མི་ཉག་གི་དེབ་ཐེར་ལྗང་གུ །༼༢༽

རིག་འཛིན་བསྟན་སྲུང་གིས་བརྩམས།        2018-06-06

མི་ཉག་གི་མིང་ལ་ཤིས་ཞཱ་ཞེས་པའི་གོ་དོན།

དེ་ཡང་མདོ་ཁམས་མི་ཉག་གི་མིང་ལ་རྒྱ་ཡིས་ཤེས་ཞཱ་ཞེས་འབོད་པའི་དོན་དེ་ཅི་ཡིན་ཅེ་ན་དེ་ནི་ཁག་གཏན་ནས་མེད་པ་རེད། ཤེས་ཞཱ་ཞེས་པའི་དོན་དེ་མ་ཤེས་པ་རེད།  རྒྱུ་མཚན་ཅི་རེད་ཅེ་ན་རྒྱ་ཡིས་ཤེས་ཞེས་པའི་དོན་ནི་ནུབ་གྱི་དོན་རེད།  ཞཱ་ནི་མིང་ལ་རྒྱ་ཞེས་པའི་དོན་ཡོད་ཀྱང་དོན་ལ་ཕྱོགས་གི་ཡིན་པས་དེས་ནུབ་ཕྱོགས་ཀྱི་བོད་མི་ཉག་ལ་གོ་དགོས།   རྒྱུ་མཚན་ཅི་རེད་ཅེ་ན་རྒྱ་ཡིས་ཞེས་པའི་དོན་ནི་ནུབ་ཀྱི་དོན་ཡིན།  དཔེར་ན་ཤར་ཕྱོགས་ཀྱི་ཧུའི་རིགས་ལ་ང་ཚོས་དེང་སང་ཤར་རྒྱ་ཞེས་འབོད་པ་ལྟ་བུ་ཡིན། གནའ་ནས་ད་ལྟའི་བར་དུ་བོད་མི་ཉག་ནི་རྒྱ་ནག་གི་ནུབ་ཕྱོགས་བོད་ཀྱི་ས་མཐའ་ལ་གནས་པའི་ཚོ་ཁག་ཆེན་པོ་ཞིག་གི་མིང་ཡིན་ཞིང་། བོད་པ་ལས་མི་རིགས་གཞན་ཞིག་མ་ཡིན་པར་ཤེས་པར་བྱ་དགོས། དེ་ཡང་རྒྱ་ནག་གི་རྒྱལ་རབས་སོ་སོའི་བོད་ཀྱི་མི་རིགས་ལ་མིང་བཏགས་སྟངས་མི་འདྲ་བ་འགའ་ཡོད་པ་ནི། དཔེར་ན། རྒྱའི་ཀྲོའུ་རྒྱལ་རབས{周朝}སྐབས་སུ་བོད་ལ་རོང{戎}ཞེས་མིང་བཏགས་ཡོད། ཧན་རྒྱལ་རབས{汉朝} སྐབས་སུ་བོད་ལ་ཆའང{羌} ཞེས་མིང་བཏགས་ཡོད། ཐང་རྒྱལ་རབས། {唐朝 } སྐབས་སུ་བོད་ལ་ཐུ་བྷོད{吐蕃} ཅེས་མིང་བཏགས་ཡོད། ཡོན་རྒྱལ་རབས{元朝}སྐབས་སུ་བོད་ལ་ཞི་ཧྥན{西蕃}ཞེས་མིང་བཏགས་ཡོད།  མིང་རྒྱལ་རབས{明朝}སྐབས་སུ་བོད་ལ་དབུས་གཙང{乌期藏}ཞེས་མིང་བཏགས་ཡོད། ཆིན་རྒྱལ་རབས་སྐབས་སུ{清朝}བོད་ལ་གཙང་རིགས{藏族}ཞེས་མིང་བཏགས་ཡོད། རྒྱའི་ལོ་རྒྱུས་ཐོག་ཏུ་ཆའང་ཞེས་པའི་མིང་དེ་བྱུང་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་སོང་ཟིན། བོད་ལ་མཚོན་ན་རྒྱལ་རབས་སོ་དྲུག་པ་ཁྲི་འདུས་སྲོང་གི་སྐབས་སུ་ད་གཟོད་ཏུན་ཧོང་གཏེར་ཡིག་ཏུ་འཇང{ཆའང}ཞེས་པའི་མིང་འདི་ཐོག་མར་བྲིས་འདུག་ཅེས་གསུངས་སོ།།

གོང་གི་མིང་བཏགས་སྟངས་སྐོར་ནི་གུག་རྟགས་ནང་གི་རྒྱ་ཡིག་རྣམས་ནི་སྤྱི་ལོ༡༩༩༢ལོར་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭས་པར་སྐྲུན་བྱས་པ་རྩེར་སྙེགས་ཞེས་པའི་དུས་དེབ་གསུམ་པའི་ནང་ནས་ཁོ་བོས་མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མའི་ནང་ནས་དཔེ་བཤུས་པ་ཡིན། བོད་ཀྱི་མིང་ལ་གཙང་རིགས་ཞེས་པ་འདི་ནི་ཆིན་རྒྱལ་རབས་སྐབས་ནས་ད་ལྟའི་བར་དུ་རྒྱ་ནག་པས་བོད་སྤྱིའི་མིང་ལ་བེད་སྤྱོད་གཏོང་བཞིན་ཡོད་ཀྱང་རྗེས་སུ་བསྒྱུར་འགྲོ་རྒྱུའི་རང་བཞིན་ཅན་ཞིག་ཀྱང་ཡིན་པས་དེ་ལུགས་ཞུ། དཔེར་ན་ལྷ་ས་རང་སྐྱོང་ལྗོངས་ལ་ནུབ་བོད་ལྗོངས(西藏)ཞེས་འབོད་སྲོལ་ཆགས་ཡོད་པ་ལྟ་བུས་ཤེས་པར་བྱའོ།། དེ་ཡང་ཇིང་གེར་ཧན་གྱི་ལོ་རྒྱུས་ནང་དུ་ཚེ་མཇུག་ཏུ་བོད་མི་ཉག་གི་ཡུལ་དབང་དུ་བསྡུས་པར་བཤད་པ་ལྟར་ན། མི་ཉག་ནི་བོད་རིགས་དངོས་ཡིན་པའང་མཁས་པ་རྣམས་ཀྱིས་ཤེས་པར་བྱ་དགོས། འདིའི་ཁུངས་ལུང་འཚོལ་དགོས་ན་བོད་ཀྱི་ལོ་རྒྱུས་མཁས་པ་དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ལྡེབ༡༦༠༠ནས༡༦༠༡ངོས་བར་ལ་གཟིགས་དང་མཁྱེན་པར་འགྱུར་རོ།  །      

མི་ཉག་གི་རྒྱལ་རབས་བཤད་པ།

མི་ཉག་གའི་ཙུ་རྒྱལ་པོའམ(格祖王སི་ཧུ་ཀླུ་མས་བཀྲ་ཤིས་ཚེ་རིང་།)ཤིས་ཞཱ་རྒྱལ་པོའི་མི་རབས་དང་པོ་ཅིང་ཙུང་ནང་ཤའོ་འམ་ཡོངས་གྲགས་སུ་ལི་ཡོན་ཧའོ་ཡང་ཟེར་ཞིང་། འདིའི་མེས་པོ་ལི་ཀོང་ཟེར་བ་ཞིག་གིས་ཏང་ཞང་རིགས་རྒྱུད་ཚོ་པ་ཁག་གཅིག་གྱུར་བྱས་ཤིང་། རྗེས་སུ་ཐང་རྒྱལ་རབས་ཀྱི་བློན་པོའི་གྲས་སུ་ཞུགས་ཏེ་ཞབས་འདེགས་ལེགས་པོ་བྱུང་བས་ནུབ་ཕྱོགས་ས་ཁུལ་སྐྱོང་བའི་དཔོན་པོར་བསྐོས་ཐོག ཐང་གོང་མའི་རུས་རྒྱུད་ཁོངས་སུ་བཞག་ནས་རུས་མིང་ལི་ཞེས་པར་བསྒྱུར། དེས་དབང་བསྒྱུར་བྱས་པའི་ཁུལ་ལ་ལི་ཡུལ་ཞེས་ཀྱང་འབོད(འདི་ཡོངས་གྲགས་ཀྱི་ལི་ཡུལ་དེ་མིན་དེ་ནི་དེང་སང་གི་ཤིན་ཅང་ལ་གོ་དགོས།)ཐང་རྒྱལ་རབས་ཉམས་རྗེས་ལི་སི་ཀོང་གི་ཡང་ཚ་ལི་ཅིས་ཅན་དང་། ལི་ཏེ་མིང་གཉིས་ཀྱིས་སྔ་རྗེས་སུ་སུང་རྒྱལ་རབས་དང་ལེའོ་རྒྱལ་རབས་ཀྱི་བློན་ཆེན་བྱས།  ལྡོང་བྱང་མི་རིགས་ཀྱི་དཔལ་འབྱོར་དང་། རིག་གནས་གང་ཅིར་ཡར་རྒྱས་ཆེན་པོ་བྱུང་། སུང་རེན་ཙུང་རྒྱལ་པོའི་ཅིང་ཡོའུ་ཁྲི་ལོ་ལྔ་པ་ས་སྟག་ལོ་སྟེ་སྤྱི་ལོ༡༠༣༨ལོར་བློན་པོ་ལི་ཏེ་མིང་གི་ཚ་བོ་བློན་པོ་ལི་ཡོན་ཧའོ་ཞེས་པས་ངོ་ལོག་བྱས་ཏེ་རང་ཉིད་རྒྱལ་པོ་བྱས་པའི་རྒྱལ་རབས་ཀྱི་མིང་ལ་ཏཱ་ཞཱ་སྟེ་ཆེན་པོ་ཞཱ་རྒྱལ་རབས་ཟེར་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་མི་ཉག་རྒྱལ་རབས་ཟེར། རྒྱལ་ས་ནི། ཤིན་ཆིང(兴庆)དེང་སང་ཉིང་ཞཱ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་ཏེ་དབྱིན་ཁྲོན་ཟེར་དེར་ཡིན་ནོ།    །གོང་གི་ནང་དོན་རྣམས་ནི་དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་བུ་ལྡེབ་མ༤༨༤ནས༤༨༥ངོས་བར་ལས་བཏུས་པ་ཡིན་ནོ།  །

