་བྱུང་བའི་རྒྱང་བསྒྲགས་དང་མདོ་འཛིན་པའི་བྱ་དགའ་བཅས་ཐོབ་ཡོད་པར་མ་ཟད། སི་ཁྲོན་རྒྱང་བསྒྲགས་དང་བརྙན་འཕྲིན་ཁང་གི་ཕུལ་བྱུང་མདོ་འཛིན་པ་བཅུའི་གྲས་སུ་ཚུད་ཡོད་ཅིང་། སྐབས་བརྒྱད་པའི་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་བརྙན་འཕྲིན་སྒྱུ་རྩལ་མཁན་དང་། སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་འཛོམས་ཀྱི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པ་ཞེས་པ་སོགས་ཀྱི་མཚན་སྙན་ཐོབ། མོ་ནི་ཁམས་ཁུལ་དུ་དེང་སྐབས་ཅུང་དཀོན་པའི་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་བེད་སྤྱོད་མཁས་པའི་བརྙན་འཕྲིན་ལས་རིགས་ཀྱི་མདོ་འཛིན་པ་ཞིག་ཡིན། གཞན་ཡང་གོང་རིམ་གྱིས་གདན་ཞུས་ལྟར་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་མདོ་འཛིན་པ་པེ་ཡན་སུང་དང་། ལི་རུའི་དབྱིན། ཏུང་ཆིན། ཀྲུའུ་ཐའོ་སོགས་དང་མཉམ་དུ་བརྩེ་དུང་ཡུལ་ཤུལ་ལ་ཕུལ་བ་སྟེ་མཐའ་མེད་པའི་གཅེས་སེམས་ཞེས་པའི་ས་འགུལ་གྱི་གནོད་སྐྱོན་འགོག་བྱེད་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་གྱི་མདོ་འཛིན་པའི་ལས་ཀར་ཞུགས་མྱོང་། མོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་སྤེལ་གཏོང་བྱེད་མཁན་གྱི་བོད་རིགས་ཀྱི་གཙོ་སྒྲོག་པ་ཐོག་མ་ཡིན་ལ། སི་ཁྲོན་སྲུང་སྐར་བརྙན་འཕྲིན་གྱི་སི་ཁྲོན་གསར་འགྱུར་ལས་ཚན་གྱི་བོད་ཀྱི་བུད་མེད་གཙོ་སྒྲོགས་པ་ཐོག་མའང་ཁོང་ཡིན་ཞིང་། བོད་རིགས་བརྙན་འཕྲིན་སྒྱུ་རྩལ་པ་ཞིག་ཡིན་པས། མོ་ལ་བོད་ཀྱི་རིག་གནས་ཐད་ལ་གོ་མྱོང་མཐོང་གསུམ་ཡག་པོ་ཡོད་པ་མ་ཟད། བརྙན་འཕྲིན་སྒྱུ་རྩལ་གྱི་སྐད་ཆའི་བརྡ་སྤྲོད་བྱེད་ཚུལ་ལའང་བྱང་ཆ་ཐོབ་པ་ཞིག་ཡིན། ཁམས་པའི་བརྙན་འཕྲིན་གྱི་ལོ་རྟག་པར་བོད་ཀྱི་ལོ་གསར་གྱི་དགོང་ཚོགས་དང་། དེ་མིན་བརྙན་འཕྲིན་དགོང་ཚོགས་སོ་སོའི་མདོ་འཛིན་པའི་ལས་འགན་བཅས་གཅིག་ལྕོགས་སུ་ཁུར་བཞིན་ཡོད། མོས་སྤོབས་པ་ཆེན་པོའི་ངང་ནས་མཉམ་འདྲེས་མ་ཤོར་བའི་མདོ་འཛིན་གྱི་ཁྱད་ཆོས་ཀྱིས་དགའ་སྤྲོ་དང་སྨོན་འདུན་སོགས་བརྙན་འཕྲིན་ལ་ལྟ་མཁན་ལྟད་མོ་བ་སོ་སོའི་མདུན་དུ་བསྐྱལ་ཞིང་། བོད་ཁུལ་གྱི་རྒྱ་ཆེ་བརྙན་འཕྲིན་ལྟད་མོ་བ་ཚོར་སྤྲོ་སྐྱིད་སྐྱེལ་བ་དང་ཆབ་གཅིག མོས་དུས་རྒྱུན་བོད་ལྗོངས་དང་། མཚོ་སྔོན། ཡུན་ནན། སི་ཁྲོན་སོགས་བོད་ཀྱི་ས་ཆ་སོ་སོས་གདན་ཞུས་ལྟར་ཀུན་འདུས་ལས་ཚན་སོ་སོའི་མདོ་འཛིན་པའི་འགན་ཁུར་ཏེ་བོད་རིགས་གཞོན་ནུའི་ནང་གི་ཕུལ་བྱུང་གི་མི་སྣ་ཞིག་ཏུ་གྱུར་ཡོད། ཁོང་གི་མིང་ལ་མི་ཉག་གི་མཛེས་མ་དང་མཛངས་མ་ཞེས་མཁས་པ་ཚོས་མིང་བཏགས་ཡོད་པ་ནི་ཁོ་བོས་བལྟས་ན་མིང་དང་དོན་མཚུངས་པ་ཞིག་རེད་སྙམ་མོ། །
མཁར་པ་ཆོས་དགའི་ངོ་སྤྲོད།
མི་ཉག་མཁར་པ་ཆོས་དགའ་ནི་ཕ་མཁར་པ་སྐལ་བཟང་འཆི་མེད་དང་མ་ སྟོད་པ་དཔོན་རྒྱུད་སེམས་སྐྱིད་སྒྲོལ་མ་གཉིས་ཀྱི་རིགས་རྒྱུད་དུ། བོད་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་སྟེ་སྤྱི་ལོ༡༩༦༧ལོའི་བོད་ཟླ༡༢པའི་ཚེས༡༣ལ་གསེར་ཁ་ཡུལ་ཤོག་གི་ཚ་ཉག་སྟོད་པའི་སྡེ་པ་རུ་སྐྱེས། ཕ་མའི་བཀའ་དྲིན་གྱིས་རིམ་བཞིན་ན་ཚོད་དང་བསྟུན་ནས་ཡི་གེ་འབྲི་ཀློག་སོགས་སྦྱོང་པ་ལེགས་པོར་མཛད། སྔ་ཕྱིར་རག་ཤུལ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་། རྫོགས་ཆེན་སྤྲུལ་སྐུ་པདྨ་སྐལ་བཟང་། རྫོགས་ཆེན་འབྲུག་པ་ཐུབ་བསྟན་ཉི་མ། རྫོགས་ཆེན་རྟོགས་ལྡན་སྤྲུལ་སྐུ། སྐུ་ནུབ་དགོན་པའི་མཁན་པོ་སྐུ་ནུབ་འོད་ཟེར་རྡོ་རྗེ། སི་བོད་སློབ་གྲྭའི་དགེན་ཝ་ཤུལ་པདྨ་དྲི་མེད། མཁན་ཐུབ་ལོ། སྟག་རོང་དཔལ་བསྡུས། གནུབས་ཟུར་མཁན་ཆེན་འཇིགས་མེད་ཕུན་ཚོགས། གྲུབ་དབང་ལུང་རྟོགས་རྒྱལ་མཚན། མཁན་ཟབ་གསང་། སྐྱབས་རྗེ་གཟན་དཀར་སྤྲུལ་སྐུ། རྡོ་བྲག་རིག་འཛིན་ཆེན་པོ། མཁན་པོ་དཀོན་མཆོག་བཀྲ་ཤིས། མཁན་སྒེག་པ། མཁན་ཤེས་རབ་བཟང་པོ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་དང་། དབང་ལུང་མན་ངག་གི་སྐོར་བཅས་དམ་ཆོས་བདུད་རྩིའི་བགོ་སྐལ་མི་དམན་ཙམ་ཉམས་སུ་བཞེས་པའི་སྐལ་བཟང་ཐོབ། ཁྱད་པར་དུ་དར་མདོ་རྡོ་རྗེ་བྲག་དགོན་པའི་བཤད་གྲྭ་བློ་གསལ་ཐོས་བསམ་གླིང་དུ་གནུབས་ཟུར་མཁན་པོ་དོ་དེས་སམ་ལུང་རྟོགས་རྒྱལ་མཚན་དང་། མཁན་པོ་པདྨ་མཆོག་གྲུབ་རྣམ་གཉིས་ཀྱི་མདུན་ནས་སྤྱི་ལོ༢༠༠༠ལོ་ནས༢༠༠༨ལོའི་བར་གྱི་ལོ་ངོ་བརྒྱད་ཀྱི་རིང་ལ་བྱམས་ཆོས་སྡེ་ལྔ་དང་། མངོན་པ་མཛོད། མི་ཕམ་མཁས་འཇུག འདུལ་བའི་སྐོར། སྤྱོད་འཇུག ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས། ཚད་མ་རྣམ་འགྲེལ། བསེ་བསྡུས་གྲྭ་སོགས་ལ་ཐོས་བསམ་བར་མེད་དུ་མཛད་ཅིང་། དེའི་རིང་ལ་སྐྱོར་དཔོན་གྱི་འགན་ཁུར་བཞེས། སློབ་མཐར་ཕྱིན་རྗེས་མཐར་ཕྱིན་ལག་ཁྱེར་དང་། མཁན་པོའི་ཐོབ་ཐང་གི་དཔང་ཡིག་ཀྱང་ཐོབ། དེ་ནས་རྫོགས་ཆེན་དགོན་གཞུང་གི་སློབ་གྲྭའི་ནང་དུ་དགེ་རྒན་གྱི་བྱ་བ་ལོ་དྲུག་ལ་བསྒྲུབས། ༢༠༡༢ལོའི་ལོ་སྨད་དུ་སྡེ་དགེ་རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་དུ་བརྡ་སྤྲོད་རིག་པ་དང་སྙན་ངག་རིག་པ། སྤྱོད་འཇུག་སོགས་ཀྱི་སློབ་ཁྲིད་གནང་བཞིན་དེང་གི་བར་དུ་བཞུགས་ཡོད། ཁོང་གི་གསུང་རྩོམ་སྐོར། སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཐུབ་དབང་དགྱེས་པའི་མཆོད་སྤྲིན་དང་། དགེ་བཅུའི་རྣམ་གཞག་ཤཱཀྱའི་ཞལ་ལུང་། སྣ་ཚོགས་ཉམས་ཀྱིས་རྒྱགས་པའི་མི་ཡུལ། ཐོན་མི་རྗེས་དྲན། ཆོས་སྲིད་ཟུང་འབྲེལ་ཉི་ཟླའི་འོད་སྣང་། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་མི་ཉག་ནས་རྫོང་། ཆོས་གཏམ་སྤྲིན་གྱི་མེ་ཏོག རང་མོས་སྙན་རྩོམ་ཐང་དཀར་གཤོག་གླུ་བཅས་དེབ་ཆེ་ཆུང་བརྒྱད་ཙམ་དཔར་སྐྲུན་བྱས་ཤིང་། ད་དུང་སྟོན་པ་ཤཱཀྱ་ཐུབ་པའི་བསྟོད་པ་འཇིག་རྟེན་གྲགས་པའི་གཏེར་དང་། བྱེད་དགོས་པ་བདུན། ལོག་རྟོག་མུན་པ་སེལ་བའི་ཉི་གཞོན་སོགས་རྩོམ་སྣ་འགའ་ཞིག་ཡོད་པའི་དེབ་ཅིག་ཀྱང་མི་རིང་བར་པར་བསྐྲུན་བྱ་རྒྱུའི་འཆར་གཞི་འགོད་པར་མཛད། ཁོང་ལ་ད་ཡོད་ཆེད་དེབ་བཅུ་གསུམ་ཙམ་བརྩམས་གནང་ཡོད། སླད་ནས་ཀྱང་ཁོང་གིས་རྩོམ་སྣ་ཅི་རིགས་པའི་ལས་སུ་འཇུག་ངེས་ཡིན་ཞེས་གསུངས་སོ། །
ཞར་བྱུང་མཛད་རྣམ་འབྲི་སྐབས་དཀའ་ངལ་ཅུང་ཟད་རེ་འཕྲད་ཚུལ་སྐོར་བཤད་པ། དཔེར་ན། དེ་ཡང་གནའ་སྔ་མོ་མི་ཉག་མཁས་པ་མི་ལྔ་དང་མཁས་པ་འཇམ་དབྱངས་གྲགས་པ་སོགས་ཀྱི་རྣམ་ཐར་ནང་དུ་ཁོང་ཚོའི་ཕ་མའི་མཚན་དང་འཁྲུངས་ཡུལ་དུས་ཚོད་བཅས་ཁ་གསལ་མོ་བྲིས་མེད་པ་ལྟ་བུ་དང་། ཡང་དེང་སང་གི་མཁས་པ་ཆེས་ཉུང་ཤས་འགའ་རེས་ཁོང་རང་ཉིད་ཀྱི་ཕ་མའི་མིང་དེ་ཅི་རེད་ཅེས་ཅི་ཙམ་དྲིས་ན་མི་བཤད་མཁན་ཡང་ཡོད་པས། ད་ཐེངས་མཁས་པ་འགའ་རེའི་ལོ་རྒྱུས་ངོ་སྤྲོད་ནང་དུ་ཁོ་རང་གི་ཕ་མའི་མིང་འབྲི་མ་ཐུབ་པ་ཡོད། དེའི་ཐད་ལ་ང་རང་ཉིད་ཀྱིས་བལྟས་ན་རྗེས་རབས་རྣམས་ཀྱིས་གཟབ་གཟབ་བྱེད་དགོས་སའི་གནད་དོན་གལ་ཆེ་ཤོས་ཤིག་རེད་སྙམ་བྱུང་། ཆོས་འཇིག་རྟེན་གང་གི་ལུགས་ལ་བཤད་ནའང་ལོ་རྒྱུས་རྣམ་ཐར་འབྲི་སྐབས་རང་རང་གི་ཕ་མའི་མིང་འབྲི་རྒྱུ་དང་རིགས་རུས་དུས་ཚོད་ས་ཆའི་མིང་བཅས་ནི་འབྲི་རྒྱུ་ཆེས་གལ་ཆེན་པོ་ཡིནནོ། །གཞན་ཡང་མཁས་པ་འགའ་རེས་རང་ཉིད་ཀྱི་ངོ་སྤྲོད་ཅིག་ཐེངས་མང་པོ་འབྲི་རོགས་ཞེས་རེ་བ་བྱས་ཡོད་ཀྱང་མི་སྤྲོད་མཁན་ཡང་ཡོད་དོ། །
དགེ་བཤེས་ཕུན་ཚོགས་དབང་འདུས་ཀྱི་ངོ་སྤྲོད།
