མི་ཉག་གི་དེབ་ཐེར་ལྗང་གུ །༼༡༽

རིག་འཛིན་བསྟན་སྲུང་གིས་བརྩམས།        2018-06-06

   མགོ་བརྗོད།

   དེ་ཡང་མི་རིགས་གང་ཞིག་ཡིན་ནའང་རང་གི་མེས་པོ་གོང་མ་ཚོས་བསྐྲུན་པའི་ངོ་མཚར་བའི་མཛད་རྗེས་དང་། ཡི་མུག་པའི་དོན་རྐྱེན་སོགས་བྱུང་ཡོད་པར་རྒྱུས་ལོན་ཞིབ་འཇུག་བྱེད་རྒྱུ་ནི་རྗེས་རབས་པ་རྣམས་ཀྱི་འོས་འགན་གལ་ཆེན་ཞིག་ཡིན། བོད་ཀྱི་སྲིད་པ་རྒན་ཚོས་བཤད་པ་ལྟར།  མིས་རང་གི་སྐྱེ་ཁུངས་མ་ཤེས་ན།  །ནགས་ནང་གི་སྤྲེའུ་དང་འདྲ།  །མི་རང་གི་ཆོ་འབྲང་མ་ཤེས་ན།  །སྒོ་ཁའི་ཕྱུགས་ཟོག་དང་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན།  །མཛོ་རྒན་འཁྱམ་པོ་དང་འདྲ།   །ཞེས་གསུངས་པ་བཞིན། ལར་ལོ་རྒྱུས་སྨྲ་བ་ཞིག་ཡིན་ནས་བཟུང་སྟེ་རང་གི་ལྟ་བ་ཕྱོགས་ལྷུང་མེད་པར་དྲང་པོར་བརྗོད་དགོས། སྔོན་ཆད་བོད་ཀྱི་ལོ་རྒྱུས་མི་ཉུང་བར་ལྷ་སྒྲུང་ཤུགས་ཆེ་ཞིང་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་གྱིས་ཤན་ཤུགས་ཐེབས་པ་མང་པོ་ཡོད། ལོ་རྒྱུས་འབྲི་སྟངས་ལ་རྩོམ་རིག་གི་རྣམ་པར་བསྒྱུར་བའི་ལོ་རྒྱུས་དང་། དམངས་ཁྲོད་ཀྱི་རྣམ་པའི་ལོ་རྒྱུས། ལོ་རྒྱུས་དངོས་བཤད་པ་བཅས་ལས་འདིར་གསུམ་པ་ལྟར་བྲིས་པ་ཡིན་ཞིང་། རང་ཉིད་ཀྱིས་ལྟ་སྟངས་ལ་ལོ་རྒྱུས་འབྲི་སྐབས་ལོ་རྒྱུས་དངོས་གཙོ་སྨྲ་བའི་བཤད་པ་ལྟར་བྲིས་ན་ལེགས་སྙམ། ཡིན་ནའང་གོ་གནས་དང་དཔལ་འབྱོར་ཅུང་ཟད་རེ་ཐོབ་ཆེད་དུ། ལོ་རྒྱུས་དངོས་སྨྲ་བ་ཡིན་རློམ་ཤར་མཁན་འགའ་རེས་འཁྱོག་བཤད་བརྒྱབ་པའང་ཡོད་མོད། འོན་ཀྱང་འདིར་དེ་ལྟར་མ་ཡིན་པར་དྲང་བདེན་གྱི་ལམ་ནས་ལྡོང་སྤྱང་མི་ཉག་གི་ལོ་རྒྱུས་ཀྱི་ས་བོན་ཕྲན་བུ་ཞིག་བཤད་རྒྱུ་ཡིན། ཆོས་འབྱུང་འབེལ་གཏམ་ལས། མཐོ་དམན་ཕྱོགས་ལྷུང་གི་གོལ་ས་ནམ་དུ་ཡང་འབྱུང་བ་ཡིན་པས་གཟབ་དགོས་ལ། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ་ཞེས་གསུངས་པ་ལྟར་སྤྱིར་ལོ་རྒྱུས་བྲིས་པ་དེ་ཞིབ་མོ་ཞིག་འབྲི་རྒྱུ་གལ་ཤིན་ཏུ་ཆེ་བ་ཡིན་པས། འདིར་ཁོ་བོས་ཀྱང་མི་ཉག་གི་ལོ་རྒྱུས་ས་བོན་ཞེས་པ་དེ་ཅུང་ཟད་ཞིབ་མོ་ལྟ་བུ་ཞིག་འབྲི་ཁུལ་བྱས་ཡོད་མོད། འོན་ཀྱང་རང་ཉིད་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཞན་ཅིང་། སྦྱངས་སྟོབས་ཀྱི་ཡོན་ཏན་དམན་པས། ལོ་རྒྱུས་ཡག་པོ་དང