མི་ཉག་རྒྱལ་པོའི་སྐོར་བཤད་པ།

  དེ་ཡང་རང་རེའི་བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་ཅེས་ཟེར་བར་རྒྱས་ཞིས་ཞཱ(西夏)ཞེས་འབོད་ལ།ཡང་བོད་ཀྱི་ཟེར་བའི་མི་ཉག་ནི་གནའ་དུས་སྲོང་བཙན་གྱི་བཙུན་མོ་མི་ཉག་བཟའ་བསུ་ཡུལ་དང་ཕྱིས་ཀྱི་མི་ཉག་རབ་སྒང་དུ་འབོད་པའི་ཡུལ་གྲུ་སོགས་ལ་འཁོད་པའི་ལྡོང་མི་ཉག་གི་རིགས་རྒྱུད་ལ་གོ་བ་ཡིན་མོད། འདིའི་བརྗོད་པའི་མི་ཉག་ནི་དམིགས་བསལ་མི་ཉག་རིགས་གཙོས་པས་བཙུགས་པའི་མི་ཉག་རྒྱལ་རབས་ལ་ཟེར་བ་ཡིན་ཏེ། ཚུལ་དེའང་རྒྱའི་ཡི་གེར། མི་ཉག་རྒྱུལ་རབས་ནི་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་བར་ཏེ་སྤྱི་ལོ༡༠༣༨ནས་༡༢༢༧བར་རང་རྒྱལ་ནུབ་ཕྱོགས་ཀྱི་སྤུན་ཟླ་མི་རིགས་རྣམས་ལས་ལྡོང་སྤྱང་པ(党项羌)གཙོ་བྱས་པས་མཉམ་འབྲེལ་གྱིས་བཙུགས་པའི་རྒྱལ་ཁབ་ཅིག་རེད་ཅེས་བཀོད་པ་བཞིན། དེའི་ཐོག་མའི་རིགས་རྒྱུད་ནི་བོད་ཀྱི་ལྡོང་གི་རུས་སུ་གཏོགས་པས་རྒྱ་ཡིག་ཏུ་ལྡོང་ལ་ཏང་ཤང་ཞེས་སྒྲ་བྲིས་འདུག་ཅིང་། སྤྱིར་བོད་ལ་ཆཱང་གི་མིང་སྦྱར་བ་བཞིན་འདི་ལའང་ཏང་ཤང་ཆཱང་ཞེས་འཁོད་ཡོད། ཡང་མིང་འདི་ནི་བོད་ཡིག་ཏུ་མི་ནག་དང་མི་ཡག་ཅེས་པའི་སྒྲ་འགྱུར་ཡིན་ཚུལ་སོགས་ཅི་རིགས་ཤིག་འབྱུང་བས་རྒྱའི་གནའ་ཡིག་ཏུའང་མི་ཡོག(弥药)ཅེས་བྲིས་འདུག སྤྱིར་བོད་ཀྱི་རུས་མཛོད་སོགས་སུ་ལྡོང་ངམ་མི་ཉག་གིས་གནའ་སྔ་མོ་ནས་ཁམས་ཀྱི་ཡུལ་རྣམས་བཟུང་བར་བཤད་ལ། རྒྱའི་ཡི་གེ་ལྟར་ན་བོད་ཆེན་པོའི་རྒྱལ་ཁབ་མ་བཙུགས་གོང་མདོ་སྨད་ཤར་མཐའི་འབྲུག་ཆུའི་རྒྱུད་གཙོས་པའི་ཡུལ་རྣམས་སུ་གནས་པ་དང་། ཕྱིས་འཐབ་འཁྲུག་སོགས་ཀྱི་རྐྱེན་ལས་དུམ་བུར་ཆད་དེ་ལྷོ་བྱང་གཉིས་སུ་གྱེས་པ་ལས་ལྷོ་བ་ནི་དེང་གི་ཁམས་མི་ཉག་སོགས་དང་བྱང་པ་རྣམས་ད་ལྟའི་ཉིན་ཞཱ་ལྗོངས་ཕྱོགས་སུ་བྱོན་པ་ལ། རྗེས་ནས་བོད་སིལ་བུའི་སྐབས་སུ་དེང་གི་གྲོང་ཁྱེར་ཡུན་ཁྲོན་གྱི་ཉེ་འདབས་རྒྱལ་ས་བྱོན་པ་ལ། རྗེས་ནས་བོད་སི་བུའི་སྐབས་སུ་དེང་གི་གྲོང་ཁྱེར་ཡུན་ཁྲོན་གྱི་ཉེ་འདབས་རྒྱལ་ས་བྱས་ནས་ཏཱ་ཞཱ་གོ(大复国)སྟེ་མི་ཉག་ཆེན་པོའི་རྒྱལ་ཁབ་བྱ་བ་བཙུགས་པ་ཡིན་པར་བཤད། བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་རྒྱལ་རབས་སམ་ཡང་ན་མི་ཉག་གྷ་ཞེས་བརྗོད་པར་སྣང་། དེབ་ཐེར་དམར་པོ་དང་རྒྱ་བོད་ཡིག་ཚང་ཆེན་མོདང་།  མདོ་་སྨད་ཆོས་འབྱུང་སོགས་སུའང་མི་ཉག་གི་ལོ་རྒྱུས་དང་རྒྱལ་རབས་བྱུང་ཚུལ་བཀོད་ཡོད་དེ། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་བྱ་བ་ལས། དཔའ་བོ་མི་ཉག་གི་རྒྱལ་རབས་ནི། སྔོན་དང་གྷ་ཐག་ལ་སོགས་མི་ཉག་གི་ཡུལ་ཐམས་ཅད། རྒྱ་རྒྱལ་པོའི་འོག་ན་ཡོད་པ་ལ། བྱང་ངོས་དང་འགའི་བར་ན། ཞེས་སོགས་མི་ཉག་རྒྱལ་པོ་ཐོག་མ་དང་པོ་བྱོན་ཚུལ་ནས་ལག་ཁྱགས་ཚུལ་དང་དེ་ནས་ནར་སོན་ཏེ་རྒྱའི་རྒྱལ་བློན་བཅས་བསད་དེ་རྒྱལ་ས་བླངས་ཚུལ་སོགས་གཏམ་རྒྱུད་ཀྱི་ནང་དོན་ལྟ་བུ་ཞིག་ངག་སྒྲོས་བཞིན་གླེང་ཐོག དེའི་རྒྱལ་རབས་ཉེར་གཅིག་པ་མི་ཉག་རྒྱལ་རྒོད་བྱ་བ་ནས་རྒྱལ་རྒྱུད་ཆད་དེ་ཧོར་ཇིང་གིར་ལ་རྒྱལ་ས་ཤོར་ཚུལ་བཅས་མང་ཙམ་ཞིག་བཀོད་ཡོད་པ་དང་། ཡང་དེའི་མངའ་ཁོངས་ནི་མདོ་སྨད་ཆོས་འབྱུང་དུ་དེ་དུས་མི་ཉག་གི་ཡུལ་ནི། བྱང་གི་བོད་སོག་གི་མཚམས་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་པོའི་ཐོག་མ་སི་ཧུའི་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། ཤར་ན་རྒྱལ་ནག་ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ་གོ་ཏན་གྱིས་བཟུང་བའི་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་ཞེས་བཤད། ཅེས་འཁོད་ཡོད་པ་ལྟར་ལགས་ཤིང་། རྒྱའི་གནའ་བོའི་ཡིག་ཚང་རྣམས་སུའང་ལྡོང་གི་གནས་ཚུལ་དང་ཞིས་ཞཱ་རྒྱལ་རབས་ཀྱི་བྱུང་བ་མང་པོ་བཀོད་ཡོད་པ་དང་།ཞིབ་རྒྱས་ནི་དེང་དུས་ཀྱི་མཁས་པ་མང་པོའི་དཔྱད་རྩོམ་དང་ལོ་རྒྱུས་གསར་དུ་སྤེལ་བའི་རྩོམ་ཡིག་བཅས་སུ་གསལ་བ་བཞིན་ལགས་ཤིང་། ཡང་དེ་ལྟར་བོད་རྒྱའི་ལོ་རྒྱུས་རྣམས་སུ་བཤད་ཚུལ་ཅུང་ཟད་ཁ་མི་མཚུངས་པ་ཡོད་ནའང་དེང་སྐབས་ཡོངས་གྲགས་ལ་མི་ཉག་གི་དྲུག་དཔོན་ལིས་ཡོན་ཧོ་བྱ་བས་ལྡོང་རིགས་གཙོས་པའི་ཡུལ་དེའི་ཚོ་ཁག་རྣམས་བསྡུས་ཏེ་སྤྱི་ལོ༡༠༣༨མི་ཉག་རྒྱལ་རབས་ཐོག་མར་བཙུགས་ནས་སྔ་གཞུག་ཏུ་རྒྱལ་རབས་བཅུ་ལྷག་གིས་ལོ་ངོ་ཉིས་བརྒྱར་ཉེ་བའི་རིང་རྒྱལ་ཁམས་ལ་དབང་བསྒྱུར་ཏེ།  སྐབས་དེའི་བྱང་གི་ལིའོ་དང་ཅིན་བྱ་བའི་རྒྱལ་ཁག་མ་ཟད། རྒྱའི་སུང་རྒྱལ་རབས་བཅས་ལའང་ཡུལ་རྩོད་ཀྱི་དམག་འཁྲུག་མང་པོ་བརྒྱབ་ཅིང་། བོད་ཀྱི་ཤར་མཐའི་ཙོང་ཁའི་རྒྱལ་པོ་དང་ཡང་འབྲེལ་གཏུག་ཆེ་ལ། སྲིད་དབང་དར་བའི་རྩེར་སོན་སྐབས་མངའ་ཐང་ནི་ཀྲུའུ་ཁག་ཉི་ཤུ་ལྷག་ཙམ་སྟེ་དེང་གི་ཉིན་ཞཱ་ལྗོངས་ཡོངས་དང་ཧྲན་པེ་དང་ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་དང་མཚོ་སྔོན་པོའི་ཤར་བྱང་ནས་ནང་སོག་གི་ས་ཁུལ་ཁ་ཤས་བཅས་བཟུང་སྟེ་སུང་རྒྱལ་རབས་དང་འགྲན་དུ་ལངས་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན། མི་སྡེ་གཙོ་བོ་ལྡོང་རིགས་ཏེ་བོད་དང་གཞན་རྒྱ་ཧོར་སོག་གསུམ་དང་བཅས་པའི་མི་འབོར་མོད་པོ་ཡོད་པར་བཤད། ཆབ་སྲིད་དང་དཔལ་འབྱོར་རིག་གནས་ལ་སོགས་པའི་ཐད་དུའང་རྒྱ་བོད་དང་འབྲེལ་གཏུག་ཟབ་ཅིང་། རྟ་དང་ཇ་ལན་ཚྭ་སོགས་བརྗེ་ཚོང་བྱེད་རེས་ཀྱིས་ཚོང་ལས་དར་བར་བྱས་ཐོག་ཙོང་ཁའི་རྒྱལ་སྲས་དང་རིགས་རྒྱུད་གཅིག་པས་དེ་དང་འབྲེལ་བ་ལྷག་ཏུ་དམ་པོ་བྱུང་བར་གྲགས་མི་ཉག་ལ་རང་གི་ཡི་གེ་ཡོད་ཅིང་དེང་གི་ཞིབ་འཇུག་པ་རྣམས་ཀྱིས་བཤད་པ་ལྟར་ན་མི་ཉག་གི་ཡི་གེའི་སྒྲ་གདངས་ནི་བོད་ཀྱི་བརྡ་རྙིང་མི་ཉག་སྐད་གཙོ་བོར་བཟུང་སྟེ་ཡི་གེའི་གཟུགས་རྒྱའི་ཡི་གེར་དཔེར་བྱས་ཏེ་བཟོས་པ་ཡིན་འདུག་ཟེར་ལ།   དེ་མ་ཟད་མི་ཉག་གི་མཁས་པ་ཞིག་གིས་སྤྱི་ལོ༡༡༩༠ལོར་བོད་རྒྱ་ཤན་སྦྱར་གླེགས་བམ་ཆུང་ངུའམ་བཟུང་བདེ་ཞེས་པ་བརྩམས་ཏེ་བོད་པས་རྒྱ་སྐད་སྦྱོང་བ་དང་རྒྱས་བོད་སྐད་སྦྱོང་བ་ལ་ཕན་པར་གྱུར་ནས་རྒྱལ་ཁག་གཉིས་ཀྱི་མཛའ་འབྲེལ་ལེགས་པར་འགྲོ་བའི་རྒྱུ་ལེགས་པར་བསྒྲུབས་པར་བཤད་ལ་དེ་མིན་མི་ཉག་ནང་བསྟན་གྱི་རྟེན་གསུམ་སྟེ་དཔེ་ཆ་དང་མཆོད་རྟེན་ལྷ་སྐུ་རྡོ་ཡིག་སོགས་ད་ལྟའང་མངོན་སུམ་མཇལ་རྒྱུ་ཡོད་པ་དེ་རྣམས་ལགས་ཤིང་། དེ་ནས་སྤྱི་ལོ༡༢༢༧ལོར་སོག་པོའི་རྒྱལ་པོ་ཧོར་ཇིང་གིར་གྱིས་མི་ཉག་རྒྱལ་ཁབ་བསྣུབས་ཏེ་དབང་དུ་བསྡུས་པ་དང་། དེར་བརྟེན་རྒྱའི་ཡུལ་དེ་ལའང་ཉིན་ཞཱ་སྟེ་མི་ཉག་ཞོད་འཇགས་ཞེས་པའི་མིང་བཏགས་པ་ད་བར་དུ་བཀོལ་བཞིན་ཡོད་པ་དང་། ཡང་བོད་ཀྱི་ཧོར་ཟླ་ཞེས་པའི་འབོད་སྲོལ་དེའང་འདི་དང་འབྲེལ་བ་ཡོད་པ་སོགས་ཤེས་དགོས་སོ། དེ་ལྟར་ཡོངས་གྲགས་ལ་མི་ཉག་རྒྱལ་རབས་རྒྱ་ཧོར་གྱི་ལོ་རྒྱུས་ལྟར་ལོགས་སུ་འཁོད་པ་ལས་བོད་ཀྱི་རྒྱལ་ཕྲན་གྱི་གྲས་སུ་མི་ཐེ་མོད། འདིར་ཕྲན་གྱིས་བོད་དང་འབྲེལ་ཆེ་བ་གཞིར་བཟུང་སྟེ་ཞར་བྱུང་གི་ཚུལ་གྱིས་ངོ་སྤྲོད་ལྟ་བུར་མདོ་ཙམ་གླེང་བ་ལགས་ན་ཞིབ་གསལ་ནི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་ལས་ཤེས་པར་བྱའོ།   །འདིའི་རྒྱུ་ཆ་འཚོལ་སའི་དཔེ་ཆ་ནི་རྒྱལ་མོ་འབྲུག་པས་བརྩམས་པའི་དཔེ་ཆ་སྟེ་སྤྱི་༢༠༠༤ལོའི་ཟླ་༣པའི་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་གྱི་ལྡེབ་མ༡༨༤ནས༡༨༧བར་མ་དཔེ་ཇི་བཞིན་པ་ཁོ་བོས་སྤྱི་ལོ༢༠༡༣ལོའི་ཟླ༦པའི་ཚེས༡༥ལ་དར་མདོ་ནས་བཏུས་པ་ཡིན་ནོ།   །