དེ་ཡང་དགེ་བཤེས་ཕུན་ཚོགས་དབང་འདུས་ཚང་ནི་རྟའུ་ཁང་གསར་སྒུག་རྒྱ་ཚང་གི་ཕ་ཡབ་ཚེ་དབང་བསྟན་འཛིན་དང་མ་ཡུམ་རྟ་མགྲིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ ལོ་སྟེ་སྤྱི་ལོ་༡༩༦༤ལོར་སྐུ་འཁྲུངས། ཁོང་བུ་སྤུ་བདུན་ལས་ཆུང་ཤོས་དེ་ཡིན། ཁོང་དགུང་ལོ་བཅུ་མ་ལོན་བར་དུ་སྐབས་རེ་ནད་ན་ཞིང་སྐབས་རེ་ཟོག་རྫི་ལ་འགྲོ་དགོས་པས་སློབ་སྦྱོང་གི་གོ་སྐབས་མ་བརྙེད། རྗེས་སུ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་ལོ་གཉིས་པའི་བར་དུ་བཏོན་ནས་སྦྱངས་འབྲས་ལེགས་སུ་གྱུར། ༡༩༨༠ལོ་ནས་བཟུང་ཡབ་ཀྱི་བཀའ་བཞིན་རབ་བྱུང་བསྒྲུབས་ནས་དགོན་པར་བསྡད། དེ་ནས་ལོ་ཉི་ཤུ་རྩ་དགུའི་རིང་ལ་དགོན་པའི་ཆོ་ག་ཕྱག་ལེན་དང་། འདོན་ཆའི་རིགས་ཆོས་སྤྱོད་སྐོར། སུམ་རྟགས་དག་གསུམ་དང་དཔེ་ཆ་སོགས་ལ་སྦྱོང་བརྩོན་མཐར་ཕྱིན་པ་མཛད། ༡༩༩༣ལོར་འཕགས་ཡུལ་དུ་བྱོན་ནས་འབྲས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་དཔེ་ཆ་སློབ་གཉེར་མི་དམན་པ་གནང་ཡོད། ༡༩༩༨ལོར་གྲྭ་ཚང་ཆོས་མཛད་བཏང་། ༢༠༡༠ལོར་དགེ་བཤེས་ཀྱིས་དམ་བཅའ་བཞག་ནས་སྙན་པའི་གྲགས་པ་རྒྱས། གྲྭ་ཚང་དེར་ལོ་ལྔའི་རིང་ལ་རིག་གནས་ཀྱི་དགེ་རྒན་མཛད་ཅིང་། གཞན་ཡང་ན་རོ་ཅན་གྱི་ཁྱིམ་སློབ་གྲྭར་བགྲང་བྱ་གཉིས་དང་། བོད་སློབ་འཛིན་ཚོགས་སུ་བགྲང་བྱ་བདུན་གྱི་རིང་ལ་དགེ་རྒན་གྱིས་ལས་འགན་བཞེས། མཁས་མང་བློ་གསལ་གླིང་གྲྭ་ཚང་གི་དཔེ་མཛོད་ཁང་དུ་ཞུ་དག་པ་བགྲང་བྱ་གཉིས་ལ་བཞུགས་ཤིང་། ས་སྐྱ་ཆོས་སྡེར་བགྲང་བྱ་གཉིས་ཀྱི་རིང་ལ་དགེན་རྒན་གྱི་བྱ་བ་མཛད་ཡོད་པ་ལྟ་བུ་སོགས་མང་པོ་ཞིག་ཡོད་ཀྱང་། འདིར་ཆེས་མདོར་བསྡུས་ཤིག་མ་གཏོགས་བཀོད་མ་ཐུབ་པས་ཚང་མ་ལ་དགོངས་དག་ཞུའོ།།
མི་ཉག་གི་ལོ་རྒྱུས་བཅར་འདྲི་དང་གནའ་ཤུལ་རྩ་ཆེན་སྐོར།
བོད་རིག་པར་ཆེད་མཁས་པར་བཅར་འདྲིའི་སྐོར།
མདོ་འཛིན་པ་གཡང་སྐྱིད་ཀྱིས། ཐང་ཡིག་གསར་མར党项ཞེས་པ་དང་མི་ཉག་གཉིས་ཀྱི་བར་ལ་དོན་དངོས་སུ་ཅི་ཞིག་འབྲེལ་བ་ཡོད་པ་རེད་ཅེས་དྲིས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། རྒྱ་ཡི་ཐང་ཡིག་གསར་མར་བྱུང་བའི党项ཞེས་པ་དེ་ནི་སྒྲ་བསྒྱུར་ཞིག་རེད་འདུག བོད་ཀྱི་སེ་རྨུ་ལྡོང་སྟོང་ཞེས་རུས་ཆེན་བཞི་ལས་ལྡོང་གི་རུས་དེ་ཡིན་ལ། 党项ལ་ལྡོང་རུས་ཞེས་པའི་སྒྲ་དེ་འགྱུར་ནས་བྱུང་བ་ཞིག་རེད། བོད་ཀྱི་ལྡོང་གི་རུས་ཆེན་ལས་ལྡོང་ཤུལ་ཆེན་བཅོ་བརྒྱད་ཅེས་གྲགས་པའི་ནང་ཚན་གྱི་རུས་ཤིག་ཡིན། རྒྱ་ཡིག་གི汉书,后汉书,水书,唐书ཚང་མའི་ནང་དུ་党项ཞེས་པ་འདྲ་ཞིག་བྲིས་ཡོད་པ་རེད། ལྡོང་རུས་ཞེས་པ་དེའི་སྒྲ་འགྱུར་ནས་བྱུང་བ་ཞིག་རེད། ཐང་ཡིག་རྙིང་མ་ལས་རྗེས་སོར་འགྲེལ་བཤད་ཅིག་བྲིས་ཡོད་དེ党项ཞེས་པ་ནི་སྤེའུ༼མི་ཉག༽ཟེར་ལ། དོན་དངོས་ཐོག་འདི་སྒྲ་བསྒྱུར་བ་ཞིག་ཡིན་ལ། ཐ་སྙད་འདི་རིམ་བཞིན་རྒྱུན་ཆགས་སུ་བྱུང་ནས་ཐང་རྒྱལ་རབས་ཀྱི宋书བར་དུ་བྲིས་རྒྱུན་བྱུང་སྟེ་གནའ་བོའི་མི་ཉག་ལ་党项ཞེས་འབོད།
མདོ་འཛིན་པ་གཡང་སྐྱིད་ཀྱིས། རྒྱས党项ཞེས་པ་དང་མི་ཉག་ཅེས་པ་གཉིས་དོན་གཅིག་ཡིན་ནམ་ཞེས་དྲིས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས།党项དང་མི་ཉག་ཅེས་པ་གཉིས་དོན་གཅིག་རེད། རྒྱ་ཡིག་གི་ལོ་རྒྱུས་ལས་党项ཞེས་པར་འགྲེལ་བཤད་ཅིག་བསྐྱོད་ཡོད་པ་འདི་ལྟར་ཏེ། 党项མི་རིགས་ནི鲜卑拓拔氏ཞེས་བྲིས་ཡོད་པ་རེད།鲜卑ཞེས་པ་ནི་སྒྲ་བསྒྱུར་བ་ཞིག་ཡིན་ཏེ། དོན་ནི་ཤར་པ་ཞེས་པའི་དོན་རེད། 拓拔氏ཞེས་པ་ནི་མཐོ་འཕགས་ཞེས་པའི་སྒྲ་དེ་འགྱུར་བ་རེད། ཤར་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་མི་སྣ་ཞེས་པའི་དོན་ཡིན་ལ་སྒྲ་བསྒྱུར་དེ་ཙམ་དག་མོ་ཞིག་བྱུང་མེད་ནའང་། དོན་ནི་མཚོན་ཐུབ་པ་ཞིག་འདུག ཤར་ཕྱོགས་ཀྱི་བོད་ཀྱི་རུས་ཆེན་ཚོ་བ་ཞིག་གི་རུས་རྒྱུན་ཡིན་པ་མཐོང་ཐུབ་། ༼དེང་སྐབས་ཀྱི་ལིའོ་ཉིང་ཞིང་ཆེན་དང་། ནང་སོག་གི་འབྲེལ་མཚམས་སུ་ཆགས་ཡོད་པ་རེད།༽
མདོ་འཛིན་པ་གཡང་སྐྱིད་ཀྱིས། མི་ཉག་དང西夏བར་དེང་སྐབས་ཀྱི་ཆེད་མཁས་ཚོས་བཤད་པ་ལྟར་ན་མི་ཉག་ནི西夏མི་ཡི་རྗེས་རབས་པ་ཡིན་ཟེར་བ་དེ་ལ་རྒྱུ་མཚན་ཨེ་འདུག
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། 西夏དང党项གཉིས་ཀ་དོན་དངོས་ཐོག་རྒྱ་ཡིག་གི་ལོ་རྒྱུས་ནང་རྒྱལ་ཕྲན་གཅིག་ལ་རྒྱལ་རབས་མི་འདྲ་བ་གཉིས་ཀྱི་མིང་མི་འདྲ་བ་གཉིས་བཏགས་བཞག་པ་ཞིག་རེད། ཐོག་མའི་རྒྱ་ཡིག་གི་ལོ་རྒྱུས་ཚང་མའི་ནང་དུ西夏ཞེས་བྲིས་ཡོད་པ་རེད།党项ཞེས་བྲིས་ཡོད་པ་རེད།西夏ཞེས་པ་འདི་བོད་ཆེན་པོ་སིལ་བུར་འཐོར་རྗེས་མི་ཉག་བས་རང་སྡེ་ནས་སླར་ཡང་རྒྱལ་རབས་བཙུགས་པ་དེའི་མིང་ལ西夏国མི་ཉག་རྒྱལ་ཁབ་ཅེས་བཏགས་པ་རེད། དུས་སྐབས་དེར་ཐང་རྒྱལ་རབས་མཇུག་རྫོགས་ཤིང་སུང་རྒྱལ་རབས་དབུ་བརྙེས་པའི་དུས་ཡིན་པ་རེད།
མདོ་འཛིན་པ་གཡང་སྐྱིད་ཀྱིས། 西夏དང་党项ལྡོང་རུས་གཉིས་ཀ་རྩ་བ་ཡན་ལག་དང་བཅས་པ་གཅིག་པ་དགོས་སམ་ཞེས་དྲིས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། གཅིག་པ་རེད།西夏དང党项ཞེས་པ་གཉིས་ཀ་དོན་གཅིག་རེད། རྩ་བ་དང་ཡལ་ག་གཅིག་པ་རེད། གོང་དུ་བཤད་པ་བཞིན་རྒྱ་ཡི་ལོ་རྒྱུས་ལ་མིང་གིས་འབོད་ཚུལ་མི་གཅིག་པ་ཙམ་ལས་དོན་དངོས་ཐོག་མི་ཉག་རྒྱལ་ཁབ་ལ་ཟེར་གྱིན་ཡོད་པ་རེད།
མདོ་འཛིན་པ་གཡང་སྐྱིད་ཀྱིས། བོད་རིག་པ་ཆེད་མཁས་པ་ལ་ཁམས་ཀྱི་མི་ཉག་ནི西夏国མི་ཉག་རྒྱལ་ཁབ་མཇུག་གི་མི་རྒྱུད་ཅིག་ཡིན་ཚུལ་བཤད་འདུག་པས་དེ་ལ་དགེན་ཉིད་ཀྱི་ལྟ་ཚུལ་ཅི་ཞིག་ཡོད་གསུངས་རོགས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། ཁམས་ཀྱི་མི་ཉག་ནི་མི་ཉག་རྒྱལ་རབས་ཀྱི་རྗེས་ཀྱི་མི་རྒྱུད་ཅིག་ཡིན་ཚུལ་བཤད་པ་དེ་ནི་གཙོ་བོ་ཤར་ཕྱོགས་ཀྱི་མི་ཉག་ལ་ཞིབ་འཇུག་ཏུ་རློམ་པ་འགའ་རེ་དང་རྒྱལ་ནང་གི་རྒྱ་རིགས་ཆེད་མཁས་པ་རུ་རློམ་པ་འགས་ཁམས་མི་ཉག་ཟེར་བ་ཞིག་ཡོད་ཚུལ་མ་ཤེས་ཏེ་མི་ཉག་གི་ཆེས་སྔ་བའི་རྒྱལ་ས་ནི་ནུབ་ཕྱོགས་སུ་ཡོད་པ་ལས་ཁམས་ཕྱོགས་སུ་མེད་པས་ཁམས་ཀྱི་མི་ཉག་ནི་ཆེས་སྔ་བའི་རྒྱལ་ས་ནི་ནུབ་ཕྱོགས་སུ་ཡོད་པ་ལས་ཁམས་ཕྱོགས་སུ་མེད་པས་ཁམས་ཀྱི་མི་ཉག་ཟེར་བ་ཞིག་ཡོད་དེ་སྤྱི་ལོ༡༢༢༧ལོའི་ཧོར་ཇིང་གིར་རྒྱལ་པོས་མི་ཉག་རྒྱལ་རབས་བརླགས་སྐབས་ཁམས་ཕྱོགས་སུ་བྲོས་ཡོང་བའི་མི་ཉག་རྒྱལ་ཁབ་ཀྱི་མི་རྒྱུད་ཚོ་བ་ཞིག་ཡིན་པར་འདོད་པ་དེ་རེད། འདོད་ཚུལ་དེ་ནི་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་རིག་པའི་ངོས་ནས་བལྟས་ན་ཡང་དག་པ་ཞིག་གཏན་ནས་མིན། མི་ཉག་ཅེས་པ་ནི་གཞི་རྒྱ་ཧ་ཅང་ཆེ་བའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་ལ། དེ་ལ་དབྱེ་ན་སྔོན་གྱི་མི་ཉག་དང་རྗེས་ཀྱི་མི་ཉག་གཉིས་ཡོད། སྔོན་གྱི་མི་ཉག་གི་རྒྱལ་ཁབ་དབུ་བརྙེས་པའི་དུས་ཚོད་ནི་སྤྱི་ལོ་སྔོན་གྱི༤༩༤༧སྔ་ཕྱི་ཞིག་ལ་ཆགས་འདུག རྗེས་སོར་རྒྱ་ཡིག་གི་ཡིག་ཚང་དུ་བཀོད་པའི西夏国མི་ཉག་རྒྱལ་ཁབ་ཞེས་པ་དེ་ནི་དུས་ཕྱིས་ཤིག་རེད། རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ནང་དུ་སྤྱི་ལོ༡༡༠༠ལོའི་སྔ་ཕྱི་ཞེས་བྲིས་ཡོད་རུང་། མི་ཉག་རང་གི་ལོ་རྒྱུས་ཡིག་ཚང་དུ་ནང་དུ་སྤྱི་ལོ༨༨༥ལོར་གཡས་གཡོན་ཞིག་མི་ཉག་རྒྱལ་ཁབ་དབུ་བརྙེས་པ་རེད། སྔོན་གྱི་མི་ཉག་ནི་གནའ་བོའི་རྒྱལ་ཁབ་ཅིག་རེད། རྗེས་སོར་སྤུར་རྒྱལ་བཙན་པོས་བོད་ཆེན་པོ་གཅིག་གྱུར་བྱས་རྗེས་བོད་ཆེན་པོའི་མངའ་ཞབས་ཀྱི་རྒྱལ་ཕྲན་ཞིག་ཏུ་གྱུར། དེ་རྗེས་བོད་ཆེན་པོ་སིལ་བུ་འཐོར་བས་མི་ཉག་བས་སླར་ཡང་ནུབ་ཕྱོགས་སུ་རྒྱལ་ཁབ་བཙུགས་ཏེ་དེའི་མིང་ལ西夏国མི་ཉག་རྒྱལ་ཁབ་ཅེས་བརྗོད། ཁམས་མི་ཉག་ནི་གནའ་བོའི་མི་ཉག་གི་མངའ་ཁོངས་སུ་གཏོགས་པའི་མངའ་སྡེ་ཞིག་ཡིན་ལ། དེའི་ས་ཁྱོན་ནི་ད་ལྟའི་དབང་དུ་བྱས་ན་དར་མདོ་རྫོང་དང་། ཉག་ཆུ་རྫོང་། མགར་ཐར། དཀར་མཛེས་རྫོང་། བྲག་འགོ་རྫོང་། བརྒྱད་ཟུར་རྫོང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཕྱོགས་ཀྱི་སྲིབ་སྨད་དང་། ཧག་ཉག མུ་ལི་སོགས་ཀྱི་ས་ཁྱོན་ཁམས་མི་ཉག་རྒྱལ་ཕྲན་གྱི་མངའ་ཞབས་སུ་གཏོགས་ཤིང་ད་ལྟའི་མི་ཉག་སེའུ་རོང་ཞེས་དར་མདོ་རྫོང་ཀླུ་པ་ཡུལ་ཤོག་གི་ཁོངས་སུ་ཡོད་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་ཉག་སེའུ་རྒྱལ་པོའི་རྒྱལ་ས་དང་ཕོ་བྲང་གི་ཤུལ་སོགས་དངོས་སུ་མཇལ་དུ་ཡོད་པས། ཁམས་མི་ཉག་གི་མི་རྣམས་ཀྱིས་ཁོ་ཚོའི་མེས་པོ་ནི་ཤར་ལྷོའི་ས་ཆ་གཞན་ཞིག་ནས་འདིར་གནས་སྤོ་བར་སྙམ་པའི་དོགས་བློ་ཞིག་ཤར་མྱོང་མེད་ལ་ཤར་དགོས་ཀྱང་མི་འདུག་གོ། ཁོ་ཚོའི་མེས་པོ་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་རོལ་ནས་ས་འདི་ནས་ལག་ཆགས་ཤིང་ས་འདི་ན་འཚོ་བ་རོལ་མཁན་ཡིན་པའི་ངེས་ཤེས་རྙེད་ཡོད། ཇིང་གིར་རྒྱལ་པོས་西夏国མི་ཉག་རྒྱལ་རབས་བརླག་སྐབས་མི་ཉག་རྒྱལ་ཁབ་ཀྱི་སྡེ་བའམ་ཚོ་ཁག་ཅིག་ཁམས་ཀྱི་མི་ཉག་ཏུ་བྲོས་ཡོང་སྟེ་སྐྱབས་བཅོལ་ཏེ་གནས་ཆགས་པ་ཡིན་སྲིད་ལ宋། སྐབས་དེའི་མི་ཉག་རྒྱལ་ཁབ་ཀྱི་ཚོ་ཁག་མང་པོ་ས་ཆ་སྟོད་སྨད་དུ་བྲོས་ཏེ་འབྲུག་ཡུལ་དང་། འབྲས་ལྗོངས། བལ་ཡུལ། ལྷ་ས་དང་འཇོ་མདའ་སོགས་ན་གཞིས་ཆགས་ཏེ་ཡོད་པ་ནི་ད་ལྟའི་མི་ཉག་གི་ལོ་རྒྱུས་སུ་གསལ་ལོ། །