་ཆ་ཚང་བ་ཞིག་འབྲི་རྒྱུའི་རེ་བ་སྟོང་ན་ཡང་། ད་ལམ་འདིར་སྔོན་ཆད་ཀྱི་ཡིག་ཚང་དག་ལ་གཞི་བཅོལ་ཞིང་། ས་ཆ་མང་པོ་ལ་འདྲི་རྩད་བྱེད་ས་དངོས་སུ་རང་ཉིད་སོང་བར་མ་ཚད། མཁས་པ་མང་པོ་ལ་གནའ་གཏམ་དྲིས་ཤིང་། དཔེ་རྙིང་མང་པོར་བལྟས་པའི་དོན་ལ་དཔྱད་པ་དུས་ཡུན་རིང་པོར་བཏང་ནས། རང་ཉིད་ལ་དྲན་རྟེན་གྱི་ཟིན་བྲིས་དང་། ད་ཡོད་མི་ཉག་གི་ཤེས་ལྡན་མི་སྣ་ལོ་ཆུང་དང་རྗེས་རབས་ཀྱི་གསར་སྐྱེས་གཞོན་ནུ་རྣམས་ལ་རྗེས་དྲན་དང་རྒྱུས་ལོན་བྱེད་སའི་ཆེད་དུ་བྲིས་པ་ཡིན་མོད། འོན་ཀྱང་དཔེ་ཆ་འདི་ལ་ཡིག་ནོར་དང་ཟློས་སྐྱོན། དོན་གོང་འོག་ནོར་བ། ཚིག་གི་སྡེབ་སྦྱོར་ཉམས་པ་བཅས་ཀྱི་སྐྱོན་དང་ནོར་འཁྲུལ་སོགས་སྤང་མ་ནུས་པས། ཕལ་སྐད་ཀྱི་ལམ་ནས་བྲིས་ཡོད་པས་མཁས་པ་རྣམས་དགའ་བ་སྐྱེད་པའི་རྒྱུ་རུ་མི་འགྱུར་བ་ཤེས་ནའང་། སྔོན་ཆད་ལྡོང་སྤྱང་མི་ཉག་གི་ལོ་རྒྱུས་ཁ་གསལ་ཞིང་དོན་འདུས་པ་ཞིབ་མོ་བྲིས་ཡོད་པ་ཞིག་ད་ལྟའི་བར་དུ་མཐོང་རྒྱུ་དཀོན་པོ་ཡིན་པས་རྐྱེན་བྱས་ཤིང་། སྤྱིར་རང་རང་གི་མེས་པོའི་ལོ་རྒྱུས་འབྲི་རྒྱུའི་ལས་འགན་རང་རེ་ཤེས་ཡོན་པ་ཚོའི་ཕྲག་ཐོག་ཏུ་རང་ཤུགས་ཀྱིས་བབ་པ་ཡིན་པར་བརྟེན། འདིར་ཁོ་བོས་མེད་པ་ལས་ཡོད་པ་དང་། ཡོད་པ་ལས་དར་བ། དར་བ་ལས་རྒྱས་པ་ཡོང་བར་དམིགས་ནས་འབྲི་ཁུལ་བགྱིས་པ་ཡིན་མོད། འོན་ཀྱང་ཡིག་སྐྱོན་དང་དོན་ནོར་དུ་མ་ཞིག་ཡོད་པས་གཟིགས་པ་པོ་རྣམས་ཀྱིས་གནད་སྨིན་གྱི་དག་བཅོས་དང་འཛེམ་མེད་ཀྱི་དགོངས་འཆར་གནང་བར་བཀའ་དྲིན་མི་ཆུང་བར་ཞུ་ཞུ།    གཞན་ཡང་ཁ་ཅུང་ཟད་གསལ་མོ་ཞིག་བཤད་ན་སྤྱིར་ང་ཚོས་ཚན་ཁག་དང་རུ་ཁག   ཚོ་བ།  ཡུལ་སྡེ།  གྲོང་སྡེ།  སྡེ་པ་ཞེས་བྲིས་ཡོད་པ་རྣམས་ནི་འོག་ཏུ་གྲོང་སྡེ་དང་ཚན་ཁག  རུ་ཁག   སྡེ་པ་ཞེས་བྲིས་ཡོད་པས་དཔེ་ཆ་འདི་ལ་གཟིགས་མཁན་ཚོས་དེ་ལུགས་སེམས་ལ་ངེས་རྒྱུ་གལ་ཆེའོ། །སྲིད་འཛིན་སྡེ་ཁག་དེ་ལས་ཅུང་ཟད་ཆེ་བ་རྣམས་ལ་རྒྱ་སྐད་ལ་ཀུང་ཧྲེའམ་ཤང་ཞེས་པ་དེ་བོད་སྐད་ལ་ཕལ་ཆེ་ཤོས་ཏེ་ ཡུལ་ཤོག་དང་ཤང་ཅེས་དཔེ་ཆ་འདིའི་ནང་དུ་བྲིས་ཡོད་པ་ཡིན་པས་དེ་ལུགས་རྒྱ་ཆེ་བའི་གཟིགས་པ་པོ་རྣམ་པ་ཚོས་ཐུགས་ལ་འཇོག་རོགས་ཞུ་རྒྱུ་ཡིན།  དེ་འདྲའི་སྐོར་ནི་ང་ལྟ་བུའི་མི་བླུན་པོ་ཞིག་ལ་ཆ་མཚོན་ན་ཚིག་མཛོད་སོགས་ཀྱི་ནང་དུ་འཚོལ་རྒྱུ་ཤིན་ཏུ་དཀའ་མོ་ཞིག་ཡིན་ནོ།  །


   རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

    དེ་ཡང་རིག་འཛིན་བསྟན་སྲུང་ནི་བོད་ཁམས་མི་ཉག་རབ་སྒང་གི་ཆར་གཏོགས་ཤར་སྟོད་བཞག་བྲ་དཀར་པོའི་མདུན་ཞོལ་གངས་རི་མ་ཞེས་པའི་འབྲོག་སྡེ་རུ། རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ༡༩༥༨ལོའི་ཟླ༨པའི་ཚེས༤ལ་ཨ་རྒྱར་ཚང་གི་ཁྱིམ་དུ་སྐྱེས། སྤྱི་ལོ༡༩༨༦ལོར་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭ་ནས་འབྲིང་རིམ་ཆེད་སྦྱོང་སློབ་མཐར་ཕྱིན། ༡༩༩༢ལོར་མཚོ་སྔོན་སློབ་གསོ་སློབ་གླིང་གི་ཕྱི་གླིང་སྐད་ཡིག་ཚན་ཁག་ནས་མཐོ་རིམ་ཆེད་སྦྱོང་མཐར་ཕྱིན། ༡༩༩༧ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཚན་ཁག་ནས་དངོས་གཞིའི་སློབ་མ་སློབ་མཐར་ཕྱིན། ལོ་བཅོ་བརྒྱད་ཀྱི་རིང་ལ་དར་མདོ་མི་རིགས་དགེ་འོས་སློབ་གྲྭའི་དགེ་རྒན་བྱས་ནས་སློབ་མ་ཉིས་སྟོང་ལྷག་ཙམ་གསོ་བསྐྱངས་བྱས།  ཁོང་སྤྱི་ལོ༢༠༠༤ལོའི་ཟླ༨པ་ནས་བཟུང་སྟེ་ད་ལྟའི་བར་དུ་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོའི་ལས་འགན་ཁུར་ནས་རང་གཞན་གྱི་སློབ་མ་རྣམས་ལ་རང་རིགས་ཀྱི་རིག་གནས་སྤེལ་བ་དང་། ཞོར་དུ་སྤྱི་ཚོགས་ཚན་རིག་ལ་ཞིབ་འཇུག་རང་ནུས་ཅི་ལྕོགས་ཀྱིས་མཛད་ཡོད།ཁོང་གིས་བྲིས་པའི་རྩོམ་ཡིག་ནི། དག་ཡིག་ལེ་བརྒྱད་མའི་འཆད་བདེའི་ཟིན་བྲིས་དང་། ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ། གངས་ལྗོངས་དམ་ཆོས་རིན་ཆེན་གཏེར་བུམ། ས་པཎ་དག་འགྲེལ་མུན་སེལ་སྒྲོན་མེ། གངས་ཅན་པའི་སྒྲ་རིག་པ། མངོན་བརྗོད་ལ་འཇུག་པའི་སྒོ། གངས་ཅན་པའི་སྡེབ་སྦྱོར་རིག་པ། ཟློས་གར་ལ་འཇུག་པའི་སྒོ། རིག་གནས་ཆུང་བ་ལྔའི་རྣམ་གཞག་ཐོ་རེངས་སྐར་ཆེན། བོད་ཀྱི་བཀྲ་ཤིས་པའི་རྒྱུན་རིས་གསར་འགྲེལ། མིའི་ལུགས་ཀྱི་དྲང་ལམ།  ལངས་གཟུགས་བྲིས་དཔེ།  མི་ཉག་གི་དུས་རམས་རིམ་བྱུང་གི་ལོ་རྒྱུས་སོགས་པོ་ཏི་ཆེ་ཆུང་བཅུ་གཉིས་ཙམ་ཡོད། གཞན་ཡང་བོད་ལྗོངས་ཞིབ་འཇུག་དང་། སི་ཁྲོན་མི་རིགས།    རི་བོ་གངས་དཀར།  དཀར་མཛེས་གསར་འགྱུར་སོགས་སུ་དཔྱད་རྩོམ་དང་ངོ་སྤྲོད་བཅས་ཉི་ཤུ་ལྷག་ཙམ་སྤེལ་དང་སྤེལ་མུས་སུ་མཆིས་སོ། །