ལེའུ་གཉིས་པ། མི་ཉག་ཅེས་པའི་མིང་བཏགས་ཚུལ་སྐོར།

མི་ཉག་གི་མིང་ལ་འཕེལ་འགྱུར་བྱུང་ཚུལ།

  དེ་ཡང་སྤྱིར་མི་ཉག་གི་མིང་གི་རྣམས་གྲངས་ལ་དུས་སྐབས་མི་འདྲ་བར་མིང་གི་རྣམས་གྲངས་མི་འདྲ་བ་དུ་མ་བྱུང་ཡོད་དེ།  ལྡོང་དང་ལྡོང་པ། ལྡོང་སྤྱང་པ། མེ་ཡོག་དང་མེ་ཉག། མི་གཉགས། མི་ནག་ཙ་མི། ཤར་རྩ་མི་ཤིང་མི།  མི་ཉག་སོགས་ཡོད་དེ།  དེ་ཡང་མཁས་དབང་ནམ་མཁའི་ནོར་བུས་བརྩམས་གནང་བའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་དུ།  མི་ཉག་གི་གདགས་གཞིའི་ལྟེ་བ་དེ།  དེང་དུས་ཀྱི་དབང་དུ་བྱས་ན་ཕལ་ཆེར་མཚོ་སྔོན་ཞིང་ཆེན་དང་ཀན་སུའི་ཤར་ངོས།  སི་ཁྲོན་གྱི་བྱང་ཤར་མཚམས་སུ་གནས་ཆགས་ཡོད་པའི་མི་སྡེ་དེ་རྣམས་ལ་ཟེར་བ་ཡིན། གནའ་དུས་ཡོངས་གྲགས་སུ་མི་སྡེ་དེ་རྣམས་ལ་ལྡོང་ཞེས་པའམ་སྡོང་པ་ཞེས་སུ་གྲགས་ཤིང་། ལྡོང་པ་རྣམས་ཁམས་ཀྱི་བྱང་ཕྱོགས་སུ་ཆགས་ཡོད་སྟབས།   ཁམས་པ་རྣམས་ཀྱིས་ལྡོང་བྱང་ཞེས་འབོད་པ་དང་།   དབུས་གཙང་བ་རྣམས་ཀྱིས་ཀྱང་ཐ་སྙད་དེ་རང་བེད་སྤྱོད་བྱས་ཡོད་ཡིན་ནའང་ཁམས་དང་།  དབུས་གཙང་གི་སྒྲ་གདངས་ལ་བྱང་ཞེས་པའི་ཚིག་མི་འདྲ་བ་གཉིས་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གི་ལོ་རྒྱུས་མཁན་པོ་འགས་ལྡོང་པ་རྣམས་ལ། (党项羌)ཞེས་པའི་ཐ་སྙད་ཀྱང་འདུག་ཅེས་གསུངས་ཡོད་ལ།  ཆིན་རྒྱལ་རབས་ཀྱི་ལོ་རྒྱུས་ལས་ཀྱང་། བོད་ནི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་སུ་གནས་ཤིང་། དེ་ལ(羌族)དང་།(落族)སུ་ཕྱེས་ཡོད། 羌ནི་བོད་སྐད་དུ་བྱང་ཕྱོགས་ཀྱི་ཚོ་བ་ཞེས་པའི་དོན་ཡིན་ཞིང་། 落ནི་བོད་དུ་ལྷོ་ཕྱོགས་ཀྱི་ཚོ་བ་ཞེས་པའི་དོན་ཡིན། ལ་དྭགས་རྒྱལ་རབས་ཞེས་བཀོད་ཡོད་ཅེས་གསུངས་འདུག་ཀྱང་། རེབ་གོབ་གོང་རྡོ་རྗེ་མཁར་ལྟར་ན། གོང་གི་རྒྱའི羌ཡིག་ལ་སྤྱང་ཞེས་པའི་བོད་ཡིག་བཀོད་ཅིང་། སྤྱང་ནི་བོད་མིའུ་རིགས་དྲུག་གི་ནང་གསེས་དམུ་ཚ་སྒ་ཞེས་པའི་ཚོ་ཁག་དུ་མ་ཤར་ཕྱོགས་སུ་སོང་ནས་ས་བཟུང་ཞིང་། ཕྱིས་རྒྱ་ལ་དམག་དྲངས་པས་ཐེངས་འགའ་འཐབ་པ་ལས་རྣམ་པར་རྒྱལ་བས། སྤྱི་ལོའི་སྔོན་གྱི་ལོ༤༢༩༡ཡས་མས་སུ་མཚན་སྙན་ཀུན་ལ་གྲགས། ཞེས་དང་།  གཞན་དུ་ན་ལྷ་ས་བ་རྣམས་ཀྱིས་སྤྱང་ནི་ཆང་གི་སྒྲ་དང་འདྲ་བར་བཀླགས་པས་རྒྱ་རིགས་ཀྱི་ལོ་རྒྱུས་སུ་ཆང་ཞེས羌་བྲིས་པར་འཁུམས་ཞེས་གསུངས་ཡོད་ཀྱང་། མདོར་ན། ལོ་ངོ་དྲུག་སྟོང་ཙམ་གྱི་ཡར་སྔོན་ལ་གནས་འདིར་ཆགས་པའི་མི་རྣམས་ལ་ལྡོང་བྱང་པའམ།  ལྡོང་སྤྱང་པ་ཞེས་གང་བོས་རུང་། དོན་དུ་བོད་རིགས་དག་མ་ཡིན་པ་མ་བགྲོས་གཅིག་མཐུན་དུ་སོང་ཡོད། ཡང་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཉིས་པ་སྟེ་ལོ་ངོ་སུམ་སྟོང་ཉིས་བརྒྱ་ཡས་མས་ལ་ད་ལྟའི་ཁམས་མི་ཉག་གི་ཆགས་གཞི་དང་ས་ཁོངས་དེ་རྒྱལ་ཕྲན་སིལ་མ་བཞི་བཅུའི་ནང་གཏོགས་སུམ་པའི་རྒྱལ་ཁབ་ཀྱི་མངའ་འོག་ཡིན་པར་སྙམ་ཞིང་ཕྱིས་སུ་རིམ་གྱིས་མི་ཉག་གི་སྟོབས་ཤུགས་འཕར་ཏེ་སུམ་པ་དང་མི་ཉག་གི་ཁ་རིམ་གྱིས་གྱེས་ཤིང་། མཐར་སུམ་པ་མི་ཉག་གི་ཁོངས་སུ་ནུབ་པར་སྣང་བས་དཔྱོད་ལྡན་རྣམས་ཀྱིས་བརྟག་པར་འཚལ། གཞན་ཞང་བོད་ལོ་རྒྱུས་ཏི་སེའི་འོད་དུ། ལྡོང་གི་ཚོ་པ་གཞན་རྣམས་མ་བྲོས་པར་རང་ཡུལ་དུ་བདེ་བར་བསྡད་པ་ཀུན་བོད་ཆེན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་རྩུབ་རེག་མེད་པར་བསྐྱངས་པ་དང་ལྡོང་བྱང་ལ་མི་ཉག་ཅེས་པའི་མཚན་བསྩལ་ཅིང་། མཐར་མི་ཉག་ཅེས་པ་ལྡོང་བྱང་གི་ཚོ་པ་ཁག་གི་མིང་ངམ་མིའི་རུས་སུ་གྱུར་པ་དང་བསྟུན་ནས་ལྡོང་བྱང་གི་མིང་ཡང་རིམ་གྱིས་ཉམས་པར་གྱུར། ཅེས་གསུངས་པ་ནི་སྐབས་དེར་ད་གཟོད་མི་ཉག་གི་མིང་དེ་གཞི་རྒྱ་ཆེན་པོས་བོས་པ་ལས་མི་ཉག་ཅེས་པ་གསར་ཏུ་བཏགས་པའི་དོན་མིན་པར་སྙམ་སྟེ།  གཉའ་ཁྲི་བཙན་པོའི་སྐུ་རིང་ནས་མེ་ཉག་ཅེས་ཡོད་པ་གཤམ་ནས་འཆད་པར་བྱའོ།  །ད་དུང་ལ་དྭགས་རྒྱལ་རབས་སོགས་ལོ་རྒྱུས་ཡིག་ཚང་ཁ་ཅིག་ཏུ་མེ་ཉག་དང་མེ་ཡོད་མི་གཉགས་སོགས་བཀོད་འདུག་ཀྱང་དེ་ནི་མི་ཉག་ཅེས་པའི་སྒྲ་ཟུར་ཆག་པ་ལས་གཞན་བརྟག་དཔྱད་བྱ་རིན་ཡོད་པ་ཅི་ཡང་མ་མཐོང་མོད། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་གིས་སྤེལ་བའི་ཤར་པའི་ཆོས་འབྱུང་དང་མེས་རབས་བཞུགས་ཞེས་པ་ལྟར་ན། ལྡོང་རིགས་ལས་མཆེད་པའི་མེས་པོ་སྒེར་རྒྱལ་དཔོན་གཡོག་འཁོར་དང་བཅས་པ་ཁམས་ཕྱོགས་ལ་ཕེབས་ཏེ། མདོ་ཁམས་སྒང་དྲུག་ཡོད་པ་ལས། ཟལ་མོ་སྒང་དུ་གནས་བཅས་སོ།   །ཟལ་མོ་སྒང་འདིའི་ཕུ་ངོས་ལ་མི་གཉགས་རི་མང་ཟེར། མདའ་ངོས་ལ་ཚ་མོ་རོང་ཟེར། ཞེས་དང་གོང་གི་མེས་པོ་སྒེར་ཐར་ཟེར་ཡང་། ཕྱིས་སུ་མི་རྣམས་ཀྱིས་ཁོའི་མཚང་མིང་ལ་ལྡོང་མི་ནག་གུག་གུ་ར་སྐད་དུ་འབོད། ཅེས་པའི་ལྡོང་མི་ནག་གུག་གུ་ར་སྐད་ལ་རྗེས་སུ་ལྡོང་མི་ནག་ཅེས་འབོད་པ་བྱུང་སྟེ། དཔེར་ན། དེབ་དེའི་ཤོག་གྲངས༢༦༡པར།  གེ་ཙེའི་དཔོན་དང་གེ་ཙེ་ཁྲོ་ཤུལ་ཡང་ལྡོང་མི་ནག་གི་ཚ་བོ་གེ་ཙེའི་རྒྱུད་ལས་གྱེས་པར་བཤད་ཅེས་པ་ལས་ཤེས་ཐུབ་ན། མི་ཉག་ཅེས་པ་འདི་བོད་ལ་དད་པས་མི་ནག་ཅེས་བོས་པ་མི་ཉག་ཏུ་འགྱུར་བ་ཡིན་ནམ་ལྡོང་གི་མི་ཆེན་ཞིག་གི་མཚང་མིང་སྡེ་བར་ཐོགས་པ་ཡིན་ཞེས་བསམ་བློ་གཏོང་ཡུལ་གཞན་ཞིག་ཀྱང་བྱིན་ཡོད། མདོར་ན། རྗེས་འཇུག་ན་དང་ཉ་གཉིས་འགྱུར་སོང་བ་ནི་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། ཁམས་བྲག་འགོའི་ས་ཆ་མང་པོར་དེང་སང་ཡང་ནག་མོ་ལ་ཉག་མོ་དང་ནགས་ཚལ་ལ་ཉགས་ཚལ་ཞེས་འབོད་བཞིན་ཡོད་པ་མ་ཟད།  ཁམས་དར་མདོ་ནས་ཕར་ཆད་པར་སྨྲ་བའི་ཨ་མདོའི་ཅོ་ནེའི་ཡུལ་སྡེ་ལ་ལ་ཞིག་དང་མདོ་སྨད་ཨ་མཆོག་གི་ས་ཆར་ཉི་མ་ལ་ནིང་བ།  ཆུ་ནང་གི་ཉ་ལ་ན་ཞེས་འབོད་ཚུལ་འདུག་པ་དང་།  གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་སྒྲིག་མཛད་པའི་བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་ལས།   བོད་ཀྱི་གནའ་བོའི་ཡི་གེ་ལ་དཔྱད་པ་ཞེས་པར་ཉ་ན་གཉིས་ཀྱི་སྒྲ་གདངས་ནི་ཆེས་ཤིན་ཏུ་ཞན་པའི་ཤིན་ཏུ་མོ་ཡིག་ཡིན་ཞིང་།  འདི་གཉིས་མིང་གཞིར་གྱུར་པའི་སྐབས་སུ་བོད་གནའ་བོའི་ཡིག་ཚང་དུ་ཕན་ཚུན་རེས་མོས་ཀྱིས་བེད་སྤྱོད་བྱེད་སྲོལ་ཡོད་ཅིང་གྲངས་ཚད་ཀྱང་ཅུང་ཟད་མང་སྟེ་ཞེས་གསུངས་པ་གཞིན། སྔར་གྱི་རུས་རྒྱུད་ཚོ་བའི་བར་ཕན་ཚུན་དམིགས་ཡུལ་སྣ་ཚོགས་ཀྱིས་མིང་ངན་བཏགས་པ་གང་ཞིག་རྒྱུན་འབྱམས་སུ་གྱུར་སོང་བ་ཨེ་ཡིན་སྙམ་མོད།  བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སུ།  ལྡོང་གི་ཚོ་བ་གཞན་རྣམས་མ་བྲོས་པར་རང་ཡུལ་དུ་བདེ་བར་བསྡད་པ་ཀུན་བོད་ཆེན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་རྩུབ་རེག་མེད་པར་བསྐྱངས་པ་དང་།  དེའི་མི་རྣམས་ཀྱི་མགོ་ལ་སྐྲ་ཉག་མའི་ཚོམ་བུ་འགའ་རེ་བཞག་ནས་བོད་ལ་དགའ་བའི་རྟགས་སུ་བྱས་པས། མིང་ལ་མི་ཉག་ཐོགས་པར་གྲགས་པ་དང་། མིའི་མགོ་ལ་རལ་པ་འཇོག་པའི་སྲོལ་དེ་ནས་བྱུང་བར་བཤད། ཕྱིས་བོད་དམག་གིས་མགོ་ན་སྐྲ་ཉག་ཚོམ་བུ་འགའ་རེ་བཞག་ཡོད་པའི་མི་ཉག་མཐོང་ན་གནོད་མི་སྐྱེལ་བ་དང་།དེ་ལྟར་ལྡོང་ཞང་ལ་མི་ཉག་ཅེས་པའི་མིང་ཐོགས་པ་ཡིན་པས་མི་ཉག་ནི་མི་ནག་གི་དོན་མིན་ནོ་ཞེས་གསུངས་འདུག་ཅིང་། དེང་སང་ད་དུང་མི་ཉག་གི་སྐྲ་ཚུགས་དེ་ཁམས་ཀྱི་བྲག་འགོ་དང་རྟའུ་དར་མདོ་སོགས་ས་ཆ་མང་པོར་མ་ཉམས་པར་ཡོད་པ་སོགས་ལ་གཞིགས་ན་དེའང་གནས་ལུགས་མེད་པ་ཞིག་མིན་ནོ།   །