མདོ་འཛིན་པ་གཡང་སྐྱིད་ཀྱིས། ཁམས་མི་ཉག་གི་མཁར་རྫོང་སོགས་འཛུགས་སྐྲུན་ལག་ཤེས་དེ་བོད་ཀྱི་ལོ་རྒྱུས་ཐོག་གི་གོ་གནས་ག་འདྲ་ཞིག་ཟིན་ཡོད་པ་རེད་ལགས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། མི་ཉག་གི་མཁར་རྫོང་ནི་བོད་ཀྱི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ལག་རྩལ་མཐོ་ཤོས་ཤིག་ཡིན་ལ། དེ་ནི་འཛམ་གླིང་སྟེང་གི་ཁྱད་ཆོས་འབུར་ཐོན་གྱི་འཛུགས་སྐྲུན་ཞིག་ཡིན། རྒྱ་ཡིག་ལོ་རྒྱུས་ཡིག་ཚང་ན་ཡང་བོད་ཀྱི་མཁར་རྫོང་གི་ལོ་རྒྱུས་ཡོད་ལ།宋书ནང་དུ་བོད་ལ་སྤྱི་ལོ་སྔོན་ཞིག་ནས་མཁར་རྫོང་ཡོད་རབས་བཤད་འདུག དམའ་བར་ ཐོག་བརྩེགས་རིམ་པ་བདུན་བརྒྱད་དང་། མཐོ་པོར་ཁང་པ་ཐོག་བརྩེགས་རིམ་པ་བཅུ་ཁ་ཡོད་རབས་བཤད་འདུག མཁར་རྫོང་ནི་གཞིས་ཆགས་དང་དམག་འཁྲུག་གཉིས་ཀྱི་ཕྱོགས་སུ་གོ་ཆོད་ཅན་ཞིག་ཏུ་འདུག་ལ། དམག་འཁྲུག་མེད་དུས་དེ་རུ་གཞིས་སྡོད་བྱེད་ཆོག་ལ། དམག་འཁྲུག་བྱུང་དུས། གྲོང་སྡེ་སོ་སོ་མཁར་རྫོང་དུ་འཛུལ་ཆོག་པས། སྐབས་དེའི་དམག་འཁྲུག་གི་ལག་ཆ་རྗེས་ལུས་ཡིན་པས་མཁར་རྫོང་གི་སྐར་ཁུང་གི་ནང་གི་དབྱིབས་ཆེ་ཞིང་ཕྱི་ཡི་དབྱིབས་རྒྱ་ཆུང་ཆུང་ཡིན་པས་དེ་ནི་ཕྱི་དགྲ་འགོག་པར་ཧ་ཅང་སྟབས་བདེ་ཡིན། མཁར་རྫོང་གི་ལག་ཤེས་ནི་བོད་ཀྱི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ལག་རྩལ་སྔོན་ཐོན་ཞིག་ཡིན་ལ། དེ་འཛུགས་སྐྲུན་གྱི་ས་ཕྱོགས་ནི་ཕལ་ཆེར་རྒྱལ་མོ་རྔུལ་ཆུ་དང་། འབྲི་ཆུ། དབུས་གཙང་གི་ཡར་ཀླུང་གཙང་པོའི་ལྷོ་ཕྱོགས་སོགས་སུ་འཛུག་སྐྲུན་བྱས་པ་ཡིན། ལོ་ཉིས་བརྒྱ་སུམ་བརྒྱ་ཙམ་གྱི་སྔོན་ན་དེང་སྐབས་ཀྱི་སྲིབ་སྨད་དང་། ཧག་ཉག མུ་ལི་སོགས་སུ་མཁར་རྫོང་འདི་རིགས་ཧ་ཅང་མང་པོ་ཡོད་པ་རེད། དེ་དག་ནི་ས་རྒོད་སློག་པའི་སྐབས་སུ་ཚང་མ་བཤིགས་ནས་ཞིང་སར་བསྒྱུར་སོང་བ་དེ་དག་རེད། མཁར་རྫོང་འཛུགས་སྐྲུན་གྱི་ལག་རྩལ་ནི་བོད་ཀྱི་འཛུགས་སྐྲུན་ལག་རྩལ་གྱི་ཆེས་ཕུལ་བྱུང་གི་ལག་རྩལ་དུ་གྱུར་ཡོད་པས། མི་ཉག་པའི་འཛུགས་སྐྲུན་སྐོར་གྱི་བྱས་རྗེས་གལ་ཆེན་དེ་རེད། སྤྱིར་མི་ཉག་གི་འཛུགས་སྐྲུན་ལག་རྩལ་དེ་ལོ་རྒྱུས་སྟེང་ཏུ་ཧ་ཅང་གྲགས་ཆེན་རེད། དཔེར་ན། སྤྱི་ལོ་དྲུག་བརྒྱ་ལྔ་བཅུ་ཡར་མར་ནང་ན་བོད་ཀྱི་ལྷ་སའི་ཇོ་ཁང་གསར་བཞེངས་མཛད་སྐབས་མི་ཉག་པའི་ལག་རྩལ་པ་མང་པོ་ཡོད་ལ། བསམ་ཡས་དགོན་པ་གསར་བཞེངས་མཛད་སྐབས་སུ་ཡང་མི་ཉག་བས་ལག་རྩལ་གྱིས་བྱས་རྗེས་གལ་ཆེན་བཞག་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སུ་གསལ་བོར་བྲིས་ཡོད་པ་རེད། རིག་གནས་གསར་བརྗེའི་མཇུག་ཏུ་བསམ་ཡས་དགོན་པ་བསྐྱར་བཞེངས་ཀྱི་ཞིག་གསོ་མཛད་སྐབས་སླར་ཡང་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ནང་གི་བཟོ་བཀོད་ཚང་མའི་འགན་བཞེས་པ་རེད། སྔོན་རྗེས་གཉིས་ཀྱི་བསམ་ཡས་དགོན་ཆེན་དེ་མི་ཉག་པས་མི་ཉག་གི་ལག་རྩལ་གཙོ་བོས་བཞེངས་བསྐྲུན་བྱས་པ་འདི་ནི་ངོ་མཚར་སྟོང་དང་ལྡན་པ་ཞིག་རེད།
མདོ་འཛིན་པ་གཡང་སྐྱིད་ཀྱིས། མི་ཉག་ལོ་རྒྱུས་ཐོག་ཏུ་འཛུགས་སྐྲུན་གྱི་བཟོ་བཀོད་དང་ལག་རྩལ་པ་ཕུད་པའི་མི་ཉག་གི་ཡུལ་ན་ད་རུང་སྔོན་ཐོན་གྱི་མི་སྣ་འདྲ་བྱུང་མྱོང་བ་ཡོད་དམ་ཅེས་དྲིས།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས། མཁས་མཛངས་གཉིས་ལྡན་གྱི་མི་སྣ་མང་པོ་བྱུང་མྱོང་བ་རེད། བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་མི་ཉག་རུ་ཡོང་བཟའ་དང་། བོད་རྒྱལ་མུ་ནེ་བཙན་པོའི་བཙུན་མོ་མི་ཉག་བཟའ་ཚང་མ་ཁམས་མི་ཉག་གི་མི་རེད། ད་དུང་བོད་ཀྱི་ལོ་རྒྱུས་ཐོག་ཏུ་མི་ཉག་ལ་མཁས་པ་མང་པོ་འཁྲུངས་ཚུལ་ཡོད་པ་རེད། སྔོན་གྱི་མི་ཉག་མཁས་པ་མི་ལྔ་དང་། རྗེས་ཀྱི་མི་ཉག་མཁས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་འཁྲུངས་མྱོང་བ་མ་ཟད། དགའ་ལྡན་གསེར་ཁྲིར་མངའ་གསོལ་བའི་ཁམས་མི་ཉག་པའི་སྐྱེས་བུ་དམ་པ་དུ་མ་འཁྲུངས་མྱོང་བ་རེད་ཅེས་གསུངས་སོ། །
(འདི་ནི་དར་མདོ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མི་ཉག་གི་གསང་བ་འཚོལ་ཞེས་པའི་ལེ་ཚན་དུ་བོད་རིག་པའི་ཆེད་མཁས་པ་སྡེ་རོང་ཚེ་རིང་དོན་གྲུབ་ལ་བཅར་འདྲི་བྱས་པ་རྣམས་འདིར་བཀོད་པ་ཡི་ནོ།།
མི་ཉག་ས་བདེ་དང་རྟའུ་ཡུལ་སྐད་ཀྱི་ངོ་སྤྲོད་མདོ་བསྡུས།
དེ་ལ་མི་ཉག་གི་ཡུལ་སྐད་དང་ཡི་གེའི་སྐོར་བཤད་པར་དོན་ཚན་ལྔ་རུ་དབྱེ་ཆོག་སྟེ།
དང་པོ། མི་ཉག་གི་སྐད་དང་ཞང་ཞུང་སྐད་གཉིས་ཀྱི་གཤིབ་བསྡུར། དེ་ལ་བཞི་སྟེ། དང་པོར་གྲངས་ཀ་བརྗོད་པའི་མིང་ལ་བཞི་དང་དྲུག བདུན་བཅས་མ་གཏོགས་གྲངས་ཀའི་མཇུག་ཏུ་ལི་བརྗོད་མ་བརྗོད་ཙམ་ལས་ཚང་མ་འདྲ་སྟེ། གཅིག་ལ་ཏིག གཉིས་ལ་ནེ། གསུམ་ལ་སུམ། ལྔ་ལ་ང་། བདུན་ལ་སྣི། དགུ་ལ་འགུ། ལྔ་བརྒྱ་ལ་ང་ར། བརྒྱ་ལ་ར་འབོད་པ་ལྟར་རོ། །འདི་ལྟར་བརྗོད་ཚེ། མི་ཉག་གི་སྐད་མཁྱེན་པ་ཁ་ཅིག་གིས། མི་ཉག་གི་སྐད་དུ་བདུན་པ་ཉིས་ལེ་ཞེས་བརྗོད་པ་མིན་ནམ་ཞེ་ན། དེ་ཡང་བདེན་དེ། ཁོང་ཚོའི་གནའ་སྒྲུང་ཞིག་ཏུ་སྔར་རྨ་བྱ་བྱ་བརྒྱའི་རྒྱལ་པོ་ཡིན་ཚེ། ཁོང་གིས་བྱ་ཚོགས་ཀྱི་གཟུགས་ཆེ་ཆུང་ལ་གཞིགས་ཏེ་བྱེའུ་ཕྲུག་སྐྱེ་བའི་འཆར་གཞི་འཐེན་ཅིང་། བྱེའུ་མཐེབ་བོང་གཟུགས་ཆུང་བས་བྱེའུ་ཕྲུག་ནེ་ལི་སྐྱེ་ཆོག་པ་དང་། བྱ་ནེ་ལེ་གཟུགས་ཅུང་ཆེ་བས་བྱེའུ་ཕྲུག་སྣི་ལི་སྐྱེ་དགོས་པར་བཤད་ཀྱང་། ཁོང་གཉིས་ཀྱིས་གཟབ་ནན་སྒོས་མ་ཉན་པའི་དབང་གིས་ནོར་ཏེ། གོ་ལྡོག་སོང་བའི་སྒྲུང་སོགས་བཤད་རྒྱུ་ཡོད་ཅིང་།གནའ་མི་རྒན་པོ་ཚོས་བདུན་ལ་སྣི་ལི་ཞེས་འབོད་སྲོལ་ཡང་ཡོད་ཅེས་གསུངས་པར་བསྟེན་འདིར་དེ་ལྟར་བྲིས་པ་ཡིན།
གཉིས་པར་ཆོས་ཅན་བརྗོད་པའི་མིང་ཁ་ཤས་ཀྱི་འདྲ་སའི་སྐོར། ང་ལ་ངུ་། སེམས་ངན་ལ་མུ་ཁྲི། མི་ལ་མི་སྣིལ། ཐོད་པ་ལ་ཀ་པ་ལི། ཕོ་མོ་ལ་ཇེ་ཟ། ཆུ་ལ་ཅུ། འབྲུ་རིགས་ལ་ཙེ་ཅུ། ཡོད་པ་ལ་ཅི། མེད་པ་ལ་མྱི་ཅི། གཡག་ལ་འབྲོང་། བུ་ཆུང་ཆུང་གི་མཚན་མ་ལ་མ་ཙོ། ཞྭ་ལ་ལུམ། ས་ལ་སླ་འམ་རྩ། ཕུང་པོ་ལ་སྐུ་ཕུང་། རྐུན་མ་ལ་རྐུ་མི། མིག་ལ་དམིག ལྕེ་ལ་རི། རླུང་ལ་ལི། འཇིག་རྟེན་ལ་ཅི་ཏེན། གཅན་གཟན་ལ་བདུད། ཆང་ལ་ཡུ། ཟླ་བ་ལ་སླ་ནི། ནམ་མཁའ་ལ་མུ་ཞེས་སོགས་དང་། གཞན་འཁྲུལ་བ་ལ་མུ་ནོ་དང་། ཐལ་ཆེ་བར་ཐ་ཅེ། དགའ་ལ་འགུ་ཞེས་པ་སོགས་གཅིག་མཚུངས་ཡིན་ནོ། །གསུམ་པར་ཞང་ཞུང་སྐད་ཀྱི་ཁྱད་ཆོས་བཞིན། མིང་རྐྱང་གི་མགོར་ཏི་ཡིག་ཡོད་པ་སྟེ། དཔེར་ན། ཞང་ཞུང་སྐད་དུ་བྱང་ལ་ཏི་བྱང་། ལི་ལ་ཏི་ལོ། ཕྱི་ལ་ཏི་ཕྱི། ཕྱེད་ལ་ཏི་སོགས་ཡོད་པ་ཇི་བཞིན། མི་ཉག་གི་སྐད་ལའང་། སྐྱུར་ལ་ཏི་སྐྱུར་དང་། ཁ་ལ་ཏི་ཁ། ནད་ན་བ་ལ་ཏི་ངས། འཁྱགས་མོ་ལ་ཏི་ཀོས། ཡར་འཇོག་པ་ལ་ཏི་ཅི། ཚ་མོ་ལ་ཏི་རྫབ་ཞེས་པ་སོགས་ལྟ་བུའི་ཁྱད་ཆོས་སྲུང་འཛིན་བྱས་ཡོད། བཞི་པ་ཞང་ཞུང་སྐད་དུ། དྡྷི་ཙ་ཧྲི་ཙ་མེ་སོགས་བུ་མོ་དང་བུ་ཚ། ན་ཆུང་བཅས་ཀྱི་ཙ་དང་། ཙུ་ཙ་ཟེར་བཅས་ཆུང་ཆུང་གི་དོན་ལ་འཇུག་པ་ཇི་བཞིན་དུ་མི་ཉག་གི་ཙ་ཡིག་ཀྱང་ཆུང་ཆུང་གི་དོན་ལ་འཇུག་སྟེ། དཔེར་ན། བྱིས་པ་ཆུང་ཆུང་ལ་པུ་ཚེ་ཙུ་ཙ་དང་། བུ་མོ་ཆུང་ཆུང་ལ་མི་ཟ་ཙུ་ཙ། ལོ་ན་ཆུང་ཆུང་ལ་ཀེས་ཙུ་ཙ། རིན་གོང་ཆུང་ཆུང་ལ་གོང་ཙུ་ཙ་ཞེས་པ་སོགས་ལྟར་ཡིན། འདིའི་སྐོར་རྒྱས་པར་ཤེས་འདོད་ན་དགེན་ཇེ་དགའ་དང་མཁས་པ་ཆོས་དཔལ་བཟང་པོ་རྣམ་གཉིས་ཀྱིས་བྲིས་པའི་དཔེ་ཆ་ཁམས་མི་ཉག་གི་སྤྱོད་པ་དང་ཚིག་མཛོད་གཉིས་ལ་གཟིགས་དང་མཁྱེན་པར་འགྱུར་རོ།།