དཀར་ཆག

མཆོད་པར་བརྗོད་པ།

ངོ་བོ་ངེས་བསྟན།

རྩོམ་པར་དམ་བཅའ་བ།   

ལེའུ་དང་པོ། མི་ཉག་གི་རུས་རྒྱུད་ཀྱི་སྐོར།

ལྡོང་པ་མི་ཉག་གི་རུས་རྒྱུད་སྤྱི་ཙམ་བཤད་པ།

མི་ཉག་གི་རིགས་རུས་ཁུངས་གཏུགས་ས།

མི་ཉག་གི་མིང་ལ་ཤིས་ཞཱ་ཞེས་པའི་གོ་དོན།   

མི་ཉག་གི་རྒྱལ་རབས་བཤད་པ།

མི་ཉག་རྒྱལ་པོའི་སྐོར་བཤད་པ།

ལེའུ་གཉིས་པ། མི་ཉག་ཅེས་པའི་མིང་བཏགས་ཚུལ་སྐོར།

མི་ཉག་གི་མིང་ལ་འཕེལ་འགྱུར་བྱུང་ཚུལ། 

བོད་བཙན་པོ་རིམ་བྱུང་དང་མི་ཉག་བར་གྱི་འབྲེལ་བ།

མི་ཉག་གི་མངའ་ཁོངས་ཀྱི་ས་ཁྱོན་བཤད་པ།

མི་ཉག་གི་ཡུལ་སྲོལ་རགས་ཙམ་བཤད་པ།

ལེའུ་གསུམ་པ། མི་ཉག་གི་ད་ལྟའི་སྲིད་འཛིན་ས་མིང་སྐོར།

མི་ཉག་སྔ་མའི་སྐོར་གྱི་ངོ་སྤྲོད།

༡ དཀར་མཛེས་རང་སྐྱོང་ཁུལ་གྱི་རྟའུ་རྫོང་གི་སྐོར།

ཤེའུ་ཆུ་གྲོང་རྡལ་གྱི་ སྲིད་འཛིན་སྡེ་པའི་མིང་།

མ་ཟུར་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཁང་གསར་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

དགེ་ཤིས་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

ཁུག་ཆགས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

གཡུ་ཁོག་གི་གཡུ་སྔོན་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

དབུས་ཐང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

རྒྱ་གྲོང་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

ཆུ་དམར་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

སྨུག་རུ་ཤང་གི་སྲིད་འཛིན་སྡེ་པའི་མིང་།

སྦ་ཞབས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལྕགས་ཁུང་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

གྲོ་ཉིད་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཤྭ་ཐོག་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

བྲག་ཐོག་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྔོ་ལྡན་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

བཞག་རྩེ་ཡུལ་ཤོག་གི ་སྲིད་འཛིན་སྡེ་པའི་མིང་།

ཤར་རོང་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

ལུང་བསྟན་ཡུལ་ཤོག་གི་གནས་ཚུལ་མདོར་བསྡུས།

ཆབ་སྲིད་ཀྱི་མིང་ཚིག་འགའི་གསར་འགྲེལ།

ལུང་འདུས་ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

གསེར་ཁ་ཡུལ་ཤོག་གི་གནས་ཚུལ་ངོ་སྤྲོད།

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

མགར་ཐར་ཡུལ་ཤོག་གི་གནས་ཚུལ་མདོར་བསྡུས།

ཡུལ་ཤོག་འདིའི་ སྲིད་འཛིན་སྡེ་པའི་མིང་།

བ་སྨད་གྲོང་རྡལ་གྱི་ངོ་སྤྲོད་མདོར་བསྡུས།

གྲོང་རྡལ་འདིའི་སྲིད་འཛིན་སྡེ་པའི་མིང་།

གྲོང་མི་ཨུ་ཡོན་ལྷན་ཁང་གི་གནས་ཚུལ།

དར་མདོ་རྗོང་གི་སྲིད་འཛིན་ས་མིང་།

ལྷ་སྒང་ཡུལ་ཤོག་གི་གཞི་རྩའི་གནས་ཚུལ་མདོར་བསྡུས།

ཡུལ་ཤོག་འདིའི་ སྲིད་འཛིན་སྡེ་པའི་མིང་།

ར་རྔ་ཁའི་གྲོང་རྡལ་གྱི་གནས་ཚུལ་མདོར་བསྡུས།

གྲོང་རྡལ་འདིའི་སྲིད་འཛིན་སྡེ་པའི་མིང་།

ཝ་ཚི་ཡུལ་ཤོག་གི་ངོ་སྤྲོད་མདོར་བསྡུས། 

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།                                                   འགག་པ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྐྱ་ཀེ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

བོན་པོ་གཤིས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ས་བདེ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

གངས་དཀར་ཡུལ་ཤོག་གི་གནས་ཚུལ་ངོ་སྤྲོད།

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

དཔའ་སྲེག་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

བྱིས་བྱས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཉག་ཆུ་རྫོང་གི་སྲིད་འཛིན་ས་མིང་།

བར་སྟོད་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

མི་བཟང་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

མགར་ར་གཤིས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

མཁར་རིང་པོ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།  

གྲོང་གསུམ་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

མིག་ནོར་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

སྦ་སྨྱུག་རོང་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

བརྒྱད་ཟུར་རྫོང་གི་སྲིད་འཛིན་ས་མིང་།

རྒུ་རུ་གྲོང་རྡལ་གྱི་སྲིད་འཛིན་སྡེ་པའི་མིང་།

ས་རྔ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྦའུ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

འབྲོང་ལུང་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

སྤོས་ཡས་ཀའམ་ཧུང་པ་རོང་ཤང་གི་སྲིད་འཛིན་སྡེ་པའི་མིང་།

ཇ་ཐང་རོང་གི་ཁེ་རྡོ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཤར་ཁ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལེབ་ཆེན་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཀླུ་ལྡིང་ལྕགས་ཟམ་རྫོང་གི་སྲིད་འཛིན་ས་མིང་།