ཡིན་ནའང་གུ་བཀྲའི་ཆོས་འབྱུང་དུ་ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་བྲ་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབས་པ་མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་ཚ་འབྲུག་ཅེས་བཏགས་ཞེས་གསུངས་པ་དང་། ཡང་མི་ཉག་མགོན་པོ་སོགས་ཀྱིས་མི་ཉག་ཅེས་པ་དེ་མི་ཉག་རང་གི་སྐད་ཅིག་ཡིན་ལ། མི་ཞེས་པ་ནི་གནམ་གྱི་དོན་ཡིན་ཞིང་། ཉག་ནི་བྱིས་པའི་དོན་ཡིན་པས། དེ་གཉིས་སྦྱར་བས་ན་གནམ་ལས་བབས་པའི་བྱིས་པ་སྟེ་འོད་གསལ་ལྷ་ལས་མཆེད་པའི་བོན་གྱི་ལྟ་ཚུལ་དང་མཚུངས་ཞེས་ཀྱང་གསུངས་མྱོང་ཞེས་མི་ཉག་གི་ལོ་ལོན་འགའ་རེའི་ངག་ལས་ཐོས་མྱོང་ན་འདིར་དེ་རིང་འདི་རེད་དང་། དེ་མ་རེད་སོགས་ཀྱིས་ཁ་ཚོན་གཅོད་རྒྱུ་མིན་པས་ཕྱིས་འབྱུང་དྲན་དབང་རྣམས་ཀྱིས་དཔྱད་པར་འཚལ། དེ་མིན། ལ་དྭགས་རྒྱལ་རབས་སོགས་སུ་ཤར་རྩ་མི་ཤིང་མི་ཞེས་ཀྱང་བོས་འདུག རྩ་མི་ཤིང་མི་ཞེས་པར་མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩ་མི་ཤིང་མིའི་གོ་དོན་ནི་མདོ་སྟོད་མི་ཡི་ཆོལ་ཁའི་ནང་ནས་མི་ཉག་གི་ཡུལ་ཡིན་ཏེ། མི་ཉག་ནི་མི་མང་བ། རྩ་དང་ཤིང་ཡང་ཐག་རིང་པོ་ནས་བལྟས་ན་མི་ལ་འཁྲུལ་དགོས་པ་ལྟ་བུའི་དོན་ཡིན་ཞེས་གསུངས་ཡོད་རུང་། ཁོ་བོས་རྨོངས་ཚོད་ལ་འདིའང་མི་ཉག་རང་གི་སྐད་ཡིན་ཞིང་རྩ(ཙ)ནི་ཞང་ཞུང་དང་མི་ཉག་གཉིས་པོའི་དོན་གཅིག་པར་སའི་དོན་ཡིན་ཞིང་མི(མུ)ཡང་ཞང་ཞུང་གི་སྐད་དང་འདྲ་བར་གནམ་གྱི་དོན་ཡིན་པས་མི་ཉག་རང་གིས་རང་ལ་ཙ་མི་གནམ་སའི་རྒྱལ་ཁམས་ཞེས་བཏགས་པ་གཞན་པ་ཚོས་དོན་མ་རྟོགས་པར་རྩ་མི་ཤིང་མི་སོགས་སུ་འགྱུར་སོང་བར་སྙམ་ཞིང་། ལོ་རྒྱུས་ཡིག་རྙིང་བཀའ་ཆེམས་ཀ་ཁོལ་མར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བློན་པོ་མགར་གྱིས། མི་ཉག་ཙ་མི་རྒྱལ་པོ་ཡང་ཁྱེད་ཀྱི་མཚན་ཐོས་བརྐྱང་ཕྱག་འཚལ། མཚན་བརྗོད་མཁན་དེ་ལ་བྱ་དགའ་སྟེར་ཅེས་གསུངས་ཡོད་པས་སྐབས་དེར་མི་ཉག་རྒྱལ་པོ་ལ་མི་ཉག་ཙ་མི་རྒྱལ་པོ་ཞེས་འབོད་པར་མངོན་ནོ།  །ཞེས་པ་ཁུངས་གཏུགས་ས་ནི་སྤྱི་ལོ༡༩༨༦ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི་ལ་དྭགས་རྒྱལ་རབས་ཀྱི་ཤོག་ལྡེབ་གྲངས༧ནས༢༧བར་ལས་བཏུས་པ་ཡིན་ནོ།    །

གཞན་སྡེ་རོང་ཚེ་རིང་དོན་འགྲུབ་ལགས་དང་ཧོར་བྲག་མགོའི་ལོ་རྒྱུས་སྨྲ་བ་རྒན་རན་ཁྲེང་ཧྲེན་སོགས་ཀྱིས་གསུངས་བ་ལྟར་ན། མི་ཉག་ལ་སེའུ་མི་ཉག་དང་འཇང་མི་ཉག་ཧོར་མི་ཉག་སོགས་རིགས་ཁ་ཤས་དབྱེ་རྒྱུ་ཡོད་ཅིང་དེ་དག་ནི་བོད་གནའ་བོའི་རུས་རྒྱུད་ཚོ་བ་བསྙོན་དུ་མེད་པ་ཞིག་ཡིན་པས་མ་ཚད། བོན་པོའི་ལོ་རྒྱུས་ཡིག་ཚང་ཁུངས་དག་ནང་བསྟན་པ་བཞིན་ད་ལྟའི་ཁམས་ཀྱི་མི་ཉག་པ་ཆགས་པའི་ཡུལ་ནི་གདོད་མའི་སེའུ་མི་ཉག་གི་ཆགས་ཡུལ་ཡིན་ཞིང་། དེ་ནི་མི་ཉག་པ་ཡོངས་ཀྱི་ཐོག་མའི་དར་ཡུལ་ངོ་མ་ཡིན། རྒྱུ་མཚན་ནི་ཧོར་ཇིང་གུར་རྒྱལ་པོ་དེ་མི་ཉག་གི་བུ་མོ་མོ་ཞིག་གིས་བསད་པ་ཡིན་ཅིང་།  ཇི་གུར་རྒྱལ་པོའི་ཁ་ཆེམས་ནང་དུ་རང་ཉིད་མི་ཉག་གི་གནའ་བོའི་རྒྱལ་སར་དུར་འཇུག་བྱ་དགོས་པའི་ངག་རྒྱུན་ཡོད་པ་ལྟར་ད་ལྟ་གནའ་རྫས་རྟོག་ཞིབ་རུ་ཁག་ཅིག་གིས་ཇིང་གུར་གྱི་དུར་ས་ཁམས་ནས་རྙེད་པས་ཀྱང་རྟོགས་ཐུབ། ད་རུང་མི་ཉག་གི་ཡུལ་ནི་སྔོན་གྱི་ཞང་ཞུང་སྒོ་ཕུག་བར་གསུམ་ལས་ཞང་ཞུང་སྒོ་པའི་ཁོངས་གཏོགས་ཡིན་པ་བོན་པོའི་ལོ་རྒྱུས་སུ་བཀོད་ཡོད་ལ་རྒྱའི་ཡིག་ཚང་དུའང་མི་ཉག་གི་སྐད་ཚན་ཏེ་རྟའུའི་སྐད་ལ་སྒོ་སྐད་ཟེར་བས་ཀྱང་རྟོགས་ཐུབ་བོ།  །