གཞན་ཡང་རྟའུ་དང་མི་ཉག་མི་རྒྱུད་གཅིག་པ་ཡིན་པས་གནའ་ནས་ད་ལྟའི་བར་དུ་ལུང་ཚན་གཅིག་ཏུ་རྩི་དགོས། མི་རྒྱུད་གཅིག་ཡིན་པའི་རྒྱུ་མཚན་གཙོ་བོ་ཡང་མི་ཉག་ས་བདེ་ཕྱོགས་ཀྱི་སྐད་དང་རྟའུ་སྐད་གཉིས་ལ་བྱ་ཚིག་དང་མིང་རྐྱང་སོགས་འདྲ་ས་ཡོད་པ་དཔེར་ན།
བྱ་ཚིག་གི་སྐོར་ལ། སྤྱི་སྐད་ཀྱི་ཡར་ལངས་པ་ལ་དུ་རྱད་དང་དཔེ་དེ་བཞིན་ཏུ་བླུག་པ་ལ་ནུ་ཁེ། ལེན་པ་ལ་དུ་ཏོའོ་དང་འུ་ཐད། ཁྱེར་བ་ལ་ཏུ་ཟོ། སྡོད་ཅིག་ལ་འུ་འཛོ། འཁྱམ་འཁྱམ་ལ་ཏུ་འཁྱ་ར། ཤི་བ་ལ་ཐུ་སད། སྐྱིད་དགའ་ལ་ཟ་ཁ། སྒོ་ཤིང་ལ་མདུད་ལ། མིང་རྐྱང་གི་སྐོར། བ་ཕྱུག་ལ་ངུ་མད་དང་། ལུག་ལ་འག ར་ལ་ཚད། རྟེའུ་ལ་རད་ཁེའུ། རྟ་ལ་རྱེ། གཅིན་ལ་རྦེ། ཞི་མི་ལ་ཙི་ལི། མེ་ལ་དམུ། དུ་བ་ལ་མུ་ཁུ། སྒོ་ལ་འག ཐོད་པ་ལ་ཀྰ་པ་ལ། ཁང་བྱིའུ་ལ་འུ་ཟུ། གོས་ལ་ཙི་གི། མདུན་ལ་ངུ་རུ། འདྲ་བ་ལ་འདྲ་འདྲ་ངོ་དང་འདྲ་འདྲ་ངོ་རུ་སོགས་བྱ་ཚིག་དང་མིང་ཚིག་འདྲ་ས་ཤིན་ཏུ་མང་པོ་ཡོད་ཀྱང་ད་ཐེངས་དེ་ཙམ་གྱིས་འཐུས་པར་བྱས་ཤིང་། འོ་ན་རྟའུ་དང་འདྲ་པ་བ་ས་བདེ་བ། རྒྱལ་རོང་བའི་སྐད་བཅས་བོད་སྤྱི་སྐད་དང་ཅུང་ཟད་མི་འདྲ་བའི་རྒྱུ་མཚན་དང་དེས་ནུས་པ་ཅི་ཞིག་ཐོན་ཡོད་ཅེ་ན། སྤྱིར་བོད་ཀྱི་སྐད་ལ་རོང་འབྲོག་གཉིས་ཡོད་པ་ལས། འབྲོག་པ་རྣམས་ནི་འགྲིམ་འགྲུལ་གྱི་ཆ་རྐྱེན་ཅུང་བཟང་བས་འབྲོག་པ་སྟོད་སྨད་བར་གསུམ་ཚང་མའི་སྐད་ཆ་འདྲ་ནའང་། རོང་ཁུལ་ལ་འགྲིམ་འགྲུལ་སྟབས་མི་བདེ་བས་སྐད་ཕལ་ཆེར་ཟུང་མི་འདྲ་ལྟ་བུ་བྱུང་ཡོད། ང་ཚོ་ཁམས་ཕྱོགས་མི་ཉག་སོགས་ལ་དེའི་སྟེང་དུ་བོད་ཀྱི་བཙན་པོ་རྒྱལ་རབས་ཀྱི་སྐབས་སུ་བློན་ཆེན་མགར་དང་མཁས་པ་བེེ་རོ་ཙི་ན་སོགས་ཀྱིས་དམག་གི་གསང་བ་རྣམས་ཕྱིར་མི་ཤོར་བའི་ཆེད་དུ་མི་རིགས་གཞན་པ་སུས་ཀྱང་གོ་དཀའ་བའི་སྐད་ཆ་མི་འདྲ་བ་སྣ་ཁ་ཤས་གསར་དུ་བཟོས་ནས་དེའི་འབྲས་བུ་ཡང་མི་དམན་པ་ཞིག་ཐོབ་ཡོད་པ་སྙམ་མོ།།
དཔེར་ན་རྗེས་སུ་བོད་ཀྱི་རྒྱལ་རབས་སོ་ལྔ་པ་མང་སྲོང་མང་བཙན་གྱི་སྐབས་སུ། བློན་ཆེན་མགར་སྟོང་བཙན་གྱིས་མགོ་ཁྲིད་དེ་བོད་དམག་ཆིག་སྟོང་ཙམ་གྱིས་རྒྱའི་ཐང་དམག་བརྒྱད་ཁྲི་ཆམ་ལ་ཕབ་སྟེ་རྒྱལ་ཁ་ཐོབ་པ་ལྟ་བུ་སོགས་དུ་མ་བཤད་ཡོད་ཀྱང་འདིར་ཡི་གེ་མང་བར་དོགས་ནས་མ་བྲིས། འདིའི་སྐོར་རྒྱས་པར་ཤེས་འདོད་ན་ང་རང་ཚོས་བྲིས་པའི་རྒྱལ་མོ་རོང་གི་ལོ་རྒྱུས་ལ་གཟིགས་དང་ཤེས་པར་འགྱུར་རོ། །
རྒྱུའི་དེབ་ཐེར་ལས་ལྡོང་བྱང་གི་རུས་དེ་བོད་ཀྱི་རུས་ཡིན་ཚུལ་གྱི་ངོ་སྤྲོད།
དེ་ཡང་ཕ་རྒན་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་མི་ཚན་དྲུག་བྱུང་བའི་ཡང་སྙིང་། ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར་ལ། ཡོངས་གྲགས་སུ་ཕུ་བོ་ལྡོང་དང་ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་རྣམས་ལྡོང་རིགས་ཡིན། སྤྱིར་ལྡོང་རིགས་ནི་བོད་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད་ཅིང་དེ་ལས་ཆེ་བ་སྤོས་ཆུ་ལྡོང་དང་། དེ་ལ་ཅོག་དང་ཅོག་ཙེ། ཅོག་རོ་གསུམ། འབྲོང་དང་ཁྱུང་པོ། ཟླ་བ་གསུམ། འབྲིང་དང་ལྷ་ལུང་ལྷ་རྩེ་གསུམ། བྲང་དང་དགོས་པ་ཁུ་ན་གསུམ། ལྷ་དང་ཚེ་སྤོང་ལུ་ནག་གསུམ། སྙིང་དང་ཕོ་གོང་ཐག་བཟང་གསུམ་བཅས་ལྡོང་གི་རུས་ཆེན་བཅོ་བརྒྱད་དུ་གྲགས། ཡང་གྱེས་ཚུལ་གཅིག་ལ་ཐོག་མའི་མཆེད་དྲུག་ནི་སྤ་ཚབ་དང་འབྲིང་ཡས། རོ་འཛེ། རག་ཤི། མི་ཉག་གྱི་ཐན་ཡིན། བར་མཆེད་བཙུན་དྲུག་ནི་བི་རི། ཨ་མདོ། གླིང་བ། ཕུ་བ། མདའ་བ། གྱི་ཐན་རྒྱས་པ། གྱི་ཐན་བསྡུས་པ་བཅས་དང་། ཐ་མཆེད་ལ་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་ཡོད་པ་ལས་ལྡོང་ཤུལ་ཆེན་བཅོ་བརྒྱད་ནི་དབལ་ཤུལ། རག་ཤུལ། དམེ་ཤུལ། ཕྱག་ཤུལ། འཕན་ཤུལ། དམེ་ཤུལ། མགོ་ཤུལ། ཁྲོ་ཤུལ། ཉན་ཤུལ། ཆོས་ཤུལ་སོགས་དང་། ཚ་ཆེན་བཅོ་བརྒྱད་ལ་གཤེན་ཚ། གཡུ་ཚ། རྐང་ཚ། མགོ་ཚ། གཟི་ཚ། རྐྱང་ཚ། རེབ་ཚ། ཉ་ཚ་སོགས་མང་ངོ་། ། ཡང་གནའ་མིའི་གླུ་གཞས་སུ་རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ། ལྡོང་ཞྭ་མགོ་མཐོ་བ་དེ་དོན་ཡིན་ཞེས་ཨ་སྤོ་ལྡོང་ལམ་རུས་ཚན་ཁག་ཅིག་ནི་མདོ་ཁམས་སྨད་དུ་ཆད་ནས་བོད་ཁ་བ་ཅན་གྱི་བྱང་ཕྱོགས་ན་འཚོ་བ་རོལ་བས་ལྡོང་བྱང་དང་རྒྱའི་ལོ་རྒྱུས་སུ་སྒྲ་འགྱུར་ཏེ་ཏང་ཞང(党项)ཞེས་བྲིས་ཡོད། ཡང་སྔོན་བོད་བཙན་པོའི་དུས་སྐབས་སུ་ལྡོང་སྟོང་གི་བུ་དོར་སྡེ་ཕྱག་མཚམས་ཀྱིས་སྟག་མོ་ཤ་ཟན་ལ་དཔོན་བྱས་ཏེ་དཔའ་ཚན་དུ་རལ་གྲིའི་ཤུབས་བཅག་ཁ་ཆེམས་ཉེ་བ་ལ་ཕོག་ཅིང་བུ་སྨད་ཉེ་དྲུང་ལ་བཅོལ་ནས་ཕྱིར་མི་ལྡོག་པའི་རྩིས་ཀྱིས་རྒོལ་ནས་རྒྱ་བཏུལ་བས་སྨད་ཀྱི་དཔའ་སྡེ་ཐོགས་ཏེ་དཔའ་བའི་མཚན་མར་སྟག་གི་ཐོག་བུ་བསྩལ་ཚུལ་ཏུན་ཧོང་ཡིག་རྙིང་དུ་གསལ། གཞན་ཁྱད་པར་དུ་བར་ཁམས་ས་ཡི་ཆ་འདི་གླིང་རྗེ་གེ་སར་གྱི་ཡུལ་དང་། འདི་ལ་གླིང་ཁྲི་གོང་འོག་བར་གསུམ་ཞེས་ཁམས་སྟོད་འབྲི་ཀློང་གི་ས་ཆ་དང་ཤར་ཟླ་རོལ། མདོ་ཁམས་སྨྲ་རོལ་སོགས་གླིང་གེ་སར་འདིའང་སྨུག་པོ་ལྡོང་གི་རིགས་ཡིན། གཞན་ལྷ་ལྡོང་བེ་རི་དང་ལྡོང་པྲོམ། ལྡོང་མི་ཉག་སོགས་རྒྱལ་པོའི་སྲིད་བཟུང་བ་མང་ངོ་། །
བོད་རྒྱ་ཡིག་རྙིང་ལས་རུས་ཆེན་ལྡོང་དང་འབྲེལ་བའི་ས་མིང་སྐོར།
ཀ (ནམ་ལྡོང)ཡོངས་གྲགས་སུ་ནམ་ལྡོང་དཀར་པོའི་རིགས་ནི་བར་ཁམས་ངོམ་ཤོད་དུ་ཡོད་པར་བཤད་ལ། སོག་རྒྱལ་གོ་ཤྲིར་གྱིས་གཏོར་བཅོམ་བཏང་བའི་ཁམས་བེ་རི་རྒྱལ་པོ་ཡང་ལྷ་ལྡོང་དཀར་པོའི་རྒྱུད་པ་དངོས་ཡིན་ཚུལ་སྔོན་བྱོན་ཆོས་འབྱུང་རྣམས་སུ་བཤད། དེ་ཡང༼བོད་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ༽ལས། སྤྱིར་ལྡོང་འདིའི་མིང་ལ་ཨ་སྤོ་ལྡོང་དང་ལྷ་ལྡོང་སོགས་ཟེར་ལ། འདི་ལ་དཀར་པོ་ལྡོང་དང་ནག་པོ་ལྡོང་དང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་གི་རིགས་དང་བཞི་ཡོད། ཅེས་དང་། ཡང་ན་དམངས་ཁྲོད་དུ་ལྡོང་འདི་ལ་གནམ་ལྡོང་དང་ས་ལྡོང་། ཉི་ལྡོང་སོགས་རིགས་དབྱེ་ཚུལ་དང་། ད་དུང་གནམ་ལྡོང་དཀར་པོ་དང་ས་ལྡོང་ས་སྨུག་པོ་སོགས་ཟེར་ཚུལ་ཡོད་པ་བཞིན་འདིར་ནམ་ལྡོང་ཞེས་པ་དེ་བོད་ཀྱི་རུས་ཆེན་ལྡོང་ལས་མཆེད་པའི་ཚོ་བའམ་སྡེ་པ། ལུང་པ། ཤོག་པ་གང་ཞིག་ཡིན་པ་ཆ་མ་འཚལ་ལོ། །
ཁ (ལྡོམ་པྲོམ།)ཏུན་ཧོང་ཡིག་རྙིང་དུ་དབའ་ཕང་ཏོ་རེ་དབྱི་ཚབ་ཀྱིས་ཁྲྀ་སྲོང་བརྩན་ལ་མོ་ཆག་པྲུམ་དུ་གདན་དྲངས་ཏེ་པྱག་ཐབ་གསོ་བའི་སྐུ་རྟེན་དུ། ཁྲབ་བསེའ་སྣ་བཅུ་དང་། ལྡོང་པྲོམ་གྱི་རལ་གྱྀ་མདོར་གཅོད་གཉིས་གསོལ་ཏོ་ཞེས་པ་ལས་ལྡོང་པྲོམ་དེ་ནི་བོད་ཀྱི་རུས་ཆེན་ལྡོང་ལས་མཆེད་པའི་རུས་ཚོ་ཞིག་གམ་ཡང་ན་ནམ་ལྡོང་པྲོམ་ཞེས་པ་དང་འབྲེལ་ཆེ་བའི་ས་མིང་ཞིག་གོ། །
ག (ལྡོང་ཏོང་།)༼ཏུན་ཧོང་གཏེར་ཡིག༽ཏུ་མྱང་ཞང་སྣང་གིས་མཆིད་འཚལ་བའི་ནང་དུ། ལྷོ་རྔེགས་ནི་འཕན་གྱི་སྣོན། ལྡོང་ཏོང་ནི་འཕན་གྱིས་བཏབ་ཅེས་སམ། ཡང་ན༼རླངས་ཀྱི་པོ་ཏི་བསེ་རུ༽ལས། རླངས་རྗེ་རྩེ་མཐོན་གྱིས། ལྷ་འོ་དེ་གུང་རྒྱལ་དེ་མཆོད་ནས་དབུས་སུ་དམག་དྲངས་པས། ལྡོང་ལྡིང་ཡུལ་མཁར་དེ་ཆམ་ལ་ཕབ། ལྡོང་ལྡིང་རྒྱུད་གཉིས་དེ་བྲན་ཏུ་བཀོལ་ཞེས་པའི་ལྡོང་ཏོལ་ངམ་ལྡོང་ལྡིང་ནི་ཡི་གེའི་འབྲི་ཚུལ་མི་འདྲ་བ་ཙམ་ལས་དོན་དུ་བོད་ཀྱི་རུས་ཆེན་ལྡོང་ལས་མཆེད་པའི་གནའ་བོའི་རུས་ཚོ་ཞིག་སྟོན་གྱི་ཡོད་པའོ། །
ང (ཁྲོ་བོ་ལྡོང་།)༼ཐང་ཡིག་རྙིང་མིའི་ལྡོང་བྱང་གི་ལེའུ༽ནང་དུ། ཁྲ་བོ་ལྡོང་། ཆུ་དམར་གྱི་ནུབ་ངོས་སུ་འཚོ་ཞིང་། ལི་ཅིང(李靖)གིས་སྒ་འ་ཞ་ཕམ་རྗེས་འ་ཞའི་ཚོ་དཔོན་ཧྥུ་ཞུན(伏允)ཟེར་བས་ཁྲ་བོ་ལྡོང་ལ་མགོ་བཏགས་ཏེ་མཐའ་མཚམས་སུ་བསྡད་ཅེས་འཁོད་པ་ལས་ཆུ་དམར་དེ་ནི་དེང་གི་ཡུལ་ཤུལ་ས་ཁོངས་ན་ཡོད་པའི་འབའ་ཡི་ཆུ་དམར་རབ་བདུན་ཞེས་པ་དེ་ཡིན་ནམ་དཔྱད།