ལིའང་ཧྲན་རང་སྐྱོང་ཁུལ་བོད་ཀྱི་སྲིད་འཛིན་ས་མིང་སྐོར།

སྐར་ལེགས་རྫོང་གི་སྲིད་འཛིན་ས་མིང་།

གཡུལ་གཤིས་བུར་ཀ་རྫོང་གི་སྲིད་འཛིན་ས་མིང་།

སྨད་གནས་རྫོང་གི་བོད་ཀྱི་སྲིད་འཛིན་ས་མིང་།

སྨད་གནས་སམ་སྒྲོ་ནོ་རྫོང་གི་སྲིད་འཛིན་ས་མིང་།

ཚྭ་ཐོག་རྫོང་གི་བོད་རིགས་ཁྱབ་སྟངས་ཀྱི་གནས་ཚུལ།

ཚྭ་ཐོག་རྫོང་གི་སྲིད་འཛིན་ས་མིང་།

མུ་ལི་རྫོང་གི་གནས་ཚུལ་རགས་བསྡུས།

མུ་ལིའི་ཡི་ཐོན་རྫས་དང་རྒྱུ་ནོར་གྱི་སྐོར།

མུ་ལེ་རྫོང་གི་མི་རིགས་ཞིབ་འཇུག་ཁང་གིས་བྲིས།

མུ་ལེ་རྫོང་གི་གྲོང་རྡལ་དང་ཡུལ་ཤོག་སྲིད་འཛིན་ས་མིང་།

གཡག་རྔ་ས་ཁུལ་གྱི་བོད་ཀྱི་སྲིད་འཛིན་ས་མིང་།

ཧར་ཉག་རྫོང་གི་སྲིད་འཛིན་ས་མིང་།

སྲིབ་སྨད་རྫོང་གི་སྲིད་འཛིན་ས་མིང་།

མཚོ་ཁུག་བོད་རིགས་ཡུལ་ཤོག་ནི།

གདོང་ལེན་བོད་རིགས་ཡུལ་ཤོག་ནི།

རབ་སྐྱིད་བོད་རིགས་ཡུལ་ཤོག་ནི།

ཝ་སྐྱོག་འབྱིས་རིགས་དང་བོད་རིགས་ཡུལ་ཤོག་ནི།

གཤིས་སྨད་དམ་ཧེ་ཨུར་ཝ་ཡུལ་ཤོག་གི་སྡེ་མིང་།

ཤུར་ལུང་ཡུལ་ཤོག་གི་སྡེ་མིང་ནི།

གདོང་ལེན་ཡུལ་ཤོག་གི་སྡེ་མིང་།

ཆེན་བདེ་ཆེན་རང་སྐྱོང་ཁུལ་གྱི་གནས་ཚུལ་མདོར་བསྡུས།

རྒྱལ་ཐང་གི་སེམས་ཀྱི་ཉི་ཟླ་རྫོང་གི་སྲིད་འཛིན་ས་མིང་།

བདེ་ཆེན་གྱི་འཇོལ་རྫོང་ཡུལ་ཤོག་གི་གྲོང་སོ་སོའི་མིང་།

འབའ་ལུང་རྫོང་གི་ཡུལ་ཤོག་གྲོང་གི་སྲིད་འཛིན་ས་མིང་།

མི་ཉག་ཕྱི་མའི་སྐོར་གྱི་ངོ་སྤྲོད།

ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་རང་སྐྱོང་རྫོང་གི་སྲིད་འཛིན་ས་མིང་།