 བོད་བཙན་པོ་རིམ་བྱུང་དང་མི་ཉག་བར་གྱི་འབྲེལ་བ།

དེ་ཡང་མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས།མི་ཉག་ནི་བོད་ཡིན་ཏེ་མི་ཉག་དང་།  འབྲུག་པ་རྒྱལ་པོ་གཉིས།  བོད་རྒྱལ་གྱི་སྤུན་གཉིས་སོ་སོར་ཁམས་ཀྱི་རྒྱལ་པོ་བྱས་པ་ཡིན་པར།  འབྲུག་པའི་ལོ་རྒྱུས་འགའ་དང་། རྒྱ་བོད་ཡིག་ཚང་ནང་དུའང་བཤད་ཡོད།  ཅེས་གསུངས་འདུག་ཀྱང་། རྒྱལ་པོ་སུའི་སྤུན་ཡིན་པ་དང་།  དུས་ནམ་ཞིག་ལ་ཡིན་ཚུལ་སོགས་མཐོང་ཆོས་སུ་མ་གྱུར་པས་ཤིན་ཏུ་ཕངས། རྗེ་གཉའ་ཁྲི་བཙན་པོའི་རིང་ནས་མི་ཉག་བོད་ཀྱི་ཁོངས་གཏོགས་ཡིན་པ་མ་ཟད། མི་ཉག་གི་བཤེས་གཉེན་ཞིག་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་གཏོགས་ཡིན་ཞིང་ཕྱིས་སུ་བཙན་པོའི་བློན་པོར་གྱུར་པ་སྟེ། ལ་དྭགས་རྒྱལ་རབས་དུ། བཙན་ཁྲུང (ཁྱུང)དང་སྣུབས་གཉིས། གཉའ་ར་རྩེ་དང་གཙོ་གཉིས། ཁུ་སྟེགས་གཉིས་ཏེ། འབངས་རུས་དྲུག་གིས་སྤྱན་དྲངས། ར་སང་དར་པ་དང་། ཁྱུང་པོས་ཁོད་པ་བྱས། མེ་ཉག་གི་བཤེས་གཉེན་བློན་པོར་བསྐོས། དེ་མགོ་ནག་ཡོངས་ཀྱི་རྒྱལ་པོར་མངའ་གསོལ་ཏེ། མཚན་ཡང་གཉའ་ཁྲི་གཏོགས་ བཏགས་པ་ལ། རྗེ་གཉའ་ཁྲི་བཙན་པོ་ཞེས་མཚན་གསོལ་ཏེ།  ཞེས་བྲིས་འདུག་པར་བརྟག་པ་བཙན་པོ་ཐོག་མའི་རིང་ནས་བོད་ཆེན་པོའི་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་མྱོང་བ་རྟོགས་ཐུབ། ཞང་བོད་ལོ་རྒྱུས་ཏི་སེའི་འོད་དུ།གནམ་རི་སྲོང་བཙན་གྱི་རིང་ལ་བོད་ཡུལ་གཅིག་གྱུར་མཛད་པའི་ལས་སུ་ཞུགས་ཤིང་།  ཐོག་མར་བོད་ཀྱི་ཉེ་ས་རུ་ཡོད་པའི་དྭགས་པོ་དང་།  ཀོང་པོ།  མྱང་པོ་སོགས་དབང་དུ་བསྡུས་པ་དང་།  ཕྱིས་སུ་ཞང་ཞུང་དང་།  སུམ་པ།  འ་ཞ།  གྲུ་གྲུ།  ལྡོང་བྱང་སོགས་དབང་འོག་ཏུ་བཅུག་ལྡོང་བྱང་སོགས་དབང་འོག་ཏུ་འཇུག་པར་རྒྱལ་པོ་གནམ་རི་སྲོང་བཙན་སྐུ་དངོས་ཀྱིས་ཁྲི་དམག་གཅིག་དྲངས་ཤིང་། དེ་དག་དབང་འོག་ཏུ་བཅུག་ནས་རྒྱལ་པོ་གཅིག་གི་བཀའ་ལ་གཏོགས་པར་བྱས་རྗེས།  ལྡོང་བྱང་གི་ཡུལ་ནས་ལན་ཚྭ་ལེན་པའི་སྲོལ་ཡང་བྱུང་ཞེས་དང་།  རིང་ཞིག་འདས་པ་ན་ལྡོང་ཞང་གི་ཚོ་བ་ཕལ་མོ་ཆེ་ཞིག་བོད་ལ་ངོ་ལོག་རྒྱུའི་སྟ་གོན་དུ་ཞུགས།  ཚུལ་དེ་སྲོང་བཙན་སྒམ་པོའི་སྙན་དུ་འཁྱོལ་མ་ཐག་ངོ་ལོག་གི་མགོ་གནོན་པའི་ཆེད་དུ་ལྡོང་པ་རྣམས་ཀྱིས་ཞང་ལ་དམག་དྲངས།  ལྡོང་པ་རྣམས་ཀྱིས་སྲོང་བཙན་གྱི་དམག་གི་འཇིགས་ཟིལ་མ་བཟོད་པར་ཚོ་ཆེན་ཉི་ཤུ་རྩ་ལྔ་དེང་སང་གི་ཉིང་ཞ་དང་།  ཧྲའན་ཞི།  ཧྲན་ཞི་ལ་སོགས་པའི་གནས་སུ་བྲོས་ཏེ་ཁྱིམ་གཞི་ཆགས་ཡོད།  ལྡོང་གི་ཚོ་བ་གཞན་རྣམས་མ་བྲོས་པར་རང་ཡུལ་དུ་བདེ་བར་བསྡད་པ་ཀུན་བོད་ཆེན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གིས་རྩུབ་རགས་མེད་པར་བསྐྱངས་ཞེས་གསུངས་པའི་ཉིང་ཞ་དང་ཧྲའན་ཞི་སོགས་སུ་བྲོས་པའི་བོད་ལྡོང་བྱང་གི་རྒྱུད་པ་ནི་ཕྱིས་སུ་ཞིས་ཞའམ་མི་ཉག་རྒྱལ་ཁབ་བཙུགས་པའི་གཙོ་འབངས་སུ་གྱུར་བ་ཡིན།

གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་དང་། དུང་དཀར་ཚིག་མཛོད་ཆེན་མོ། གཞན་ཡང་བོད་ཀྱི་ཁུངས་ལྡན་ལོ་རྒྱུས་མང་པོའི་ནང་བཞེད་དགོངས་གཅིག་ཏུ་མཐུན་པར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་མི་ཉག་ཙ་མི་རྒྱལ་པོའི་སྲས་མོ་སྟེ། མི་ཉག་རུ་ཡོང་བཟའ་བཙུན་མོར་བཞེས་པ་དང་། མི་ཉག་རུ་ཡོང་བཟའ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིགས་མཐུན་གྱི་བཙུན་མོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། མོས་དེང་སང་ཀུན་པོའི་མཐོང་ཆོས་སུ་གྱུར་པའི་ལྕགས་པོ་རིའི་གཤམ་འོག་གི་ཇོ་བོ་ཤཱཀྱ་སྐུ་གཟུགས་འབུར་དོད་མ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་སྣ་ཚོགས་སོགས་ལོ་རྒྱུས་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་བྲག་ལྷ་ཀླུ་ཕུག་གི་ལྷ་ཁང་དང་། མིག་མང་ཚང་གི་ལྷ་ཁང་སོགས་བཞེངས་ཞེས་བཞེད་པ་མ་གྲོས་རང་མཐུན་སོང་ཡོད། ཅེས་གསུངས། གཞན་ཚལ་པའི་དེབ་དམར་གྱི་ཚན་པ་ཞིག་ཡིན་ནམ་སྙམ་པའི་ཁོ་བོའི་ཡིག་རྙིང་ཁྲོད་ཀྱི་ཤོག་གུ་བསྐྱར་པར་མ་ཞིག་གི་ཤོག་གྲངས་༢༠ནས་༢༡པར། བོད་ཀྱི་རྒྱལ་པོས་བུ་མོ་སློང་དུ་བྱུང་བ་ལ། རྒྱལ་པོའི་ནུ་བོ་ཝི་དབང་གི་བུ་མོ་ཀིམ་ཤིང་ཀོང་ཇོ་བྱིན། རྫོངས་ལ་གོས་དར་ཁྲི་ཚོ་མང་པོ་དང་། བཟོ་རིགས་སྣ་ཚོགས་པ་དང་། རོལ་མོ་བ་མང་པོ་བྱིན། ཛ་གཡུ་ཐའི་གཡང་གུན་དམག་དང་བཅས་པ་སྐྱེལ་དུ་བཏང་། ཕྱིས་མི་ཉག་གི་ཡུལ་ཁམས་ཐམས་ཅད་ཀྱང་ཀོང་ཇོ་ལ་བྱིན། ཞེས་པ་ཁོངས་དག་ཡིན་ན། སྔོན་སྲོང་བཙན་སྐབས་རྒྱ་ནག་ལ་མགོ་བཏགས་ཤིང་ཉིང་ཞ་དང་། ཧྲའན་ཞི། ཧྲན་ཞི་ལ་སོགས་པའི་གནས་སུ་བྲོས་ཏེ་ཁྱིམ་གཞི་ཆགས་པའི་བོད་མི་དག་རྗེ་ཁྲི་ལྡེ་བཙན་གྱི་སྐབས་སུ་ཡང་བསྐྱར་ཕྱིར་བཙན་པོའི་མངའ་སྡེ་རུ་ལོག་པ་རེད་ཅེས་བཤད་པ་ལྟ་བུ་ཡིན་ནོ།   །