ཅ(ནམ་ལྡོང་དཀར་པོ)༼ཐང་ཡིག་རྙིང་མའི་ལྡོང་བྱང་གི་ལེའུ༽ལས། ནམ་ལྡོང་དཀར་པོ། རུས་ནི་ཕའོ་ཁྲུའུ(破丑)གངས་རིའི་འདམས་རོལ་དུ་འཚོ། འདི་ལ་སྤྱང་དཀར(白狼)དང་ཁྲོམ་སང(春桑)གླིང་དཀར(白兰)སོགས་སྤྱང་རིགས། ལུང་སུའི(龙朔)རྗེས་ནས་ཐུ་བྷོད་ཅེས་པས་ཕམ་སྟེ་འབངས་རྣལ་མར་བཀུག་ཅེས་གོང་གི་སྤྱང་དཀར་དང་ཁྲོམ་སང་། གླིང་དཀར་སོགས་ཚང་མ་རུས་ཆེན་ལྡོང་གི་བྱེ་བྲག་གཅིག་ཡིན་པར་འདོད། སྤྱིར་རུས་མཛོད་སོགས་སུ་སྒ་ནི་ཤིང་ཁམས་ལུག་ལ་བླ། ལྡོང་ནི་ས་ཁམས་ཤ་བར་བླ་ཞེས་པའི་བླའི་རིག་གནས་ལྟར་གོང་གི་ནམ་ལྡོང་དཀར་པོ་དང་སྤྱང་དཀར་གཉིས་ཀྱི་བླའམ་མཚུན་ལྷ་ནི་གངས་རི་དང་ཤ་བ་ཡིན་པ་ལས་ཀྱང་ཤེས་ཐུབ། གཞན་གླིང་གེ་སར་ཞེས་པའི་རིགས་རུས་ལྡོང་། འདི་ལ་སྟོད་གླིང་གསེར་པ་བཅོ་བརྒྱད། བར་གླིང་འོམ་བུ་ཚོ་དྲུག སྨད་གླིང་མུ་སྤྱང་སྡེ་བཞི་བཅས་ཐོག་མའི་ཚོ་ཁག་དེ་དག་གོང་གི་ལྡོང་བྱང་གོ་ཚོ་ཤོག་དང་འབྲེལ་བ་མེད་པ་སུས་ཤེས་རྒྱུ་མ་རེད།
རྒྱའི་དེབ་ཐེར་ནང་གི་ལྡོང་བྱང་བོད་ཡིན་ཚུལ་ལ་ཅུང་ཟད་དཔྱད་པ།
ཐོག་མར་ཐ་སྙད་ཀྱི་ངོས་ནས་བལྟས་ན་ཏང་ཞང་ཞེས་པའི་ལྡོང་དང་རུས་ཆེན་ལྡོང་གི་སྒྲ་གདངས་མཐུན་པ་མ་ཟད་རྒྱའི་ཐང་ཡིག་གསར་རྙིང་དུ་ཏང་ཞང་གི་མངའ་ཁོངས་དང་རིགས་རུས། སྤྱི་ཚོགས་འཚོ་བ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ཞིབ་འབྲི་བྱས་པ་ཆ་ཚང་སྤྱིར་བོད་བྱིངས་ཀྱི་སྤྱི་ཚོགས་འཚོ་བ་དང་སྒོས་སུ་མདོ་སྨད་དུ་གཉུག་མར་ཡོད་པའི་འབྲོག་སྡེ་དག་གི་འགྲོ་འདུག་སྤྱོད་གསུམ་དང་ཆ་འདྲ་བ་ཞིག་རེད།
ཏང་ཞང་གི་མཁའ་ཁོངས་ཐད་ལ༼ ཐང་ཡིག་གསར་མིའི་ནུབ་རོལ་གྱི་ལེའུ༽ལས། ཏང་ཞང་། གནའ་དཔྱི་ཆུའི(析支)རྒྱུད་དུ་འཚོ། ཤར་ཟུང་ཆུ་དང་འདབ་འབྲེལ། ནུབ་ཡེ་ཧུའུ་(叶护)ལྷོ་ནི་ཁྲོམ་སངས(春桑)དང་མ་སངས(迷桑)སོགས་སྤྱང་རིགས། བྱང་ནི་སྒ་འ་ཞ་ཞེས་ཟུང་ཆུ་དེ་དེང་གི་སི་ཁྲོན་རྔ་བ་ཁུལ་གྱི་ཟུང་ཆུ་རྫོང་དང་སྒ་འ་ཞ་ནི་དུས་སྐབས་དེར་མཚོ་སྔོན་པོའི་མཐའ་འཁོར་དུ་ཡོད་པ་བཅས་དེང་གི་སྲིད་འཛིན་ས་ཁོངས་བགོ་ལུགས་ལྟར་ན་ཏང་ཞང་ནི་མཚོ་སྔོན་གྱི་མགོ་ལོག་དང་རྨ་ལྷོ། སི་ཁྲོན་གྱི་རྔ་བ་དང་དཀར་མཛེས། ཀན་ལྷོ་བཅས་ལ་ཁྱབ་ཡོད་པ་ཤེས་ཐུབ། ལྷག་པར་ཏང་ཞང་གི་ལྟེ་བའི་ས་ཁུལ་ནི་རྨ་ཆེན་གངས་རིའི་ཉེ་འཁོར་དང་རྨ་འབྲི་ཀློང་གི་ས་ཆ་རྣམས་ཡིན་པ་འདྲ། གཞན་ལྡོང་གླིང་གི་མངའ་ཁོངས་ལ་གླིང་ཁྲི་གོང་འོག་བར་གསུམ་ཞེས་གླིང་ཁྲི་གོང་མའི་ས་ནི་ཁམས་སྟོད་འབྲི་ཀློང་གི་ས་ཆ་རྣམས་དང་། གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་གྱི་ས་ཆ་རྣམས་དང་། གླིང་ཁྲི་འོག་མའི་ས་ཆ་ནི་མདོ་ཁམས་སྨད་རོལ་ཞེས་ལྡོང་གླིང་དང་ཏང་ཞང་ལ་ཡུལ་གྱི་ཆ་ནས་འབྲེལ་བ་ཞིག་ཀྱང་ཡོད་པ་རྟོགས་ཐུབ།
ཏང་ཞང་གི་རིགས་རུས་ཐད་ལ༼སུའེ་དེབ་ཐེར་གྱི་ཏང་ཞང་གི་ལེའུ༽ལས། མོ་གསུམ་(三苗)ལས་མཆེད་པ་དང་། འདིའི་རིགས་ལ་ལྡོང་ཕྲོམ(石昌)དང་སྤྱང་དཀར་(白狼)སོགས་ཡོད་པ་ཚང་མས་རང་གི་མེས་པོ་ནི་སྤྲེའུ་ལས་འཆད་ཚུལ་བཤད་ཅེས་ཏང་ཞང་གིས་རང་གི་མེས་པོ་དེ་སྤྲེའུ་ལས་མཆེད་པའི་བཤད་ཚུལ་འདི༼བཀའ་ཆེམས་བཀའ་ཁོལ་མ༽ལས། བོད་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་བཤད་ཚུལ་དང་མཐུན་པ་མ་ཟད། བཤད་ཚུལ་འདི་ལོ་རྒྱུས་ཡུན་རིང་ཞིང་ཁྱབ་རྒྱ་ཆེ་བ་བཅས་གོང་གི་ལྡོང་ཕྲོམ་དང་སྤྱང་དཀར་སོགས་ནི་བོད་གནའ་བོའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན་པ་རྟོགས་ཐུབ། གཞན་རྒྱའི་དེབ་ཐེར༼དེབ་ཐེར་མ་ཧ་རུས་སྦལ༽ལས། ཐང་གི་དུས་སྐབས་སུ་ཏང་ཞང་ལ་རུས་གཡུ་ཅན་གྱི་ཚོ་བ་ལྔ་དང་། ད་དུང་དམེ་ཤུལ་དང་། འཕན་ཤུལ་སོགས་ཀྱིས་ས་མིང་བྲིས་ཡོད་པར་དཔག་ན་དེང་སྐབས་བོད་གང་སར་ཡོད་པའི་དམེ་ཤུལ་དང་འཕན་ཤུལ། གཡུ་ཚ། རེབ་ཚ་སོགས་ཀྱང་གནའ་སྔ་མོ་ནས་མདོ་སྨད་དུ་གནས་ཡོད་པ་ཤེས་ཐུབ།
ཏང་ཞང་གི་སྤྱི་ཚོགས་འཚོ་བའི་ཐད་ལ༼ཐང་ཡིག་རྙིང་མའི་རང་ཞང་གི་ལེའུ༽ལས། ཏང་ཞང་གི་རྫི་སྐྱོང་ལ་རྟ་དང་ལུག་ནོར། དྲེལ་བཅས་དེ་དག་ཁ་ཟས་སུ་སྤྱོད། ཁོང་ཏ་ཚོས་སོ་ནམ་རྨོ་འདེབས་མི་ཤེས་ལ་འབྲུ་ཆེན་ཡང་མི་སྐྱེ། ཞེས་སམ། ཡང་དེ་རུ་ཏང་ཞང་གིས་རང་གི་རིགས་རུས་ཀྱི་ཐོག་ནས་ཚོ་བ་དགའ་ལ། རུས་ཚན་གཅིག་ནང་ཚོ་བ་ཆུང་ངུའང་ཡོད། ཚོ་ཆེན་རེ་ལ་སྐྱ་མི་ཁྲི་ལྷག་དང་ཚོ་ཆུང་རེ་ལ་སྐྱ་མི་སྟོང་ལྷག་བཅས་ཕན་ཚུན་དགྲ་ཟླར་ལངས་ཞེས་ཏང་ཞང་གི་སྒོ་ཟོག་དང་རུས་ཚན་འགའ་རེ་རུ་སྐོར་བྱས་ཏེ་འཚོ་བ་རོལ་ཚུལ་ནི་དེང་གི་རྨ་འབྲི་ཀློང་གི་ས་ཆ་རྣམས་ཀྱི་འབྲོག་པའི་སྤྱི་ཚོགས་གྲུབ་སྟངས་དང་ཆ་འདྲ་བ་ཞིག་རེད།
ཡུལ་སྲོལ་གོམས་གཤིས་སམ་དད་མོས་ཀྱི་ཐད་ལ༼ཐང་ཡིག་རྙིང་མའི་ཏང་ཤང་གི་ལེའུ༽ལས། ཏང་ཞང་གི་མི་རྒྱུད་ནི་དཔའ་བར་བཀུར་ཞིང་དབང་འོག་ཏུ་བསྡུ་དཀའ། ཚོང་ལས་མི་དར་ཞིང་ཇག་རྒྱུགས་ལ་སྤྲོ་བ་བཅས་ཕན་ཚུན་འཕྲོག་བཅོམ་གྱིས་དུས་གདའ། ཞེས་པ་དེ་གནའ་མི་བོད་བྱིངས་ཀྱི་འདུ་ཤེས་འཛིན་སྟངས་སམ་འཚོ་བ་རོལ་སྟངས་དང་ཡོངས་སུ་མཐུན། ཡང་དེ་རུ་ཏང་ཞང་གིས་ལོ་གསུམ་རེ་ལ་འདུན་མ་རེ་དང་། དེ་དུས་ནོར་ལུག་སོགས་བསད་ནས་དམར་མཆོད་བྱེད་ཅེས་ཏང་ཞང་གི་དད་མོས་དེ་བོད་སྔ་མའི་བོན་ལུགས་དང་མཐུན་པ་མ་ཟད། རུས་མཛོད་སོགས་སུ་ལྡོང་ཞྭ་དམར་ཅན་ཞེས་ལྡོང་ལ་བོན་པོ་མང་དུ་བྱུང་ཚུལ་དང་འབྲེལ་བ་དམ་པོ་ཡོད། གཞན་སྔོན་འབྲོག་ཕྱོགས་སུ་རི་བསང་རླུང་རྟ་ཞེས་ལོ་སར་ཚེས་གཅིག་ལ་སྡེ་མི་ཀུན་ལྷན་དུ་འཛོམ་ནས་བསང་མཆོད་དང་ཞོར་ཏུ་ཚོ་བའི་ཕ་ཆོས་དང་གནད་དོན་སོགས་གྲོས་བསྡུར་བྱེད་སྲོལ་དང་ཡང་མཐུན་པའོ། །མདོར་ན། རྒྱའི་ལོ་རྒྱུས་དེབ་ཐེར་ནང་དུ་འགྲེལ་བཤད་བྱས་པའི་ཏང་ཞང་གི་རུས་ཚོ་དང་མངའ་ཁོངས། ཐོན་སྐྱེད་འཚོ་བ། ཡུལ་སྲོལ་གོམས་གཤིས། དད་མོས་བྱེད་ཚུལ་སོགས་གང་ཅིའི་ཐད་ནས་བོད་གནའ་རབས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་ཁྱད་པར་སྤུ་ཙམ་ཡང་མེད་པ་མ་ཟད། རྨ་འབྲི་ཀློང་གི་ས་ཆའི་འབྲོག་པ་རྣམས་དང་ཡོངས་སུ་མཐུན་པས། ཏང་ཞང་ནི་གནའ་བོད་ཀྱི་བྱང་མཐའ་རུ་འཚོ་བའི་ལྡོང་བྱང་མ་ཞེས་པ་དེ་ཡིན་པ་གདོན་མི་ཟའོ། །
མགོ་ལོག་སྟོད་པའི་གུར་གུམ་སྟེང་གི་གནའ་རྫས་སྐོར།
རྒྱལ་ཁབ་རིམ་པའི་གཞུང་ལམ་ཨང༣༡༨ཀྱི་ལྷོ་ཕྱོགས་སུ་ཉག་ཆུ་རྫོང་གི་མགོ་ལོག་གཤིས་ཞེས་ཁམས་པའི་ཕོ་སར་གྱི་གྲོང་སྡེར་གྲགས་པའི་ས་ཆ་ཞིག་ཡོད། གནས་དེ་ནི་གནའ་བོའི་ཇ་འདྲེན་ལམ་གྱི་ས་ཚུགས་གཙོ་བོ་ཞིག་ཡིན། གུར་གུམ་སྟེང་ཞེས་སྙན་པའི་གྲགས་པ་འབར་བའི་མཛེས་ལྗོངས་དེ་ནི་མགོ་ལོག་གི་རི་མགོར་གནས་ལ། གུར་གུམ་མེ་ཏོག་ཧ་ཅང་མང་པོར་བཞད་པའི་གནས་མཆོག་ཅིག་ཡིན་པས་མིང་དེ་ལྟར་ཐོག ཉག་ཆུ་གྲོང་པ་ནས་རྟ་ཞོན་ནས་སོང་ན་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་གུར་གུམ་སྟེང་ལ་སླེབས། གུར་གུམ་སྟེང་ནི་རི་མགོར་གཅལ་དུ་བཀྲམ་པའི་རྩྭ་ཐང་ཞིག་ཡིན་ལ་ཕྱོགས་བཞིའི་རི་བོ་རྣམས་ཀྱིས་དེའི་ཕྱོགས་སུ་ཁ་འཁོར་བས་པད་མའི་གདན་དང་འདྲ་ལ་ཐང་ངོས་སུ་ཉི་མའི་མཚོ་དང་ཟླ་བའི་མཚོ་ཞེས་གཡུ་ཡི་མེ་ལོང་ལྟ་བུའི་མཚེའུ་གཉིས་ཡོད། གཡས་ངོས་སུ་ནགས་ཚལ་གྱི་དཀྱིལ་དུ་ཀྲུང་གོའི་ས་བཀྲ་དང་དངོས་སུ་མཚུངས་པའི་སྤང་ཐང་ཞིག་ཡོད་ལ་དེའི་ཐོག་གི་རྟ་ནོར་ལུག་གསུམ་ནི་མི་ཉག་ས་ཆ་སོ་སོའི་རྟགས་མཚན་དང་འདྲ། གཡུ་ཡི་མེ་ལོང་དང་འདྲ་བའི་མཚོ་དང་གནའ་བོའི་གཟི་ཉམས་མཚོན་པའི་ཁང་ཤུལ། དྲི་ཞིམ་རྣམ་པར་འཐུལ་བའི་མེ་ཏོག སྤུ་སྡུག་རྣམ་པར་མཛེས་པའི་འདབ་ཆགས་བཅས་ཀྱིས་ཡུལ་སྐོར་བའི་མགྲོན་པོ་རྣམས་ཀྱི་ཤེས་པ་རང་དབང་མེད་པར་འཕྲོག་དང་འཕྲོག་བཞིན་པ་ཡིན་ནོ། །