གྲོང་རྡལ་དང་ཡུལ་ཤོག་སྡེ་པ་སོ་སོའི་ངོ་སྤྲོད།

མཚོ་སྔོན་ཞིང་ཆེན་གྱི་ཡ་རྫི་རྫོང་གི་རྡོ་སྦིས་ཀྱི་ལོ་རྒྱུས་སྤྱིར་བཤད་པ།

མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་ཁྲི་ཁའི་མི་ཉག་སྡེ་པ།

ཞར་བྱུང་སྔོན་ཆད་ཀྱི་ས་ཆའི་ལོ་རྒྱུས་མདོ་ཙམ་བཤད་པ།

ལེའུ་བཞི་པ། མི་ཉག་ལ་ཆོས་ལུགས་དར་ཚུལ།                                                                                                                                                  

དང་པོ།   བོད་རང་གི་གདོད་མའི་ཆོས་ལུགས་དར་ཚུལ།

གཉིས་པ། མི་ཉག་ལ་སངས་རྒྱས་ཆོས་ལུགས་དར་ཚུལ།

གསུམ་པ།   མི་ཉག་གི་མཁན་པོ་འགའི་མཚན་ཐོ།

བཞི་པ།  ཆོས་ལུགས་པ་རྣམས་ལ་རེ་ཞུ་བྱེད་རྒྱུ།

ལེའུ་ལྔ་པ།   སྲིད་འབྱོར་རིག་གསུམ་གྱི་སྐོར།

མི་ཉག་གི་ཆབ་སྲིད།

མི་ཉག་གི་དཔལ་འབྱོར།

མི་ཉག་གི་རིག་གནས།

ལེའུ་དྲུག་པ།  སློབ་གསོ་དང་འཕྲོད་བསྟེན་གྱི་སྐོར།

མི་ཉག་གི་སློབ་གསོ།

མི་ཉག་གི་འཕྲོད་བསྟེན།

ལེའུ་བདུན་པ།  ཚན་རིག་དང་ལག་རྩལ་གྱི་སྐོར།

མི་ཉག་གི་ཚན་རིག་བཤད་པ།

མི་ཉག་གི་ལག་རྩལ་བཤད་པ།

ལུག་ལྤགས་མཉེ་ལུགས་ཀྱི་ལག་ཤེས།

ཚ་རུ་མཉེ་ལུགས་ཀྱི་ལག་ཤེས།

ཟོག་གི་ཀོ་བ་མཉེ་ལུགས་ཀྱི་ལག་ཤེས

ཕྱིང་བ་འཇོག་པའི་ལག་ཤེས།

ཁལ་སྒ་གཞོག་ལུགས་ཀྱི་ལག་ཤེས།

རྟ་སྒ་གཞོག་ལུགས་ཀྱི་ལག་ཤེས།

སྦྲ་ནག་དྲུབ་ལུགས་ཀྱི་ལག་ཤེས། 

མི་ཉག་གི་མཁར་རྩིག་ལག་ཤེས།

མི་ཉག་གི་རྡོ་རྩིག་ལག་ཤེས།

མི་ཉག་རྟའུའི་སྡོད་ཁང་གི་ཁྱད་ཆོས།

མི་ཉག་གི་ཁང་པ་རྙིང་པའི་ངོ་སྤྲོད།

ཞལ་འདག་བཟོ་བའི་ལག་ཤེས།

ཐབ་ཀ་ཞལ་བ་བྱེད་ལུགས་ཀྱི་ལག་ཤེས།

ལྕགས་ཟམ་བཙུགས་རྒྱུའི་གྱི་ལག་ཤེས།

ལེའུ་བརྒྱད་པ།  འགྲིམ་འགྲུལ་དང་ཁྲིམས་ལུགས་ཀྱི་སྐོར།  འགྲིམ་འགྲུལ་དང་སྐྱེལ་འདྲེན།

སྤྱི་ཁྲིམས་ཀྱི་གནས་ཚུལ།

རྔོན་ཁྲིམས་ཀྱི་གནས་ཚུལ།

གྱོད་དང་ཁ་མཆུའི་གནས་ཚུལ།

ལེའུ་དགུ་པ། གནས་རི་གྲགས་ཅན་སྐོར།

ཤར་སྟོད་བཞག་བྲའི་ངོ་སྤྲོད།

འབོ་གངས་དཀར་གྱི་ངོ་སྤྲོད།

དར་མདོའི་གདན་ཐོག་རིའི་ངོ་སྤྲོད།

ཕག་མོ་རི་གནས་ཀྱི་ངོ་སྤྲོད། 

ཕོ་བྲང་ལྔ་བརྩེགས་གནས་ཀྱི་ངོ་སྤྲོད།

གནས་མཆོག་ཁ་བ་དཀར་པོའི་ངོ་སྤྲོད།

གཞན་ཡང་གནས་ཡིག་འབྲི་མ་ཐུབ་པའི་གནས་འགའ་ཞིག་གི་མིང་ཐོ།

ལེའུ་བཅུ་པ། གྱོན་གོས་དང་རྒྱན་ཆའི་སྐོར།

མི་ཉག་གི་གྱོན་ཆས་སྤྱི་བཤད་པ། 

ཞྭ་ལྷམ་གྱི་མིང་གི་དབྱེ་བ་བཤད་པ། 

མི་ཉག་གི་གྱོན་ཆས་བྱེ་བྲག་ཏུ་བཤད་པ།

མི་ཉག་གི་བུད་མེད་ཀྱི་རྒྱན་གོས།

མི་ཉག་གི་ལོ་སར་གཏོང་ལུགས།                                                              

མི་ཤི་སྐབས་འདས་མཆོད་བྱེད་ལུགས།