མི་ཉག་གི་མངའ་ཁོངས་ཀྱི་ས་ཁྱོན་བཤད་པ།

དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཤར་ན་རྒྱ་ནག་ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ་ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་སོ།  །ཞེས་གསུངས་ཡོད་ཅིང་། ཞང་བོད་ལོ་རྒྱུས་ཏི་སེའི་འོད་དུ། མི་ཉག་གི་གདགས་གཞིའི་ལྟེ་བ་དེ། དེང་དུས་ཀྱི་དབང་དུ་བྱས་ན་ཕལ་ཆེར་མཚོ་སྔོན་ཞིང་ཆེན་དང་ཀན་སུའུའི་ཤར་ངོས། སི་ཁྲོན་གྱི་བྱང་ཤར་མཚམས་སུ་གནས་ཆགས་ཡོད་པའི་མི་སྡེ་དེ་རྣམས་ལ་ཟེར་བ་ཡིན་ཞེས་དང་།  མི་རྣམ་སྤྲུལ་སྐུ་དང་མཁན་པོ་ཀུན་དགའ་བཟང་པོ་སོགས་ཀྱིས་བསྒྲིགས་པའི༼གངས་ལྗོངས་ཚིག་མཛོད་པོ་ཆེན་མོའི༽ནང་དུ།  སྨར་ཁམས་སྒང་གི་སྐོར་འགྲེལ་སྐབས།  མེ་ཉག་རབ་སྒང་ཞེས་པ་དར་མདོ་གཙོ་བོར་བྱས་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡུལ་གྲུ་འདི་དག་དང་།  རྨ་རྫ་སྒང་ཞེས་པ་རྨ་ཆུའི་ཕར་ཚུར་གཉིས་སུ་གནས་པའི་སྡེ་པ་འདི་དག་ལ་ངོས་འཛིན་སྲོལ་བྱུང་འདུག་ཅེས་གསུངས་པ་ལྟར་ན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱང་མི་ཉག་རབ་སྒང་གི་ཁོངས་སུ་གཏོགས་འདུག་བཙན་པོའི་སྐབས་ཀྱི་མི་ཉག་དང་། བོད་སིལ་བའི་དུས་ཀྱི་མི་ཉག་གཉིས་ནི་མི་རྒྱུད་གཅིག་ཡིན་རུང་གནས་ཡུལ་གྱི་གཞི་རྒྱ་ཆེ་ཆུང་གི་དབང་གིས་མི་འདྲ་ས་ཅུང་ཡོད་ལ། གཞིས་བྱེས་ཀྱི་ཁྱད་པར་ཡང་ཡོད་པ་ཡིན། ད་ལྟ་ཁམས་ཕྱོགས་སུ་ཡོད་པའི་མི་ཉག་སྟེ། ཉག་རོང་། བྲག་འགོ།  རྟའུ། ཉག་ཆུ་ཁ། དར་མདོ། བརྒྱད་ཟུར། ལྕགས་ཟམ། གཡག་རྔ་ས་ཁུལ་དང་། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ།  ལིའང་ཧྲན་རང་སྐྱོང་ཁུལ་སོགས་སུ་ཡོད་པའི་མི་ཉག་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་། ངོ་ལོག་ཏུ་མ་ཞུགས་པའི་གཞིས་སྡོད་ཀྱི་མི་ཉག་པ་ཡིན་ལ། སྔར་གྱི་མི་ཉག་རྒྱལ་པོའི་རྒྱལ་སའི་ཕོ་བྲང་གི་ཤུལ་ནི་དར་མདོ་རྫོང་གི་ཝ་ཚི་ཡུལ་ཤོག་གི་ས་ཆའི་རབ་འཛིན་སྒང་ངམ་རག་འཛུ་གདོང་ཞེས་པར་མཁར་ཤུལ་ དེང་སང་དེང་སང་མིག་གིས་ལྟ་ས་དང་། སེམས་ཀྱིས་དཔྱད་སར་ཡོད་ཡང་དོ།   །བྱེས་གྱར་མི་ཉག་པ་སྟེ་རྗེས་ཀྱི་མི་ཉག་རྒྱལ་ཁམས་ནི་སྔོན་རྒྱལ་པོ་སྲོང་བཙན་གྱི་རིང་ལ་བཙན་པོའི་འཇིགས་ཟིལ་མ་བཟོད་པར་ཚོ་ཆེན་ཉི་ཤུ་རྩ་ལྔ་དེང་སང་གི་རྒྱའི་ཉིན་ཤ་དང་། ཧྲའན་པེ། ཧྲན་ཞི་སོགས་ལ་བྲོས་ཏེ་ཁྱིམ་གཞིས་ཆགས་པའི་བོད་མི་ཡིས་གཙོ་བྱས་ཤིང་། རྗེས་ནས་རྒྱལ་པོ་ཁྲི་འདུས་སྲོང་གི་སྐུ་རིང་ལ་བློན་པོ་ངན་པ་འགའ་ཞིག་གི་ཕྲག་དོག་གི་དབང་གིས་འགར་དང་བཙན་པོའི་བར་དབྱེན་བཀྱེ་བས། བཙན་པོ་ཁྲི་འདུས་སྲོང་གིས་རི་དྭགས་རྔོན་པར་ཁ་གཡར་ཏེ་འགར་བཙན་སྙ་སྡོམ་བུའི་འཁོར་དམག་ཉིས་སྟོང་བཀུམ་ཞེས་དང་། འགར་བཙན་སྙས་རང་སྲོག་བཅད། མི་བརྒྱ་ཕྲག་ལྷག་མགར་བཙན་སྙ་དང་མཉམ་དུ་ཤི། གནས་ཚུལ་བཀྲ་མི་ཤིས་པ་དེ་ཉིད་འགར་ཁྲི་འབྲིང་བཙན་བྲོད་ཀྱིས་ཐོས་ཏེ། རང་ཉིད་ཀྱི་འཁོར་དང་གཅེན་པོའི་བུ་མང་པོ་རྗེ་སོགས་ཁྲིད་ནས་མི་ཉག་གི་ཡུལ་དུ་བྲོས། རྒྱ་ནག་རྒྱལ་པོའི་རྟ་དམག་གིས་བསུ་བ་རྒྱ་ཆེར་བྱས་། མགར་ཁྲི་འབྲིང་བཙན་བྲོད་ལ་ཐེ་ཅིན་དང་ཧྥུ་གོ་དམག་སྤྱི་ཆེན་མོ། ཀོས་ཏེ་ཅུན་ཝང་སོགས་ཀྱི་ཆོ་ལོ་སྦྱར་ཞེས་གསུངས་པས་ཕྱིས་ཀྱི་མི་ཉག་རྒྱལ་ཁབ་ཀྱི་རྒྱལ་པོ་ནི་བློན་པོ་མགར་གྱི་རྒྱུད་པ་འཁྲུལ་མེད་ཡིན། འོ་ན་མི་ཉག་གི་རྒྱལ་པོའི་རུས་ལིས་ཡིན་དོན་གང་ཡིན་ཞེ་ན། དེའང་། བློན་པོ་མགར་གྱི་རྒྱུད་པས་རྒྱ་ནག་གི་འབངས་གྱེན་ལོག་ཞོད་འཇགས་སུ་བཏང་སར་ཕྱིན།  སྤྱི་ལོ༩༠༡ལོར།   རྒྱ་ནག་རྒྱལ་པོས་ལྡོང་པ་གསེར་ལྒོང་ལ་བཀའ་དྲིན་ཞུ་སླད་དང་ལྡོང་པའི་རེ་འདོད་བཞིན། ཤ་ཀྲུའུ་ཞེས་པའི་ཡུལ་ཁམས་དང་རུས་ལོས་གཉིས་ཆོ་ལོའི་ཚུལ་དུ་བསྩལ་བ་རྒྱལ་རྒྱུད་ཀྱི་རྒྱབ་གཟུགས་ཞེས་པའི་རྒྱའི་ཡིག་ཚང་དུ་གསལ་བོར་བཀོད་ཡོད་དོ།   །ཡང་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྟག་གི་ལོར་བཙན་པོ་སྐྲུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་མཆོག་གིས་འཛམ་གླིང་རྒྱས་བཤད་དུ། ལི་ཐང་ནས་ཉག་ཆུ་བརྒལ་བའི་ཤར་ན་མི་ཉག་གི་ཡུལ་ཡོད་པ་དེར་མི་ཉག་ཀ་བཞི་དགོན་སོགས་ས་སྐྱ་པ་དང་། མི་ཉག་སྐྱིད་ལེགས་དགོན་སོགས་དགེ་ལུགས་པའི་དགོན་པ་མང་པོ་དང་། མི་ཉག་གི་བྱང་མཐའ་ཧོར་ཁོག་དང་ཉེ་སར་རྒྱལ་དབང་རིན་པོ་ཆེའི་གདན་ས་མགར་ཐར་དུ་གྲགས་པ་སོགས་ཡོད་ཅེས་བྲིས་གནང་འདུག་པར་མ་ཟད།  རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་བགྲང་ཞིང་ངོ་སྤྲོད་བྱས་པའི་རྗེས་ན།  མི་ཉག་རྒྱལ་རོང་མུ་ལི་སོགས་བོད་ཡིན་ཞེས་མངོན་མཁྱེན་གྱི་ཚུལ་གྱིས་མ་རྟོག་པ་དང་ལོག་རྟོག་མང་པོའི་ཐེ་ཚོམ་གྱི་དྲ་བ་གཞོམ་པར་མཛད་འདུག་གོ  །

གཞན་ཡང་ཤར་པའི་ཆོས་འབྱུང་དང་མེས་རབས་བཞུགས་སོ་ཞེས་པའི་ནང་དུ་ལྡོང་རིགས་ལས་མཆེད་པའི་མེས་པོ་སྒེར་རྒྱལ་གྱི་རྒྱུད་པ་མི་ཉག་མི་ཆེན་གྲགས་པ་སོགས་ཀྱིས་གླིང་གེ་སར་རྒྱལ་པོའི་དམག་དང་ཡུན་རིང་འཐབ་ཀྱང་གཡུལ་ངོ་མ་བཟློག་པར་མཐར་ས་བུད་དེ། ལྷ་སའི་དིང་རི་གླང་བ་སྐོར་སོགས་ལ་མི་ཁ་ཤས་བསྡད་རུང་། ས་གནས་དེའི་གཞི་སྡོད་ཀྱི་མང་ཚོགས་དང་གསར་སླེབས་ཀྱི་ཁམས་པ་གཉིས་ཀྱི་འཚོ་བ་སྤྱོད་སྟངས་ལ་ཁྱད་པར་བྱུང་བས་གངས་རིའི་ཕར་རྒྱབ་རྒྱ་གར་ཕྱོགས་སུ་ལུང་སྟོང་མི་མེད་ཀྱི་གནས་ཡིན་པར་འཁུམས་པའམ་ཤེས་པས་དེར་ཕྱིན་ཅིང་། ཕྱིས་སུ་གནས་དེར་ཁུམས་པ་ཞེས་བཏགས་པ་དང་། མི་དེ་དག་ཤར་ཕྱོགས་ནས་ཡོང་བའི་ཁུམས་པར་གནས་བཅས་པའི་མི་ཡིན་པས། ཤར་པ་ཞེས་ཐོགས་ཤིང་། སྐབས་ཤིག་བལ་རྒྱལ་དང་རྩོད་པ་མང་དུ་བྱུང་རུང་། མཐར་ཤར་པ་ཚང་མས་ཉེས་པ་ཁས་བླངས་ཤིང་བལ་རྒྱལ་གྱི་འབངས་སུ་གནས་པའི་ཚུལ་གྱིས་ཤར་ཕྱོགས་སྟོད་ངོས་ཀྱི་ལུང་པ་མང་པོ་ཤར་པས་བདག་བཟུང་བྱས་ཤིང་། ཤར་པ་རང་གི་སྒེར་སྲོལ་ཡང་ཉམས་མེད་རང་སོར་ད་ལྟའི་བར་དུ་བསྐྱངས་དང་སྐྱོང་བཞིན་པ་ཡིན་ནོ།   །ཞེས་གསུངས་པ་ལྟར་ན། མི་ཉག་བ་འདི་བལ་བོའི་ས་ཆར་ཡང་ཁྱབ་ཡོད་ཅིང་། བལ་བོ་ན་ད་ལྟ་མི་ཉག་ཤར་པའི་མི་གྲངས་ཁྲི༣༦ལྷག་ཡོད་ཅེས་གྲགས་སོ།      །

 མི་ཉག་གི་ཡུལ་སྲོལ་རགས་ཙམ་བཤད་པ།

མཁས་དབང་ནམ་མཁའི་ནོར་བུས་ལུང་དྲངས་བའི་མི་ཉག་གི་སྐོར་རགས་ཙམ་གླེང་བ་ཞེས་པའི་རྩོམ་ཡིག་བོད་ལྗོངས་ཞིབ་འཇུག་སྟེང་དུ། ལྡོང་པ་རྣམས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་སའི་ཡུལ་དུ་ལྷགས་ཏེ། དང་པོ་རི་དྭགས་རྔོན་པར་བརྟེན་ནས་ཁྱིམ་སྐྱོང་ཞིང་རང་ཁ་གསོ། ཕྱིས་སུ་རི་དྭགས་མང་པོ་སྒོ་ཕྱུགས་སུ་བཀུག་ནས་འབྲོག་ལས་ཐོན་སྐྱེད་ཀྱི་སྲོལ་བྱུང་། ལས་སུ་ནོར་ལུག་འཚོ།  སྦྲ་གུར་གནས་ཁང་དུ་འཆའ། ས་ཞིང་རྨོ་བའི་སྲོལ་མེད། ཕོ་རྣམས་ཀྱི་མགོ་ལ་ཕྱིང་ཞྭ་གྱོན། ལུས་སུ་པགས་ལྭ་འདབ་རིང་ཅན་བགོ། ཐ་གུའི་སྐ་རགས་བཅིངས། སྐ་རགས་ལ་གྲི་ཆུང་དང་མེ་ཆ་འདོགས། རྐང་ལ་ཀོ་བའི་ལྷམ་གོན། རྣ་བར་རྣ་ལུང་འདོགས། མོ་རྣམས་ཀྱི་ལུས་སུ་ཕུ་རུང་རིང་ཞིང་གོང་བ་ཕྱིར་སློགས་པའི་སྣམ་བུའི་ལྭ་བ་གྱོན། དེ་ལ་བོད་ལྭ་ཟེར་ཞིང་། མོ་རྣམས་ཀྱི་འཕྱོར་ལྭ་ཡིན། སྒོ་ཕྱུགས་ལ་གཡག་ལུག་རྟ་གླང་སོགས་ཡོད། མཚོན་ཆ་ལ་མདའ་དང་གྲི། མདུང་། སྟ་རེ། འུར་རྡོ་བཅས་ཡོད། ཤ་དང་འོ་མ་བཟའ་བཏུང་དུ་རྟེན། ནས་བསྙལ་ནས་ཨ་རག་ཆང་བཟོ་ཤེས། ༢༧ཞེས་གསུངས་པའི་སྔོན་གྱི་ཡུལ་སྲོལ་དག་ད་དུང་རྒྱུན་འཛིན་བྱས་ཡོད་ཅིང་། སྔོན་མེད་པའི་སྲོལ་རྒྱུན་ལ་རོང་པ་རྣམས་ཀྱིས་གྲོ་ནས་སྲན་གསུམ་དང་། ཞོག་ཁོག་སོགས་རྨོ་བ་དང་། འབྲོག་པ་རྣམས་ཀྱིས་སྨན་རྩྭ་དང་ཤ་མོ་སྒྲུག་པ་སོགས་ཐམས་ཅད་བོད་ཡུལ་སྤྱིའི་གོམས་སྲོལ་དང་གཅིག་མཚུངས་སུ་ཡོད་དོ།   །  

ལེའུ་གསུམ་པ། མི་ཉག་གི་ད་ལྟའི་སྲིད་འཛིན་ས་མིང་སྐོར།

མི་ཉག་སྔ་མའི་སྐོར་གྱི་ངོ་སྤྲོད།

༡ དཀར་མཛེས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གི་སྲིད་འཛིན་ས་མིང་སྐོར།