སྤྱི་ལོ༢༠༡༢ལོའི་ཟླ་བ༨པའི་ནང་རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན། དགེ་རྒན་ཆེན་མོ་བུ་ཝུན་ཡུས་ཁྲེང་ལགས་ཀྱིས་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་དུ་གནའ་རྫས་རྟོག་ཞིབ་གནང་སྐབས་གུར་གུམ་སྟེང་གི་གནའ་ཤུལ་རྙིང་པ་ཞིག་ལས་བུད་པའི་རྫ་བཟོས་འདྲ་འབག་འབོར་ཆེན་ལ་རྟོག་ཞིབ་ནན་པོ་གནང་རྗེས་གནའ་རྫས་དེ་དག་ནི་དུས་རབས་དགུ་པ་ཙམ་གྱི་ནང་དུ་གདོད་མའི་བོན་གྱི་དུས་རབས་ཀྱི(白狼国)གནའ་རྫས་ཡིན་པའི་ངོས་འཛིན་གནང་ངོ་། །
གུར་གུམ་སྟེང་ལ་རྒྱ་ཁྱོན་སྨི༨༠༠༠ཙམ་ཡོད། དེའི་ཐོག་མཁར་ཤུལ་ཞིག་རལ༣༠ཙམ་ཡོད་ཅིང་ས་གནས་དེའི་མི་ཚོས་ཀྱང་དེའི་དུས་རབས་དང་ལོ་རྒྱུས་ཤེས་གྱིན་མེད། ལོ་ཤས་སྔོན་དུ་ཚོང་པ་ཞིག་གིས་མཁར་ཤུལ་དེའི་དགོན་ཤུལ་ཞིག་བརྐོས་པས་དེ་ལས་རྫ་ལས་བཟོས་པའི་མིའི་འདྲ་གཟུགས་མང་པོ་ཐོན། རྗེས་སུ་དངོས་པོ་དེ་རྣམས་དགོན་གསར་དགོན་དུ་བཞག་པས་དགོན་པས་ཉར་ཚགས་ལེགས་པོར་གནང་། དགེ་རྒན་ཆེན་མོ་ཝུན་ཡུས་ཁྲིང་ལགས་ཀྱིས་ས་གནས་དེ་གར་རྟོགས་ཞིབ་གནང་སྐབས་དངོས་པོ་དེ་རྣམས་ལ་བརྟག་དཔྱད་ནན་པོར་གནང་། གནའ་རྫས་བུད་སའི་དགོན་ཤུལ་དུ་ད་དུང་རྫ་བཟོས་གནའ་རྫས་ཐོར་པོ་ཁ་ཤས་མཐོང་ཐུབ་པ་དང་། མཁར་ཤུལ་དེ་དག་ནང་ལ་གསོམ་སྡོང་མཐོ་ཚད་སྨི༡༥ཙམ་དང་ཞེང་ཁ་སྨི༣ཙམ་ཡོད་པ་རྣམས་སྐམ་ནས་ལོག་འདུག་པ་ཁོ་ན་ལ་དཔྱད་ན་མ་མཐའ་ཡང་ལོ་ངོ་ལྔ་བརྒྱ་དྲུག་བརྒྱ་སོང་ཡོད་པ་ཤེས་སླ། དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་ངོ་སྤྲོད་གནང་རྒྱུར། སྤྱིར་གདོད་མའི་བོན་ཞེས་པའི་ཚོ་པ་དེ་གནའ་བོའི་ཚོ་པ་ཞིག་ཡིན། རྒྱ་ཡིག་གི་ཧན་རྒྱལ་རབས་ཀྱི་ལོ་རྒྱུས་ནང་བཀོད་པ་ལྟར་ན། དེང་གི་མཚོ་སྔོན་མགོ་ལོག་གི་བ་ཡན་རི་བོའི་ཕྱོགས་ནས་དར་བ་ཞིག་རེད། ཏུང་ཧན་དུས་ནས་ཁོ་ཚོ་ལྷོ་ཕྱོགས་སུ་སྤོས་ཏེ་ད་ལྟའི་འབའ་ཐང་སོགས་སུ་སླེབས། གདོད་མའི་བོན་དང་རྒྱ་ནག་བར་ཏུང་ཧན་ནས་བཟུང་ཕན་ཚུན་ཇ་ཚྭ་དར་གོས་སོགས་བརྗེ་རེས་བྱེད་པའི་ལོ་རྒྱུས་ཡོད་ལ་ད་དུང་གདོད་མའི་བོན་གྱི་ཕོ་ཉས་རྒྱ་ནག་རྒྱལ་པོར་སྙན་རྩོམ་ཞིག་ཀྱང་ཕུལ་བའི་ལོ་རྒྱུས་རྒྱ་ནག་ཡིག་ཚང་ནང་དུ་བཀོད་ཡོད། ཉག་ཆུ་རྫོང་གི་མགོ་ལོག་ཀྱང་གདོད་མའི་བོན་ནག་ཚོ་པ་སྡོད་སའི་ས་གནས་གཙོ་བོར་གྱུར། ད་ལྟ་ལའང་ས་གནས་དེ་ལ་མགོ་ལོག་ཟེར། བོད་བཙན་པོས་གདོད་མའི་བོན་གྱི་རྒྱལ་ཁབ་དབང་དུ་བསྡུས་རྗེས་བོན་བོད་འདྲེས་ནས་འགྱུར་བ་ཆེན་པོ་བྱུང་ཞིང་དུས་རབས༡༠པ་ནས་གདོད་མའི་བོན་གྱི་ལོ་རྒྱུས་ཁ་གསལ་པོ་ཞིག་མཐོང་རྒྱུ་མེད་པར་གྱུར། ད་ཐེངས་ས་འོག་ནས་བུད་པའི་གནའ་རྫས་ནི་དུས་རབས་༩པ་ཙམ་གྱི་གདོད་མའི་བོན་གྱི་ མིའི་འཚོ་དངོས་མཚོན་པའི་རྫ་བཟོས་མིའི་འདྲ་འབག་དང་རུས་ཆས། རིན་པོ་ཆེའི་རིགས་སོགས་ཡོད། ཁོ་ཚོའི་སྐྲ་འཇོག་སྟངས་ཀྱང་སྔོན་གྱི་བོད་བཙན་པོའི་དུས་སྐབས་ཀྱི་སྐྲ་འཇོག་སྟངས་དང་ཧ་ཅང་འདྲའོ། །
ཉག་ཆུ་རྫོང་གི་ལོ་རྒྱུས་ནང་དུའང་ཏུང་ཧན་དུས་སུ་ཉག་ཆུའི་ཤར་ལྷོ་ཕྱོགས་ནི་ནོར་ཕྱུགས་རྒྱལ་པོའི་(ད་ལྟའི་གཡག་རྔའི་ཧར་ཉག་དང་ཞི་ཁྲང་སོགས་ལ་ཟེར།)ས་གནས་ཡིན་ཞིང་ཉག་ཆུའི་ལྷོ་ཕྱོགས་ནི་གདོད་མའི་བོན་རྒྱལ་པོའི་ས་གནས་ཡིན། ཐང་རྒྱལ་རབས(སྤྱི་ལོ༦༦༧ལོར)ཉག་ཆུའི་ཤར་ལྷོའི་ས་ཆ་ཚང་མ་བོད་བཙན་པོའི་ས་གནས་སུ་གྱུར་ཞེས་བཀོད་ཡོད་དོ། །
གནའ་ཤུལ་གྱི་ལྷ་ཁང་དང་མཆོད་རྟེན་ཀྱི་ངོ་སྤྲོད།
ལྷ་ཁང་རྙིང་པའི་སྐོར། དེ་ཡང་དར་མདོ་རྫོང་སྐྱ་ཀེ་ཡུལ་ཤོག་གི་ཨ་བརྒྱ་གྲོང་དུ་ཡོད་པའི་ལྷ་ཁང་ནི། མཐོ་ཚད་ལ་སྨི༡༤ཡོད་ཅིང་། ཕྱི་ནང་གི་གྱང་དང་ནང་གི་ཀ་བ། གནམ་གཅལ་བཅས་ལ་ས་ཆ་གཞན་དང་མི་འདྲ་བའི་ཚོན་རིས་དང་སྡེབས་རིས་སོགས་བྲིས་ཡོད། ལྷ་ཁང་འདི་བཞེངས་པའི་དུས་རབས་ནི་ཕལ་ཆེར་རྒྱའི་མིང་རྒྱལ་རབས་ཀྱི་དུས་སྐབས་ཙམ་ཡིན་པར་བཤད། དེང་སང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་ཡུལ་ཡིན་ནོ། །
དར་མདོ་རྫོང་གངས་དཀར་ཡུལ་ཤོག་གི་ཀླུ་པ་གྲོང་གི་ལྷ་ཁང་ནི་རིང་ཚད་ལ་རྨི༡༤དང་། ཞེང་ཚད་ལ་རྨི༡༠,༥ཡོད། མཐོ་ཚད་ལ་སྨི༡༤ལྷག་ཡོད། ནང་གི་གྱང་དང་ཀ་བ། གནམ་གཅལ་བཅས་ལ་ལྡེབས་བྲིས་ཡག་པོ་བྲིས་ཡོད། འདི་ཡང་དེང་སང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་ས་ཡིན་ནོ། །
དར་མདོ་རྫོང་ས་བདེ་ཡུལ་ཤོག་གི་ངོར་པ་རོང་གི་ལྷ་ཁང་ནི་ཕལ་ཆེར་རྒྱའི་ཆིང་རྒྱལ་རབས་དུས་སུ་བཞེངས་བར་བཤད། རིང་ཚད་ལ་སྨི༥དང་ཞེང་ཚད་ལ་རྨི༤ཡོད། མཐོ་ཚད་ལ་རྨི༩ལྷག་ཙམ་ཡོད་ཅིང་། འདིའི་ནང་དུ་ལྷ་སྐུ་མང་པོ་བཞེངས་ཡོད། གྱང་དང་ཀ་བ། གནམ་གཅལ་སོགས་ལ་ཚོན་གྱི་ལྡེབས་རིས་ཡག་པོ་བྲིས་ཡོད། དེང་སང་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་ས་ཡིན་ནོ།།
བརྒྱད་ཟུར་རྫོང་རྒུ་རུ་གྲོང་རྡལ་ཐང་མགོ་གྲོང་སྡེའི་ལྷ་ཁང་ནི་རྒྱའི་མིང་རྒྱལ་རབས་དུས་སུ་བཞེངས་པར་བཤད། ལྷ་ཁང་གི་ས་ཁྱོན་ལ་སྨི་གྲུ་བཞི་མ༡༡༥,༢༦ཟིན་ཅིང་། རིང་ཚད་ལ་རྨི༡༡,༣དང་། ཞེང་ཚད་ལ་སྨི༡༠,༢ཡོད། ལྷ་ཁང་གི་ཐོག་བརྩེགས་གཉིས་པའི་གྱང་དང་གནམ་གཅལ་ཐོག་ལ་ཁྱད་ཆོས་འབུར་དུ་ཐོན་པའི་ལྡེབས་རིས་བཟང་པོ་བྲིས་པ་དེས། ཁམས་མི་ཉག་ཡུལ་གྱི་ནང་བསྟན་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པར་ཕན་རྒྱ་ཆེན་པོ་ཐོགས་ཡོད་པ་ཡིན་ནོ། །
གཞན་ཡང་དེང་སང་ཉག་རོང་རྫོང་གི་ལོ་ལྔ་ཡུལ་ཤོག་གི་ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིང་རྒྱལ་རབས་དུས་མགོར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བརྒྱབ་པའི་སྤང་རིང་ཟམ་པ་ཡང་མི་ཉག་གི་འཛུགས་བསྐྲུན་བྱས་པ་ཡིན་ནོ།།
མཆོད་རྟེན་རྙིང་པའི་སྐོར། དེ་ཡང་ཉག་ཆུ་རྫོང་གྲོང་གསུམ་ཡུལ་ཤོག་གི་སྡེ་ཚྭ་གྲོང་དུ་ཡོད་པའི་མཆོད་རྟེན་ནི་རྒྱའི་ཆིང་རྒྱལ་རབས་སྐབས་སུ་བཞེངས་ཡོད་པར་བཤད། ས་རྒྱ་ཆེ་ཆུང་སྨི་གྲུ་མ༡༡,༩ཟིན་ཡོད། མཆོད་རྟེན་རྡོ་ལས་བརྩིགས་པ་ཞིག་ཡིན་ཞིང་། རིང་ཚད་ལ་རྨི༣,༥དང་། ཞང་ཚད་ལའང་རྨི༣,༥དང་། མཐོ་ཚད་ལ་རྨི༦ཡོད། གོང་བཤད་ལྟར་གནའ་ཤུལ་གྲགས་ཅན་མང་པོ་ཞིག་ཡོད་ཀྱང་ད་ཐེངས་ཡི་གེ་མང་དོགས་ནས་དེ་ཙམ་གྱིས་འཐུས་པར་བྱས་སོ། །ཞེས་གོང་གི་རྒྱུ་ཆ་འདི་དག་ནི་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་སྤྱི་ལོ༢༠༡༤ལོར་ཐེངས་དང་པོ་ཕུད་པའི་ ༼ཁམས་པའི་འཛུམ་རིས༽ ཞེས་པའི་དུས་དེབ་ཀྱི་ལྡེབ་མ༢༣ནས༢༤པའི་ངོས་ལས་ཁོ་བོས་༢༠༡༤ལོར་ཁྲི་འདུས་བོད་མིའི་ཁྲོམ་ནང་དུ་བཏུས་པ་ཡིན་ནོ། །
ཧི་མ་ལའི་རི་རྒྱུད་ནས་སྔ་ཕྱིར་བྱུང་བའི་གནའ་སྤྲའི་འགྱུར་རྡོ།
སྤྱི་ལོ༡༩༨༠ལོར་མི་རིགས་ཞིབ་འཇུག་ལ་མཁས་པ་རྣམས་ཀྱིས་འབྲི་ཆུའི་འགྲམ་ཕེམ་སྐྱིས་གུས་ནས་གནའ་བོའི་འགྱུར་རྡོ་རྙེད་པའི་ནང་ཅམ་སྲུས་གནའ་སྤྲ་ཞེས་པ་འདི་ནས་ཡར་རྩིས་པའི་ལོ་ཁྲི༡༩༠༠ལོན་པའི་འགྱུར་རྡོ་དང་། འདི་ནས་རྩིས་པའི་ཡང་ལོ་ཁྲི༡༤༠༠དུས་སུ་ཁད་ཡོན་གནའ་སྤྲའི་འགྱུར་རྡོ་དང་། ཡང་ལོ་ཁྲི༨༠༠སྐབས་སུ་ལོས་ཧྥང་གནའ་སྤྲའི་འགྱུར་རྡོ་དང་། དེ་ནས་ལོ་ཁྲི༤༠༠སྐབས་ཡར་མར་གྱི་སྤྲ་མིའི་འགྱུར་རྡོ་དང་། ཡང་ལོ་ཁྲི༣༥༠ཡི་དུས་ཀྱི་ས་འོག་ནས་ཕྱེ་ལེབ་གནའ་སྤྲའི་རུས་པ་སློག་པ་དང་། ཕེམ་སྐྱིས་ཀླེ་གུས་ནས་རྙེད་པའི་རུས་པ་ནི་འདི་ནས་ཡར་རྩིས་པའི་ལོ་ཁྲི་ཉིས་བརྒྱ་ལྔ་བཅུའི་དུས་ཤར་ཕྱོགས་གཟུགས་དྲང་མིའི་འགྱུར་རྡོ་ཞེས་པ་བསློགས། འདི་ནས་ཡར་བརྩིས་པའི་ལོ་ཁྲི་བརྒྱ་དང་བདུན་ཅུ་ཡར་མར་ལ་སྤྲ་མི་འགྱུར་རྡོ་དང་། ལོ་ཁྲི་བཅུའི་དུས་སུ་ཀླས་ཅམ་མིའི་འགྱུར་རྡོ་སློག་པ་དང་། ལོ་ཁྲི་གཅིག་དང་བརྒྱད་སྟོང་དུས་ཕེན་ཀྲི་ཧྭ་ཧས་ལུང་ཏང་ནས་བསློགས་པའི་མིའི་འགྱུར་རྡོ་དང་སྤྱོད་ཆས་བྱུང་ཡོད་པ་སོགས་ལ་དཔྱད་ན་ཧི་མ་ལའི་རི་རྒྱུད་འདི་ཉིད་ཀྱང་མིའི་རིགས་བྱུང་བའི་འབྱུང་ཁུངས་ཡིན་ཆོག རྒྱུ་མཚན་ཕྱི་གླིང་པ་ཕས་འུར་ཕས་མོས་དང་ཀྲུང་གོའི་འུས་རུས་ཁམ་གཉིས་ཀྱིས་འབྲི་ཆུའི་འགྲམ་ཕེམ་སྐྱིས་གླེ་གུས་ནས་རྙེད་པའི་འགྱུར་རྡོ་ལ་དཔྱད་པས་མིའི་རིགས་ཀྱི་འབྱུང་ཁུངས་ནི་མཐོ་བོད་རི་རྒྱུད་ཀྱི་ཕེམ་སྐྱེས་གླེ་གུས་རེད་ཅེས་བཤད། ཕེམ་སྐྱིས་གླེ་གུས་ནི་ལོ་ཁྲི་བརྒྱད་བརྒྱ་ཡས་མས་ནས་མགོ་བཙུགས་ཏེ་ལོ་ཁྲི་བཞི་བརྒྱ་བར་དུ་བོད་མདོ་དབུས་ཁམས་གསུམ་གྱི་ས་མཐོའི་རི་རྒྱུད་འདི་མཐོ་ཚད་སྨི་ཁྲི༡༠༠༠ལ་གནས་པ་ཡིན།