ཞར་བྱུང་འབུད་ཤིང་གི་རིགས་བཤད་པ།

ལེའུ་བཅུ་གཅིག་པ། ཟ་མའི་རིག་གནས་ཀྱི་སྐོར།

ཟ་མ་དང་འཐུང་རྒྱུའི་རིགས་བཤད་པ། 

ཟོ་ཤེ་རིག་གནས་ཀྱི་ངོ་སྤྲོད་མདོར་སྡུས།

སྐྱུར་ལོག་གི་རིག་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

ཕོ་ལོག་རིག་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

རྩམ་པ་རིག་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

མི་ཉག་འདྲ་པའི་ཕག་རྙིང་གི་ངོ་སྤྲོད།

ལེའུ་བཅུ་གཉིས་པ།  མི་ཉག་གཉེན་སྟོན་གྱི་སྐོར།

རོང་འབྲོག་གི་གཉེན་སྟོན་བྱེད་ཚུལ་སྐོར།

གཉེན་སྒྲིག་བྱེད་སྟངས།

མག་པ་བསུ་ཚུལ།

མནའ་མ་བསུ་ཚུལ།

འདྲ་པའི་ཨ་འགྲོགས་གཉེན་སྲོལ།

ལེའུ་བཅུ་གསུམ་པ། རྒྱལ་རབས་དང་དམག་དོན་གྱི་སྐོར།

 དང་པོ།   མི་ཉག་གི་རྒྱལ་རབས་རིམ་བྱོན་གྱི་མིང་གི་སྐོར།

ལྕགས་ལ་རྒྱལ་རབས་ངོ་སྤྲོད་མདོར་བསྡུས།

ལྕགས་ལ་རྒྱལ་པོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

མི་ཉག་གི་སྒོ་འཛུ་དཔོན་པོའི་ལོ་རྒྱུས་མདོར་བསྡུས།

མི་ཉག་གི་ཉ་ངོས་དཔོན་པོའི་ལོ་རྒྱུས་མདོར་བསྡུས།

མི་ཉག་གི་ཨ་ཐེ་དཔོན་པོའི་ལོ་རྒྱུས་མདོར་བསྡུས།

མི་ཉག་ཁའུ་དཔོན་པོའི་ལོ་རྒྱུས་མདོར་བསྡུས།

གཉིས་པ།   དམག་དོན་གྱི་སྐོར་བཤད་པ།                                                               

བྱམས་པ་མཁས་གྲུབ་ཀྱི་ངོ་སྤྲོད་མདོར་བསྡུས།

ལེའུ་བཅུ་བཞི་པ།   མི་ཉག་གི་གླུ་ཚིག་དང་བྲོ་ཚིག་གི་སྐོར།

མི་ཉག་གི་གླུ་བྲོའི་ཚིག་གི་དཔེར་བརྗོད།

མཛའ་གཞས་སམ་ཨ་ལོང་མོ་འདེབས།

ཨ་ལོང་མོ་འདེབས་བྱེད་ལུགས།

བྲོ་འགོ་འཇོག་སྟངས།

བྲོ་ཤགས་ཀྱི་ཚིག་གི་དཔེར་བརྗོད།

མི་ཉག་གི་ཡུལ་ཁམས་བཤད་པ།

ལེའུ་བཅོ་ལྔ་པ། མཛེས་མ་དང་གླུ་མའི་ངོ་སྤྲོད།

སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ངོ་སྤྲོད། 

མི་ཉག་གི་མཛངས་མ་སྒྲོན་མ་ཚེ་རིང་གི་ངོ་སྤྲོད།

ཚངས་དབྱངས་སྒྲོལ་མའི་ངོ་སྤྲོད།

ཀརྨ་བཅིངས་གྲོལ་སྒྲོལ་མའི་ངོ་སྤྲོད།

གཡུང་དྲུང་ལྷ་མོའི་ངོ་སྤྲོད་མདོར་བསྡུས།

སྨད་གནས་ཀྱི་གླུ་མ་ནམ་མཁའ་བུ་ཁྲིད་ཀྱི་ངོ་སྤྲོད། ་

ལེའུ་བཅུ་དྲུག་པ། རང་ཡུལ་དང་འབྲེལ་བའི་རྒྱལ་ཕྲན།

འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།

འབྲས་ལྗོངས་ཀྱི་ངོ་སྤྲོད་མདོར་བསྡུས།

འབྲས་ལྗོངས་ཀྱི་ལོ་རྒྱུས་ངོ་སྤྲོད།

མི་ཉག་ལས་ཆད་པའི་ཤར་པའི་ངོ་སྤྲོད།

མི་ཉག་འཇང་གི་སྐོར་བཤད་པ།

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མིང་།

 

ལེའུ་བཅུ་བདུན་པ། མཁས་གྲུབ་དམ་པ་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས།