གཤིས་ཆུ་གྲོང་རྡལ་གྱི་སྲིད་འཛིན་སྡེ་པའི་མིང་།

སྔོན་སྡེ་དང་པོ་ལ་དུད་གྲངས༡༢༢དང་མི་གྲངས༢༦༤ཡོད།

སྔོན་སྡེ་གཉིས་པ་ལ་དུད་གྲངས༡༣༢དང་མི་གྲངས༢༨༩ཡོད།

ཤར་སྡེ་དང་པོ་ལ་དུད་གྲངས༦༠དང་མི་གྲངས༡༣༨ཡོད།

ཤར་སྡེ་གཉིས་པ་ལ་དུད་གྲངས༧༨དང་མི་གྲངས༡༩༣ཡོད།

རྒྱལ་སྡེ་དང་པོ་ལ་དུད་གྲངས༦༠དང་མི་གྲངས༡༨༠ཡོད།

རྒྱལ་སྡེ་གཉིས་པ་ལ་དུད་གྲངས༦༩དང་མི་གྲངས༡༧༧ཡོད།

མཐུན་སྡེ་དང་པོ་ལ་དུད་གྲངས༩༧དང་མི་གྲངས༢༣༠ཡོད།

མཐུན་སྡེ་གཉིས་པ་ལ་དུད་གྲངས༩༣དང་མི་གྲངས༢༡༦ཡོད།

ཅོ་བར་གྲོང་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༨༢ཡོད།

རྫུ་ན་གྲོང་སྡེ་པ་ལ་དུད་གྲངས༥༧དང་མི་གྲངས༢༩༦ཡོད།

བྲག་རི་གྲོང་སྡེ་པ་ལ་དུད་གྲངས༥༧དང་མི་གྲངས༢༤༣ཡོད།

ཁུ་ལུ་གྲོང་སྡེ་པ་ལ་དུད་གྲངས༤༣དང་མི་གྲངས༢༡༥ཡོད།

ཡི་གེ་གྲོང་སྡེ་པ་ལ་དུད་གྲངས༡༣དང་མི་གྲངས༧༡ཡོད།

ལུ་མཐོན་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༡༥༦ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་རྒན་པ་བཟང་པོ་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །ཞེས་པ་འདིའ་རྒྱུ་ཆ་མཁོ་འདོན་བྱས་པ་ཚང་མ་རྒྱ་ཡིག་ཁོ་ན་ཡིན་ཡང་རྗེས་སུ་བོད་ཡིག་ལ་སྒྱུར་བཅུག་པ་ཤ་སྟག་ཡིན་ནོ། །

གཞན་ཡང་རྟའུ་ཞེས་པའི་གོ་དོན་ནི་དགེ་བཤེས་ཙ་ན་རྟ་པ་ལ་ཞེས་པ་དེ་ལ་སྔོན་ཆད་རྒྱལ་རོང་བ་རྣམས་མཛོ་དང་རྟ་དྲེལ།  རྟ་པ།  རྐང་ཐང་བཅས་ཀྱི་འགྲོན་པོའི་རྒྱུ་ལམ་གཙོ་བོ་ལམ་དེ་ནས་འགྲོ་དགོས་ཤིང་།  ལ་དེའི་རྒྱབ་དུ་འུ་འཐེ་དང་།  འུ་ཤུ།   འུ་འགྱུ།  འུ་འགྱུ་ར།  འུ་རུ།  འུ་མད།  འུ་གཅར་སོགས་སྐད་ཆ་བཤད་མཁན་མང་པོ་ཡོད་པས་རྟའུ་ཞེས་བརྗོད་པ་རེད་ཅེས་དང་།   ཡང་ན་བློན་ཆེན་མགར་བ་དམ་པ་རྒྱ་ནག་ནས་ཡར་ཕ་ཡུལ་དུ་ཐོན།  དེ་རྗེས་ཁོང་ཡར་ལྷ་སར་འགྲོ་གྲབས་བྱས་ནས་འགྲོ་ས་བརྟག་སྐབས་ལུང་པ་འདི་ནས་སོང་ན་མཚོ་སོགས་ཡོད་པས་ལུང་པ་འདི་ནི་རྟ་ཆུང་ཆུང་ཞིག་གི་ཁོག་པ་དང་འདྲ་བས་མི་འགྲོ།   རི་འདིའི་གཡས་ཕྱོགས་ནས་སོང་ན་གཡི་ཡི་ཁོག་པ་འདྲ་བས་ས་ཆ་འདི་ནས་འགྲོ་དགོས་ཞེས་གསུངས་ནས་ཡར་གཡི་ཁོག་ནས་བྱོན་པར་བཤད།  དེ་ལྟར་རྟའུ་ཞེས་མིང་བཏགས་པ་ཡིན་ལ། དེ་མིན་གྱིས་བཤད་སྲོལ་ཡང་ཡོད་ཀྱང་ང་རང་གིས་གོང་བཤད་ལྟར་རེད་སྙམ་མོ།  །རྟའུ་དགོན་ཆོས་མཛད་ཕུན་ཚོགས་དབང་འདུས་ཀྱིས་བརྩམས་པའི་ཅང་ཤེས་རྟ་ཕོའི་འཚེར་སྐད་ཅེས་པའི་ལྡེབ་མ༡༠༠ནས༡༠༡བར་ལས་བཏུས་པའོ།  །རྗེས་སུ་རྟའུ་པའི་ལོ་རྒྱུས་གོ་བདེ་མོ་རེ་ཤེས་འདོད་ན་རྟའུ་ཁོག་གི་མའུ་ཆོས་མཛད་གཉིས་པའམ་མཁས་པ་ཆོས་མཛད་ཕུན་ཚོགས་དབང་འདུས་ཀྱིས་མཛད་པའི་ཅང་ཤེས་རྟ་ཕོའི་འཚེར་སྐད་ལ་གཟིགས་དང་མཁྱེན་པར་འགྱུར་རོ།  །སྤྱིར་སྔོན་ཆད་རྟའུ་ཁོག་ལ་མཁས་པ་མང་པོ་བྱོན་ཡོད་ཀྱང་སྙན་ངག་དང་རྩོམ་ཡིག་འབྲི་ཤེས་མཁན་ནི་ཕལ་ཆེར་བྱོན་མེད་པ་འདྲ།  རྒྱུ་མཚན་ཅི་རེད་ཅེ་ན་རྟའུ་ཡུལ་གྱི་ལོ་རྒྱུས་སོགས་བྲིས་པ་ཞིག་ཕལ་ཆེར་རིག་རྒྱུ་མེད་པས་སོ།  །

མ་ཟུར་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

གཡུ་ལུང་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༢༠༨ཡོད།

སྤུང་གནས་གྲོང་སྡེ་པ་ལ་དུད་གྲངས་༥༩དང་མི་གྲངས༣༢༤ཡོད།

ཁུག་ཆགས་གྲོང་སྡེ་པ་ལ་དུད་གྲངས་༣༠དང་མི་གྲངས་༡༩༥ཡོད།

ཧན་ཅ་ལུང་གྲོང་སྡེ། ལ་དུད་གྲངས༢༠དང་མི་གྲངས་༡༠༠ཡོད།

ལྕུ་ཞབས་གྲོང་སྡེ་པ་ལ་དུད་གྲངས་༨༤མི་གྲངས་༤༤༠ཡོད།

ཚྭ་སྤུ་གྲོང་སྡེ་པ་ལ་དུད་གྲངས་༡༤༢དང་མི་གྲངས༥༥༤ཡོད།

དར་ཝ་གྲོང་སྡེ་པ་ལ་དུད་གྲངས་༨༢དང་མི་གྲངས༤༡༨ཡོད།

ལོར་ཕུབ་གྲོང་སྡེ་པ། ལ་དུད་གྲངས༥༢དང་མི་གྲངས་༣༤༣ཡོད།

གུར་ཕུབ་གྲོང་སྡེ་པ་ལ་དུད་གྲངས༦༠དང་མི་གྲངས༣༤༥ཡོད།

ཐར་བ་གྲོང་སྡེ་པ་ལ་དུད་གྲངས༤༧དང་མི་གྲངས༤༣༨ཡོད།

སྐུ་ནུབ་གྲོང་སྡེ་པ་ལ་དུད་གྲངས༤༠་དང་མི་གྲངས༢༨༥ཡོད།

འ་སུ་ཉིའུ་གྲོང་སྡེ་ལ་དུད་གྲངས༢༦དང་མི་གྲངས༡༣༨ཡོད།

ཡིད་དགེ་གྲོང་སྡེ་པ་ལདུད་གྲངས༢༧དང་མི་གྲངས༡༤༤ཡོད།

གོད་ཐོག་གྲོང་སྡེ་པ་ལ་དུད་གྲངས༢༥དང་མི་གྲངས༡༤༣ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་པ་ཆོས་མཚོས་མཁོ་འདོན་བྱས་པ་ཡིན་ནོ།  །

ཁང་གསར་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

གཅིན་ཆར་གྲོང་སྡེ་པ་ལ་དུད་གྲངས༤༠དང་མི་གྲངས༣༤༠ཡོད།

ཁུང་ནང་གྲོང་སྡེ་པ་ལ་དུད་གྲངས༥༠དང་མི་གྲངས༣༥༥ཡོད།

མ་བུ་གྲོང་སྡེ་པ་ལ་དུད་གྲངས༢༤མི་གྲངས༣༤༠ཡོད།

ཤར་ཐང་གྲོང་སྡེ་པ་ལ་དུད་གྲངས༤༡དང་མི་གྲངས༢༥༡ཡོད།

ཡོ་དབེན་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༢༤༥ཡོད།

རི་སྣ་གྲོང་སྡེ་པ་ལ་དུད་གྲངས་༤༤དང་མི་གྲངས་༢༩༤ཡོད།

སྒུག་ཐག་གྲོང་སྡེ་པ་ལ་དུད་གྲངས༢༡དང་མི་གྲངས༡༩༢ཡོད།

བྲག་ཐོག་གྲོང་སྡེ་པ་ལ་དུད་གྲངས༦༤དང་མི་གྲངས༣༢༤ཡོད།

ཁ་ར་གྲོང་སྡེ་པ་ལ་དུད་གྲངས༤༢་དང་མི་གྲངས༢༦༧ཡོད།

མཚམས་ཆད་གྲོང་སྡེ་པ་ལ་དུད་གྲངས༤༡དང་མི་གྲངས༢༧༢ཡོད།

དགའ་ལུང་གྲོང་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༡༢༩ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་པ་ཆོས་མཚོས་མཁོ་འདོན་བྱས་པ་ཡིན་ནོ།  །

དགེ་ཤིས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

རྒྱལ་ཕྱོགས་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༡༥༢ཡོད།

མཁར་ཉ་གྲོང་སྡེ་པ་ལ་དུད་གྲངས༦༥དང་མི་གྲངས༢༨༧ཡོད།

སྡེ་འདིའི་མིང་ལ་མཁར་ནག་གྲོང་སྡེ་པའང་ཟེར་སྲོལ་ཡོད་པར་བཤད་དོ།།

མདོ་སྐྱ་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༢༢༤ཡོད།

རྫོང་ནང་གྲོང་སྡེ་པ་ལ་དུད་གྲངས༣༠དང་མི་གྲངས༡༨༠ཡོད།

འབྱུང་བ་གྲོང་སྡེ་པ་ལ་དུད་གྲངས༥༤དང་མི་གྲངས༣༡༦ཡོད།

ར་བ་གྲོང་སྡེ་པ་ལ་དུད་གྲངས༢༣དང་མི་གྲངས༡༡༦ཡོད།ར་ཡག་གྲོང་སྡེ་པའང་ཟེར།

སང་ཡང་ཡག་གྲོང་སྡེ་པ་ལ་དུད་གྲངས༦༤དང་མི་གྲངས༢༤༧ཡོད།

ཀ་ར་གྲོང་སྡེ་པ་ལ་དུད་གྲངས་༢༤དང་མི་གྲངས༡༡༩ཡོད།

འོ་སྙི་གྲིང་སྡེ་པ་ལ་དུད་གྲངས༢༤དང་མི་གྲངས༩༢ཡོད།

ཞབས་ཡག་གྲོང་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༢༠༦ཡོད།

ཞིང་རུ་གྲོང་སྡེ་པ། ལ་དུད་གྲངས༣༨དང་མི་གྲངས༡༨༡ཡོད།

ཡོས་དོག་གྲོང་སྡེ་པ། ལ་དུད་གྲངས༤༤དང་མི་གྲངས༡༨༡ཡོད།

གཡོ་ཀྱེ་གྲོང་སྡེ་པ་ལ་དུད་གྲངས༤༥དང་མི་གྲངས༢༦༧ཡོད།

བྲོ་འོད་གྲོང་སྡེ་པ་ལ་དུད་གྲངས༤༣དང་མི་གྲངས༢༨༠ཡོད།

ཅོག་རི་གྲོང་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༡༥༤ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་དཔལ་ལྡན་སྒྲོན་མས་མཁོ་འདོན་བྱས་པ་ཡིན་ནོ།  །