འདི་ལ་དཔྱད་ན་བོད་ས་མཐོའི་རི་རྒྱུད་འདིའི་ས་མཐོ་དམན་སྨི་ཁྲི༡༠༠༠ལ་གནས་པའི་དུས་གནའི་སྤྲ་མི་འཚོ་བ་ལ་མཐོ་དམའ་ཧ་ཅང་རན་པོར་གྱུར་བ་ཡིན་པས་ཕེམ་སྐྱིས་གླེ་གུས་ནི་མཐོ་བོད་འདིའི་རི་འདབ་ཆུ་ཤུལ་གྱི་གྲོག་རོང་བཅས་ཡིན། ད་ལྟ་འགྱུར་རྡོ་རྙེད་པ་འདི་ཚོ་དེ་སྐབས་མཐོ་བོད་རི་མགོར་བྱུང་མྱོང་བའི་སྤྲ་མིའི་འགྱུར་རྡོ་སྔ་ཕྱི་ཡིན། དེས་ན་ཕེན་རུས་གུས་ཀྱི་འགྱུར་རྡོ་འདིས་བོད་མདོ་དབུས་ས་མཐོའི་རི་རྒྱུད་ནས་མིའི་རིགས་བྱུང་བ་བདེན་དཔང་བྱེད་ཆོག་པས་བོད་ཀྱི་ས་མཐོའི་སྨན་ལྗོངས་འདིའི་རྩེར་གདོད་མའི་སྤྲ་རིགས་མི་རུ་གྱུར་པའི་ལོ་རྒྱུས་ཡོད་ཆོག ཕེམ་སྐྱིས་གླེ་གུ་ནི་ད་ལྟའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་སྤྱི་ལེ་ཉིས་བརྒྱ་ལྷག་གི་ས་མཚམས་སུ་ཡོད་པར་བཤད་དོ།།
སླར་སྨྲས་པ།
རླབས་ཆེན་མེས་པོ་མི་ཉག་རྒྱལ་པོ་ཡིས། །
ཤུལ་བཞག་ལོ་རྒྱུས་རིན་ཐང་བྲལ་བ་རྣམས།།
རང་ནོར་རང་གིས་བདག་པོ་མ་བརྒྱབ་ན།།
སུ་ཞིག་དེ་ལ་དོན་གྱི་བྱི་དོར་བྱེད།།
རང་ལ་ཕན་ཕྱིར་ཀུན་ལ་མཐུན་ཐབས་དང་།།
ལོ་རྒྱུས་ཕན་ཆེད་ཞིབ་འཇུག་ཡང་དག་པར།།
ཤེས་རིག་རྒྱས་ཆེད་རྩོམ་ཡིག་སྤེལ་བ་གསུམ།།
མི་ཡི་རིགས་ལ་མཁོ་གལ་ཆེ་བར་མཐོང་།།
ལོ་རྒྱུས་འབྲི་ན་ཞིབ་ཆ་ཆེ་དགོས་ཞེས།།
མཁས་བླུན་ཀུན་གྱིས་རྒྱུན་འདོན་བྱེད་མོད་ཀྱང་།།
དངོས་སུ་ལག་ལེན་བསྟར་ནས་བྲིས་པ་རྣམས།།
དོན་ལ་གནས་པ་ཉིན་སྐར་ལས་ཀྱང་དཀོན།།
མི་ཉག་ལོ་རྒྱུས་དགོས་ཞེས་བཤད་མཁན་མང་། །
མི་ཉག་ལོ་རྒྱུས་ཤེས་མཁན་ཤིན་ཏུ་ཉུང་། །
མི་ཉག་ལོ་རྒྱུས་འབྲི་མཁན་དཀོན་པའི་དུས། །
ས་བཅད་མ་སྟོང་བ་ཞིག་ཁོ་བོས་བྲིས། །
སུས་ཀྱང་འགྲན་རྩོད་གླེང་བའི་དུས་རབས་འདིར།།
བླ་སྤྲུལ་མི་དཔོན་མཁས་རློམ་འགའ་ཞིག་གིས།།
ཉ་མོ་མི་འཆི་ཐབས་ལམ་འབད་འདུག་ཀྱང་།།
རྒྱ་མཚོ་སྐམ་ན་ཉ་མོ་འཆི་ངེས་ཡིན།།
དགོས་ཚད་གཞན་ལ་རེ་བའི་གོམས་སྲོལ་དང་།།
རང་ཡུལ་འཕེལ་རྒྱས་འགོག་པའི་སྲོལ་ངན་དེ།།
ཕྱི་འཇམ་ནང་རྩུབ་རྟའི་ལུད་གར་ཡོད་ཀྱང་།།
གནས་འདིར་མ་བཞག་གད་སྙིགས་ཁྲོད་དུ་དོར།།
ལོ་རྒྱུས་འཕེལ་སྟོབས་རྒྱས་པའི་རྟ་ཕོ་རྣམས།།
བློ་རིག་རྒྱུགས་རྩལ་འགྲན་པའི་དུས་འདི་ལ།།
འདུག་པར་མ་བཟོད་ར་མའི་བང་རྩལ་གྱིས།།
འགྲན་རྩོད་ཐང་ལ་གོམ་ཆུང་སྤོ་དགོས་བྱུང་།།
འཛམ་བུ་གླིང་གི་ནོར་གྱིས་མི་ཁུག་པའི།།
མི་ཉག་མེས་པོ་དུ་མས་བསགས་པའི་ནོར།།
ལོ་ཆུང་རྣམས་ལ་མི་སྦྱིན་སུ་ལ་སྟེར།།
མི་དགོས་མ་གསུང་སྤུན་ཟླ་རྣམ་པ་ལགས།།
འདི་ན་སུས་ཀྱང་ཁུར་ཐང་མ་བླངས་པའི།།
མི་ཉག་ལོ་རྒྱུས་ལྗོན་ཤིང་སྐམ་ལ་ཉེ།།
བརྟག་དཔྱད་ཆར་རྒྱུན་ཡང་ཡང་མ་ཕབས་ན།།
ཤིང་ལོ་རྒྱས་པ་སྦལ་སྤུའི་སྟོད་ཐུང་བཞིན།།
ལོ་རྒྱུས་མཚོན་བྱེད་བོད་ཀྱི་ཡིག་རྙིང་དེ།།
ལོ་རྒྱུས་མ་མཁྱེན་མུན་པར་ལག་མྱང་འདྲ།།
ལོ་རྒྱུས་གདོང་ལ་ལྟ་སའི་ཤེལ་སྒོ་ནི།།
ལོ་རྒྱུས་བྲིས་པ་མིག་གི་ནོར་བུ་ཡིན།།
འོན་ཀྱང་ལོ་རྒྱུས་རིག་པའི་གསང་གནད་ལ།།
སྨག་རུམ་ནང་དུ་འབེན་ལ་མདའ་འཕངས་བཞིན།།
གནད་ལ་མ་ཁེལ་ཉེས་པ་གང་མཆིས་རྣམས།།
གཟུར་གནས་མཁས་པའི་མདུན་དུ་མཐོལ་ལོ་བཤགས།།
མི་རྒན་འགའ་རེས་ཉན་ནས་བྲིས་པ་དང་།།
ཁོ་བོ་སོང་སྟེ་མྱོང་ནས་བྲིས་པ་གཉིས།།
ཕན་ཡོན་གནད་ཀྱིས་གདམས་ན་མི་འདྲ་བ།།
ལོ་རྒྱུས་མཁན་པོས་བརྟག་ཅིང་དཔྱད་ན་ཤེས།།
མི་རྒན་སྣང་བ་སྐྱིད་པའི་གནའ་སྒྲུང་དང་།།
ཕྱོགས་འཐེན་ནད་ཀྱིས་མནར་བའི་འདོད་གཏམ་ལ།།
དཔྱོད་ལྡན་ན་ཆུང་མགོ་བོ་མི་འཁོར་བར།།
རང་ཡུལ་སྐྱོབ་པའི་ལས་ལ་བརྩོན་ན་ལེགས།།
དེ་ལས་བྱུང་བའི་དྭངས་བསིལ་ཆུ་བོའི་རྒྱུན།།
རྣམ་བྱང་རྒྱ་མཚོ་འཁྱིལ་དང་ལྷན་ཅིག་ཏུ།།
མི་ཉག་ཡུལ་གྱི་ཁོར་ཡུག་གཙང་མ་ལ།།
མ་ཟད་བར་དུ་སྐལ་བའི་རྒྱུ་རུ་བསྔོ།།
འདིར་འབད་དགེ་བའི་བསོད་ནམས་ཐོབ་པ་དེས།།
འབངས་རྣམས་སྐྱིད་ཅིང་དབུ་འཕངས་མཐོ་བ་དང་།།
མི་ཉག་རབ་སྒང་ལོ་རྒྱུས་རྔ་ཆེན་སྒྲས།།
འཛམ་གླིང་ཐ་གྲུ་ཀུན་ཏུ་ཁྱབ་གྱུར་ཅིག།
དཔྱད་གཞིའི་ཡིག་ཆ།
མི་ཉག་མགོན་པོས་བརྩམས་པའི་འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་དཀར། སྤྱི་ལོ༡༩༩༧ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་རིག་པ་སྤྱི་བཤད། སྤྱི་ལོ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
སེང་གེ་བཟང་པོ་སོགས་ཀྱིས་བརྩམས་པའི་མི་ཉག་མཁས་དབང་ལྔའི་རྣམ་ཐར། སི་ཁྲོན་མི་རིགས་དཔེ་སྐྲན་ཁང་གིས་སྤྱི་ལོ༡༩༨༦ལོའི་ཟླ་བ༤པར་དཔེ་བསྐྲུན་བྱས།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོ་སྤྱི་ལོ༢༠༠༢ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
དཀོན་མཆོག་རྡོ་རྗེ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་ཁམས་པའི་འཛུམ་རིས། སྤྱི་ལོ༢༠༡༠ལོར་དཔེ་སྐྲུན་བྱས།
ད།
རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། སྤྱི་ལོ༢༠༠༤ལོའི་ཟླ་བ༡༠པར་མི་རིགས་དཔེ་སྐྲུན་ ཁང་གིས་དཔེ་བསྐྲུན་བྱས།
བཀའ་མ་མཁའ་འབུམ་སོགས་ཀྱིས་བརྩམས་པའི་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ལོ་རྒྱུས་དོ་ཤལ་ཕྲེང་བ། སྤྱི་ལོ༢༠༠༩ལོའི་ཟླ་བ༩པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
རྒྱལ་རོང་བ་ཚེ་རིང་རྡོ་རྗེས་བརྩམས་པའི་སི་ཁྲོན་བོད་ཁུལ་ལྗོངས་རྒྱུའི་རིག་གནས་སྐོར་གྱི་དྲི་བ་བརྒྱ་རྩ། སྤྱི་ལོ༢༠༠༩ལོའི་ཟླ་བ༣པར་སི་ཁྲོན་མི་རིགས་དཔེ་སྐྲུན་ ཁང་གིས་དཔེ་བསྐྲུན་བྱས།
གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས་པའི་གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད། སྤྱི་ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པ་ཡིན།
ཁོ་བོས་བརྩམས་པའི་ཟློས་གར་ལ་འཇུག་པའི་སྒོ། སྤྱི་ལོ༢༠༡༤ལོར་ཕུད་པ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར། སྤྱི་ལོ༢༠༡༡ལོའི་ཟླ་བ༡༡པར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་དཔེ་བསྐྲུན་བྱས།
ནམ་མཁའི་ནོར་བུས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཞང་བོད་ལོ་རྒྱུས་ཏི་སེའི་འོད། སྤྱི་ལོ༡༩༩༦ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
ལ་དྭགས་རྒྱལ་རབས། སྤྱི་ལོ༡༩༨༦ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས་པའི་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས། སྤྱི་ལོ༢༠༡༠ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
བལ་ཡུལ་སེར་དགོན་གྱི་བླ་མ་ཤར་མ་སངས་རྒྱས་བསྟན་འཛིན་གྱིས་བརྩམས་པའི་ཤར་པའི་ཆོས་འབྱུང་དང་མེས་རབས་བཞུགས་སོ། སྤྱི་ལོ༢༠༠༣ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས། སྤྱི་ལོ༢༠༠༩ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
མཁན་ཚེ་རིང་རྡོ་རྗེ་དང་ཡེ་ཤེས་འབྱུང་གནས་གཉིས་ཀྱིས་བརྩམས་མི་ཉག་ར་ཐིས་དགོན་གྱི་བྱུང་བ་བརྗོད་པ་ཆུ་དྭངས་ནོར་བུའི་ཕུང་པོ། སྤྱི་ལོ༡༩༩༧ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
དོན་རྡོར་དང་བསྟན་འཛིན་ཆོས་གྲགས་གཉིས་ཀྱིས་བརྩམས་པའི་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ། སྤྱི་ལོ༡༩༩༣ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
ཆབ་འགག་རྟ་མགྲིན་གྱིས་རྩོམ་སྒྲིག་བྱས་པའི་བོད་བཙན་པོའི་དུས་ཀྱི་རྩོམ་རིག མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། སྤྱི་ལོ༢༠༠༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་། སྤྱི་ལོ༡༩༨༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