ཁུག་ཆགས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

རྒྱ་རྭ་གྲོང་སྡེ་པ་ལ་དུད་གྲངས༥༤དང་མི་གྲངས༢༣༨ཡོད།

རྒྱ་ཕག་གྲོང་སྡེ་པ་ལ་དུད་གྲངས༧༦དང་མི་གྲངས་༣༨༥ཡོད།

ཁུག་ཆགས་གྲོང་སྡེ་པ་ལ་དུད་གྲངས༧༦དང་མི་གྲངས༣༦༩ཡོད།

ཡོ་ཀྭ་གྲོང་སྡེ་པ་ལ་དུད་གྲངས༢༢དང་མི་གྲངས༡༣༥ཡོད།

ས་སྔོན་གྲོང་སྡེ་པ་ལ་དུད་གྲངས༡༠༥དང་མི་གྲངས༥༡༩ཡོད།

རྡོ་སྤུངས་གཞའ་གྲོང་སྡེ་ལ་དུད་གྲངས༦༦དང་མི་གྲངས༢༥༢ཡོད།

ལུང་ཕུག་གྲོང་སྡེ་པ་ལ་དུད་གྲངས༣༩དང་མི་གྲངས༡༧༧ཡོད།

ཇོ་ལོ་སྣ་གྲོང་སྡེ་པ་ལ་དུད་གྲངས༥༤དང་མི་གྲངས༣༠༧ཡོད་དོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་མི་དཔལ་ལྡན་སྒྲོན་མས་མཁོ་འདོན་བྱས་པ་ཡིན་ནོ།  །

གཡི་ཁོག་གཡུ་སྔོན་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཆུ་བར་སྡེ་པ་ལ་དུད་གྲངས༡༢༩དང་མི་གྲངས༥༩༨ཡོད།

སྒར་ནུབ་སྡེ་པ་ལ་དུད་གྲངས༡༣༨དང་མི་གྲངས༧༠༢ཡོད།

ས་དམར་ཁོག་སྡེ་པ་ལ་དུད་གྲངས༡༢༧དང་མི་གྲངས༦༣༧ཡོད།

སྒྲོག་བུ་སྡེ་པ་ལ་དུད་གྲངས༥༦དང་མི་གྲངས༢༧༥ཡོད། སྒྱོ་འོག་རུ་ཁག་ཅེས་ཀྱང་ཟེར་སྲོལ་ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་པ་ཚེ་རིང་ནད་མེད་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །གཞན་ཡང་ས་ཆ་འདིའི་མིང་ལ་གཅན་ཟན་གཡི་ཡི་ཁོག་པ་དང་འདྲ་བས་གཡི་ཁོག་ཅེས་བརྗོད་མཁན་ཡང་ཡོད་དོ།   །

དབུས་ཐང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྒ་ཁོག་སྡེ་པ་ལ་དུད་གྲངས༡༨༥དང་མི་གྲངས༧༧༩ཡོད།

 དབུས་ཁོག་སྡེ་པ་ལ་དུད་གྲངས༡༩༨དང་མི་གྲངས༨༦༦ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་པ་ཚེ་རིང་ནད་མེད་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

རྒྱ་གྲོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

གཡི་མཁར་སྡེ་པ་ལ་དུད་གྲངས༡༡༧དང་མི་གྲངས༤༢༠ཡོད།

ཤུག་འདབས་ཁོག་སྡེ་པ་ལ་དུད་གྲངས༩༣དང་མི་གྲངས༣༧༤ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་པ་ཚེ་རིང་ནད་མེད་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

ཆུ་དམར་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

འུག་ཚང་ཁོག་སྡེ་པ་ལ་དུད་གྲངས༡༡༤དང་མི་གྲངས༥༣༥ཡོད།

བྱ་རུ་སྡེ་པ་ལ་དུད་གྲངས༡༨༥དང་མི་གྲངས༨༣༡ཡོད།

ཆུ་ཀླུང་ཁོག་སྡེ་པ་ལ་དུད་གྲངས༡༦༣དང་མི་གྲངས༨༠༨ཡོད། ཤང་ཡོངས་ལ་ཁྱོན་བསྡོམས་ན་དུད་གྲངས༤༦༢དང་མི་གྲངས༢༡༧༤བཅས་ཡོད་དོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་རྫོང་དེའི་ལས་བྱེད་པ་ཚེ་རིང་ནད་མེད་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

སྨུག་རུ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

འབྲོག་པ་སྡེ་པ་ལ་དུད་གྲངས༧༩དང་མི་གྲངས༤༠༩ཡོད།

མཁར་ལུང་གྲོང་སྡེ་པ་ལ་དུད་གྲངས༦༥དང་མི་གྲངས༣༦༧ཡོད།

བ་ད་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༡༩༦ཡོད།

སྒ་པ་གྲོང་སྡེ་པ་ལ་དུས་གྲངས༣༩དང་མི་གྲངས༡༧༧ཡོད།   སྡེ་པ་འདིའི་མིང་ལ་རྒོད་གྲོང་སྡེ་པའང་ཟེར་སྲོལ་ཡོད་པར་བཤད་དོ།  །

སྙིང་རི་གྲོང་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༡༢༧བཅས་ཡོད་པ་ཡིན་ནོ།   ། གནའ་སྔ་མོ་མི་ཉག་གི་སྨུག་པོ་ལྡོང་གི་རུ་བའམ་དམག་སྒར་ཆེན་པོ་འགའ་རེ་དེར་ཡོད་པས་ན་སྨུག་རུ་ཞེས་གནའ་ནས་ད་བར་དུ་འབོད་སྲོལ་ཡོད་པ་ཡིན་ལ།  སྡེ་ཤོག་དེར་ཁྲམ་པ་ཉི་ཤུ་རྩ་ལྔ་ཞེས་སྐད་གྲགས་ཅན་བྱུང་མྱོང་བའི་ལོ་རྒྱུས་ཀྱང་ཡོད།  དེང་སང་མི་འགའ་རེས་སྨུག་རོང་ཞེས་འབོད་སྲོལ་ཡོད་པའང་ཤེས་དགོས་སོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ༥པའི་ནང་དུ་རྫོང་དེའི་སློབ་ཆུང་དགེ་རྒན་འཆི་མེད་ཚེ་དབང་ལགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

སྦ་ཞབས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

བུ་རི་བོ་གྲོང་སྡེ་ལ་དུད་གྲངས༤༡དང་མི་གྲངས༢༡༤ཡོད།

རི་བ་གྲོང་སྡེ་ལ་དུད་གྲངས༥༠དང་མི་གྲངས༢༡༥ཡོད།

ཟམ་ཁ་གྲོང་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༢༢༠ཡོད།

ལུག་འཚོ་གྲོང་སྡེ་པ་ལ་དུད་གྲངས༢༥དང་མི་གྲངས༡༧༡ཡོད།

སྨིན་ཏོག་གྲོང་སྡེ་པ་ལ་དུད་གྲངས༥༣དང་མི་གྲངས༢༧༣ཡོད།

ཉིན་བར་གྲོང་སྡེ་པ་ལ་དུད་གྲངས༤༩དང་མི་གྲངས༢༠༢ཡོད།

སྐམ་ཞིང་གྲོང་སྡེ་པ་ལ་དུད་གྲངས༣༩དང་མི་གྲངས༢༡༩ཡོད།

ཡབ་རི་གྲོང་སྡེ་པ་ལ་དུད་གྲངས༤༣དང་མི་གྲངའ༢༡༧ཡོད།

གོང་གི་ཤང་སྲིད་གཞུང་ཡོད་ས་ནི་སྦལ་ཞབས་བྲག་དཀར་གནས་ཡོད་སའི་ཉེ་ཕྱོགས་སུ་ཆགས་ཡོད་པར་བཤད་དོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༥པའི་ནང་དུ་རྫོང་དེའི་སློབ་ཆུང་དགེ་རྒན་འཆི་མེད་ཚེ་དབང་ལགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

ལྕགས་ཁུང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

གུ་ཡངས་གྲོང་སྡེ་པ་ལ་དུད་གྲངས༥༣དང་མི་གྲངས༣༡༨ཡོད།

མཁར་མར་གྲོང་སྡེ་པ་ལ་དུད་གྲངས༤༦དང་མི་གྲངས༢༡༨ཡོད།

བོན་འགོ་གྲོང་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༡༨༩ཡོད།

ཚོས་རྫོས་གྲོང་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༡༩༨ཡོད།

ཡོ་ཤོ་གྲོང་སྡེ་པ་ལ་དུད་གྲངས༧༦དང་མི་གྲངས༣༥༧ཡོད།

གླག་ཤུ་མ་གྲོང་སྡེ་ལ་དུད་གྲངས༣༤དང་མི་གྲངས༡༧༤ཡོད།

ར་ལི་ཁོག་སྡེ་པ་ལ་དུད་གྲངས༡༢༨དང་མི་གྲངས༦༨༥ཡོད།

ང་རང་ཉིད་ཀྱིས་ད པྱད་ན་ལྕགས་སྐུང་ཞེས་བྲིས་ནའང་མི་ཉན་པ་མེད་སྙམ་དེ་ལུགས་བརྟག་པར་ཞུའོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༥པའི་ནང་དུ་རྫོང་དེའི་སློབ་ཆུང་དགེ་རྒན་འཆི་མེད་ཚེ་དབང་ལགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

གྲོ་ཉིད་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྒང་ཐོག་སྡེ་པ་ལ་དུད་གྲངས༡༦དང་མི་གྲངས༡༢༧ཡོད།

ཡ་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༢༣༣ཡོད།

བྲག་ར་གྲོང་སྡེ་པ་ལ་དུད་གྲངས༡༦དང་མི་གྲངས༡༡༡ཡོད།

མ་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༢༢༩ཡོད།

མོ་ལྕོག་སྡེ་པ་ལ་དུད་གྲངས༣༩དང་མི་གྲངས༢༡༥ཡོད། གུ་ཙི་སྡེ་པའང་ཟེར་སྲོལ་ཡོད།

དབྱར་ལུང་ཁུག་སྡེ་པ་ལ་དུད་གྲངས༡༧དང་མི་གྲངས༡༠༦ཡོད།

བྲག་རྡོ་སྡེ་པ་ལ་དུད་གྲངས༢༧དང་མི་གྲངས༡༤༨ཡོད།

ཤང་འདིའི་མིང་ལ་ལྕགས་རྐོང་དང་ལྕགས་ཁུང་ཞེས་འབྲི་ཚུལ་སྣ་ཁ་གསུམ་ཙམ་ཡོད་ཀྱང་གང་ཡིན་ད་དུང་མ་ཤེས་པས་རྗེས་འཇུག་མཁས་པ་ཚོས་དཔྱད་པར་ཞུའོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༦པའི་ནང་དུ་རྫོང་དེའི་མི་འོད་ཟེར་དཔལ་མོ་དང་ཡོན་ཏན་ཕུན་ཚོགས་གཉིས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

ཤྭ་ཐོག་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཝ་ར་ཡ་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༡༩༦ཡོད།

ཝ་ར་མ་གྲོང་སྡེ་ལ་དུད་གྲངས༤༠དང་མི་གྲངས༡༧༣ཡོད།

ཞུའུ་གྲོང་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༡༦༠ཡོད།

ཐོག་པི་ཁུལ་སྡེ་པ་ལ་དུད་གྲངས༢༠དང་མི་གྲངས༡༠༣ཡོད།

ཙོག་གུས་སྡེ་པ་ལ་དུད་གྲངས༡༦དང་མི་གྲངས༧༦ཡོད།

ཡོང་ཤོད་ཡོང་ངེས་གྲོང་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༢༢༨ཡོད།

མི་ལི་གྲོང་སྡེ་པ་ལ་དུད་གྲངས༢༩དང་མི་གྲངས༡༧༣ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༥པའི་ནང་དུ་རྫོང་དེའི་མི་འོད་ཟེར་དཔལ་མོས་མཁོ་འདོན་བྱས་པ་ཡིན་ནོ།། 


  • ལེ་ཚན་སྔོན་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༡༽
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༣༽