ཉལ་ཤུལ་འཇམ་དབྱངས་གྲགས་པས་བརྩམས་པའི་མདོ་ཁམས་མི་ཉག་རབ་སྒང་གི་བྱུང་བ་རགས་བསྡུས་ལོ་རྒྱུས་ཀྱི་མྱུ་གུ། སྤྱི་ལོ༢༠༡༢ལོར་ཁོང་རང་ཉིད་ཀྱིས་རྒྱ་ནག་ཁྲི་འདུས་གྲོང་ཁྱེར་བོད་མིའི་ཁྲོམ་ར་ནས་དཔར་བཏབ།
མི་ཉག་འཇམ་དབྱངས་གྲགས་པས་བརྩམས་པའི་མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ། སྤྱི་ལོ༢༠༠༥ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
མདོ་ཟླ་གསལ་དབང་མོས་བརྩམས་པའི་རྗེ་བཙུན་མ་མདོ་ཟླ་གསལ་དབང་མོའི་གསུང་འབུམ་ཆོས་ཕྱོགས་བསྒྲིགས། སྤྱི་ལོ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཚུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ། སྤྱི་ལོ༢༠༠༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གིས་དཔར་དུ་བསྐྲུན།
ནག་པོ་སྐལ་བཟང་གིས་གཙོ་སྒྲིག་བྱས་པའི་སྤྱི་ལོ༢༠༡༡ལོར་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས།
དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཕུད་པའི་དུས་དེབ༼ཁམས་པའི་འཛུམ་རིས༽ སྤྱི་ལོ༢༠༡༤ལོར་ཐེངས་དང་པོ་དཔེ་བསྐྲུན་བྱས།
བྱམས་པ་ཕྲིན་ལས་ཀྱིས་བརྩམས་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། སྤྱི་ལོ༡༩༩༠ལོའི་ཟླ༡༡པར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པ་སོགས་ནི་ང་ཚོའི་དཔྱད་གཞིའི་ཡིག་ཆ་རྣམས་མཚོན་ཙམ་ཞུས་པ་ཡིན་ནོ།།
མཇུག་གཏམ།
དང་པོ་ལོ་རྒྱུས་འབྲི་དགོས་པའི་རྒྱུ་མཚན། དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་ཏུ། སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་ཡོད་པ་ལས། ད་ཐེངས་སྐབས་སུ་བབས་པ་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ལས་མི་ཉག་རབ་སྒང་གཙོའི་ལྡོང་སྤྱང་མི་ཉག་གི་ལོ་རྒྱུས་ལ་ཕན་པའི་ཡིག་ཆ་ཕྱོགས་བསྒྲིགས་ཤིག་ནི་མཐོང་ཐོས་ཀྱི་ཡུལ་དུ་སྔོན་ཆད་ཀྱང་མ་གྱུར་ལ། ད་ལྟ་ལའང་ཆ་ཚང་བ་ལྟ་བུ་ཞིག་མཐོང་རྒྱུ་དཀོན་པོའི་གནས་སུ་གྱུར་ཡོད། དེ་ཡང་རང་ཉིད་སྐྱེས་པའི་ཡུལ་གྱི་ལོ་རྒྱུས་མ་ཤེས་ན་ནི། མི་ལུས་ཤིག་ཐོབ་པ་ནི་རིན་ཐང་མེད་པ་ཞིག་ཏུ་གྱུར་ཡོད་སྙམ། སྤྱིར་རང་རང་གི་ནུས་པ་དང་བསྟུན་ནས་ལོ་རྒྱུས་ཆེ་ཆུང་དུ་མ་འབྲི་སྲོལ་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མ་ལ་དར་ཡོད་པ་ཞིག་ཡིན། དེར་བརྟེན་མི་ཉག་གི་ལོ་རྒྱུས་ལ་ཡང་དར་རྒུད་སྣ་ཚོགས་བྱུང་ནས་ད་ལྟ་ནི་ཉམས་རྒུད་ཀྱི་གནས་སུ་ལྷུང་ཡོད། དེ་ཅིའི་ཕྱིར་རེད་ཅེ་ན། རང་གི་ལོ་རྒྱུས་རང་གིས་མི་ཤེས་པར། གཞན་གྱི་ཟེར་སྒྲོས་ཀྱི་ཁ་ལ་ཉན་ནས་ཁུངས་མེད་ཀྱི་གཏམ་མང་པོ་ཞིག་སྤྱི་ཚོགས་སྟེང་དུ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་ཤིག་ལ་སླེབས་ཡོད་པས། དེང་སང་བོད་ཡིག་ཤེས་མཁན་ཅུང་ཟད་ཉུང་བ་དང་། གལ་སྲིད་ཤེས་པ་རྣམས་ཀྱིས་རང་གི་གནས་སྐབས་ཀྱི་འཚོ་བ་སྐྱེལ་ཐབས་བྱེད་པ་ཙམ་ལས་ཕ་མེས་ཀྱི་ཡིག་ཚང་མི་འཚོལ་བ་དང་། ཐ་ན་ད་ལྟའི་གནས་ཚུལ་ཙམ་ཡང་ཡི་གེར་བཀོད་ཡོད་པ་ཆེས་ཉུང་བ་ཞིག་ཡིན་ཞིང་། འདས་པའི་གནས་ཚུལ་རྣམས་ཀྱང་ཡི་གེར་བཀོད་མེད་ན། ལོ་བརྒྱ་ཙམ་ཕྱིན་རྗེས་ད་ལྟའི་གནས་ཚུལ་ཙམ་ཡང་མི་ཤེས་པར་འགྱུར་བས། ཁོ་བོས་དོན་འདི་ལྟ་བུ་ལ་དམིགས་ནས་མི་ཉག་ལོ་རྒྱུས་ཀྱི་ས་བོན་ཙམ་ཞིག་བྲིས་པ་ཡིན། དེ་ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལས། ཕ་ཡིས་གནའ་བཤད་མ་ཤེས་ན། །བུ་ཡིས་ད་བཤད་ཅི་ཞིག་བཤད། །ཅེས་པའི་དཔེ་ལྟར་དང་། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། །བྱས་པའི་ལས་ལ་གྲུབ་པའི་མཐའ་དགོས། །དཔོན་ཆེན་ཁ་ལ་ཉན་པའི་མི་དགོས། །ཞེས་གསུངས་པ་ལྟར། བོད་སིལ་བུར་མ་སོང་བའི་སྔ་རབས་ཀྱི་རྗེ་འབངས་མཐའ་དག་རིགས་རུས་འཆོལ་བར་མི་སྤྱོད་པས་ཁུངས་དང་ཡིག་ཚང་ལ་ནན་ཏན་དུ་བྱེད་པའི་སྲོལ་འདུག་ཅིང་། དེང་སང་ནི་འདི་རིགས་ཀྱི་རྒྱུ་མཚན་མང་དུ་སྨྲ་བ། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཅེས་གསུངས་འདུག་པ་དག་ལ་བསམས་ནས་འདིར་མི་ཉག་དང་འབྲེལ་བའི་ལོ་རྒྱུས་ཅུང་ཟད་བཀོད་མོད། རེད་ཀྱང་ང་རང་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་ཞིང་། ལོ་རྒྱུས་ཀྱི་ཤེས་བྱ་ཤིན་ཏུ་དབུལ་བ་ཡིན་པས། ད་ཐེངས་འདིར་སྔོན་གྱི་ཡིག་ཚང་དག་ལས་རང་ཅག་མི་ཉག་ལ་འབྲེལ་བ་ཡོད་པ་འགའ་དང་། རང་ཉིད་ལ་ཡིད་ཆེས་ཡོད་སའི་ཡིག་ཆ་ཁུངས་ལྡན་འགའ་ཞིག་གི་ལོ་རྒྱུས་དང་། དེང་དུས་གསར་བསྐྲུན་གྱི་ཡིག་ཆ་འགའ་ལས་བྱུང་བ་རྣམས་འདིར་བཀོད་པ་ནི། མི་ཉག་ལྡོང་བྱང་གི་ལོ་རྒྱུས་ཀྱི་ས་བོན་ཞིག་འདེབས་ཐུབ་ན། གསར་སྐྱེས་སྨྱུག་ཐོགས་པ་རྣམས་ལ་དྲན་སྐུལ་གྱི་ཆེད་དང་། རྗེས་སུ་ལོ་རྒྱུས་ཀྱི་སྣོན་གཞི་ཞིག་ཏུ་འགྱུར་ན་སྙམ་ནས་འབྲི་ཁུལ་བགྱིས་པ་འདི་ལ། ཚིག་གི་ཟློས་སྐྱོན་དང་དོན་ལ་ནོར་འཁྲུལ། གོ་རིམ་འཁྲུགས་པ། དག་སྡེབ་ཉམས་པ་སོགས་ཀྱི་སྐྱོན་ཆ་སྤང་མ་ཐུབ་པས། གང་དྲན་ཁ་སྐད་ཀྱིས་བྲིས་པ་ཡིན་པས་མཁས་པ་མགུ་བྱེད་ཀྱི་གཏམ་སྙན་མོ་ཞིག་བཤད་མི་ཤེས་མོད། འོན་ཀྱང་མེད་པ་ལས་ཡོད་པ་དང་། ཡོད་པ་ནས་དར་བ། དར་བ་ནས་རྒྱས་པ་བྱེད་ཆེད་དུ་བྲིས་པ་ཡིན་ནོ། །
གཉིས་པ་བློ་འདྲི་ས་རྣམས་ཀྱི་མཚན་ཐོ། མི་ཉག་སྐུ་ཞབས་ཆོས་ཀྱི་རྒྱལ་མཚན། འབུམ་རམས་པ་ཉག་ཆུ་ཨ་ཚོགས། དཔའ་རིས་སངས་རྒྱས། དཀོན་མཆོག་བསྟན་འཛིན། ཀྲུང་ཅ་སྤྲུལ་སྐུ། བློ་བཟང་རྒྱ་མཚོ། ཚེ་དབང་རྡོ་རྗེའམ་ཚངས་པོས། འཆི་མེད་དབང་མོ། དབང་དྲག་རྡོ་རྗེ་བཅས་ཡིན་ནོ། །
གསུམ་པ་འབྲི་སའི་དུས་ཚོད་ཀྱི་གོ་རིམ། མི་ཉག་ལོ་རྒྱུས་འབྲི་རྒྱུར་དུས་ཡུནལོ་ངོ་བཅུའི་་རིང་ལ་བྲིས། ལོ་གཉིས་ལ་གྲ་སྒྲིག་བྱས། ལོ་གསུམ་ལ་རྒྱུ་ཆ་རྣམས་འཚོལ་སར་སོང་། སྐབས་དེར་རྒྱུ་ཆ་འཚོལ་བསྡུ་བྱེད་ལུགས་ནི་ཡུལ་སོ་སོའི་མི་རྒན་དང་ཅུང་ཟད་མཁས་པ་རྣམས་ལ་ལོ་རྒྱུས་གྱི་གནས་ཚུལ་དག་དྲིས་ནས་རང་ཉིད་ཀྱི་ཕྱོགས་བསྡོམས་བྱས། ས་གནས་རང་རང་གི་ཤང་སྲིད་གཞུང་གི་ཡིག་ཆ་ལ་གཞིར་བྱས་ཤིང་། ལོ་བཞི་ཕྱེད་ཀྱི་རིང་ལ་ཡི་གེ་བྲིས་ནས་གློག་ཀླད་ནང་དུ་བླུགས། ལོ་ཕྱེད་ཀ་ཙམ་གྱི་རིང་ལ་ཡི་གེ་ཞུ་དག་བཏང་། སྔོན་ཆད་བྲིས་པ་དེའི་གྲངས་ཀ་ནོར་སོང་ཡིན་པས་དགོངས་དག་ཞུ།
བཞི་པ་ལོ་རྒྱུས་བྲིས་པར་རྒྱབ་སྐྱོར་མཛད་མཁན། དེ་ཡང་ལོ་རྒྱུས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་མཁན་མུ་ལི་བ་དབང་དྲག་རྡོ་རྗེ་དང་རྡོ་རྗེ། གཡང་སྒྲེན་མོ། དེ་མིན་དཀར་མཛེས་ཁུལ་གྱི་སློབ་མ་སྒྲོན་མ་ལྷ་མོ། ཚེ་རིང་གཡང་འཛོམས། ཚེ་རིང་ནད་མེད། སྐལ་བཟང་རྒྱ་མཚོ། འོད་ཟེར་དཔལ་མོ། བསྟན་སྲུང་རྡོ་རྗེ།(代富贵) སྒྲོན་དཀར། ཨ་ཚོགས། ཚེ་རིང་དབང་མོ། ཡང་ཏུང་ཧྭ། དཔལ་ལྡན་ལྷ་མོ། གྲོགས་པོ་ལི་ཕིང་།(李平)དབྱང་ཀྲེང་ཆིང་། (杨正清)ཨན་ཏེ་ཆོན། (安德全) ཝང་ཀུའོ་པིང་། (王国兵) ངག་དབང་བློ་གྲོས། ཆོས་དཔལ་བཟང་པོ། ཆོས་མཚོ། ཚེ་དབང་བཅས་ཡིན། རྒྱུ་ཆ་རྒྱ་ཡིག་ལས་བོད་ཡིག་ལ་སྒྱུར་མཁན་དགེན་སྔོ་ཆུང་ལགས་དང་སློབ་གྲོགས་བསོད་རྒྱ་ཆེ་ཆུང་གཉིས་དང་། དཀོན་མཆོག་དབང་རྒྱལ་བཅས་ཡིན།
ཡི་གེ་ཞུ་དག་གཏོང་རྒྱུར་རོགས་རམ་བྱེད་མཁན་ནི་སྐུ་ནུབ་རྒྱ་མཚོ་དང་། བཀྲ་ཤིས་ལྷ་མོ། གུ་རུ་ལྷ་མོ། བདེ་སྐྱིད་སྒྲོན་མ། ཚེ་རིང་ལྷ་སྐྱིད། རིན་ཆེན་ལྷ་མོ། སྒོ་སྤུས་པདྨ་དབང་ཆེན། རིག་འཛིན་རང་གྲོལ། ཡེ་ཤེས་རབ་གསལ། མཁར་པ་ཆོས་དགའ། དབང་རྒྱས། ཚེ་རིང་དབང་རྒྱལ། ངག་དབང་དགེ་འདུན་སོགས་ལ་བཀའ་དྲིན་ཆེ་ཞུ། དེ་མིན་གྱི་འབྲི་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་བཟའ་ཟླ་ཡེ་ཤེས་དང་བུ་ཤེས་རབ་གཉིས་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ། །ཞེས་པ་འདི་ནི་རབ་བྱུང་བཅུ་མདུན་པའི་ཤིང་རྟ་ལོ་སྟེ་སྤྱི་ལོ་༢༠༡༤ལོའི་ཟླ་བ༤པར་མི་ཉག་གུ་དྲག་གི་ཁམས་པའི་སློབ་ཆེན་ནང་དུ་བྲིས་པ་ཡིན་ནོ།།
རྩོམ་གསར། 10