གྱི་ལྗང་དབུ་དཀར་བའི་མཛད་རྣམ།

ཙ་མི་ལོ་ཙྰ་བ་སངས་རྒྱས་གྲགས་པའི་མཛད་རྣམ།

མི་ཉག་རྒྱལ་མཚན་དཔལ་བཟང་གི་མཛད་རྣམ།

བྱང་པ་རྣམ་རྒྱལ་གྲགས་བཟང་གི་མཛད་རྣམ།  

མི་ཉག་ལ་གནའ་བོད་ཀྱི་གོ་གནས་ཆེན་པོ་བྱོན་མྱོང་ཚུལ་སྐོར།

མི་ཉག་གི་མཛེས་མ་རུ་ཡོང་བཟའི་ངོ་སྤྲོད།

བོད་ཀྱི་བློན་ཆེན་སྟག་སྒྲ་ཀླུ་ཁོང་གི་མཛད་རྣམ།

བོད་ཀྱི་བློན་ཆེན་མགར་སྟོང་བཙན་གྱི་མཛད་རྣམ།

   བྱང་བདག་པོའི་མཛད་རྣམ་མདོར་བསྡུས།

རྒྱལ་བ་མཁས་གྲུབ་རྒྱ་མཚོའི་མཛད་རྣམ།

དགའ་ལྡན་ཁྲི་པ་རིམ་བྱོན་གྱི་སྐོར།

དགའ་ལྡན་ཁྲི་པ་རྡོ་རྗེ་བཟང་པོའི་མཛད་རྣམ།

དགའ་ལྡན་ཁྲི་པ་དགེ་འདུན་ཚུལ་ཁྲིམས་ཀྱི་མཛད་རྣམ།

དགའ་ལྡན་ཁྲི་པ་ཡེ་ཤེས་ཆོས་འཕེལ་གྱི་མཛད་རྣམ།

དགའ་ལྡན་ཁྲི་པ་ཡེ་ཤེས་དབང་ལྡན་གྱི་མཛད་རྣམ།

དགའ་ལྡན་ཁྲི་པ་ཀླུ་འབུམ་བཀྲ་ཤིས་སྟོང་འདུས་ཀྱི་མཛད་རྣམ།

མི་ཉག་གི་མཁས་པ་མི་ལྔའི་མཛད་རྣམ།

༡ མཁན་ཆེན་ར་ཏི་རྨ་སེ་སྟོན་པའི་མཛད་རྣམ།

༢ མཁན་ཆེན་དཀའ་བཞི་པ་རིག་པའི་སེང་གེའི་མཛད་རྣམ།

༣ མཁན་ཆེན་ནུ་མགོ་རྒྱལ་བ་རིན་ཆེན་གྱི་མཛད་རྣམ།

༤ མཁན་ཆེན་ཕྱུག་མོ་གཞོན་ནུ་སྟོན་པའི་མཛད་རྣམ།

༥ མཁན་ཆེན་བྱམས་གསར་བའི་མཛད་རྣམ།

འདས་ཟིན་པའི་བར་བྱོན་སྐྱེས་ཆེན་དམ་པའི་སྐོར།

མཁན་ཆེན་འཇམ་དབྱངས་གྲགས་པའི་མཛད་རྣམ།

མི་ཉག་སྐྱོར་དཔོན་བློ་བཟང་ཡོན་ཏན་གྱི་མཛད་རྣམ།

བོད་ཀྱི་སྨན་པ་མཁས་པ་མི་དགུའི་ཡ་གྱལ་རོང་རྗེའི་མཛད་རྣམ།

མི་ཉག་གི་གྲུབ་ཐོབ་རྣམ་གསུམ།

གོ་ཤུལ་བླ་མ་ཀུན་བཟང་བསོད་ནམས་ཀྱི་མཛད་རྣམ།

ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་མཛད་རྣམ།

རྗེ་སྐལ་བཟང་ཡོན་ཏན་གྱི་མཛད་རྣམ།

འདྲ་དགེ་བཤེས་ཚུལ་ཁྲིམས་རྣལ་རྒྱལ་གྱི་མཛད་རྣམ།

ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེའི་མཛད་རྣམ།

མཁན་སྤྲུལ་བློ་བཟང་སྐལ་ལྡན་གྱི་མཛད་རྣམ།

རྒྱལ་དབང་ཉི་མའི་མཛད་རྣམ།

རྩྭ་ར་མཁན་པོ་ཆོས་གྲགས་ཀྱི་མཛད་རྣམ།

རྗེ་ལམ་རིམ་བླ་མའི་མཛད་རྣམ།

སྐྱིད་ལེགས་ཆོས་ཀྱི་རྒྱ་མཚོའི་མཛད་རྣམ།

མི་ཉག་བུ་ཕྲུག་གི་མཛད་རྣམ།

མཁྱེན་རབ་འོད་གསལ་ཀྱི་མཛད་རྣམ།

མི་ཉག་མགོན་པོའི་མཛད་རྣམ།

རག་ཤུལ་བསོད་ནམས་དར་རྒྱས་ཀྱི་མཛད་རྣམ།

སྐུ་ནུབ་འོད་ཟེར་གྱི་མཛད་རྣམ།

དེང་བཞུགས་མཁས་པ་རྒན་གྲས་ཀྱི་ངོ་སྤྲོད།

དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་གྱི་མཛད་རྣམ།

བྲག་གཡབ་བློ་ལྡན་ཤེས་རབ་ཀྱི་མཛད་རྣམ།

མདོ་ཟླ་གསལ་དབང་མོའི་མཛད་རྣམ།

དཔའ་རིས་སངས་རྒྱས་ཀྱི་མཛད་རྣམ།

མི་ཉག་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་གྱི་མཛད་རྣམ།

གཟན་དཀར་སྤྲུལ་སྐུའི་མཛད་རྣམ།

དཀོན་མཆོག་བསྟན་འཛིན་གྱི་མཛད་རྣམ།

མདོ་སྡེ་མགོན་པོའི་མཛད་རྣམ།

འཇམ་དབྱངས་གྲགས་པའི་མཛད་རྣམ།

རིན་ཆེན་སྒྲོལ་མའི་ངོ་སྤྲོད།

རི་སྟེང་རྗེའི་ངོ་སྤྲོད་རགས་བསྡུས།

རིན་ཆེན་སངས་རྒྱས་ཀྱི་ངོ་སྤྲོད།

རྟ་མགྲིན་ནོར་བུའི་ངོ་སྤྲོད།

བླ་མ་ངག་དབང་ཚུལ་ཁྲིམས་ཀྱི་མཛད་རྣམ།

མཁས་པ་དགུང་ལོ་ཆུང་གྲས་ཀྱི་ངོ་སྤྲོད།

བློ་བཟང་རྒྱ་མཚོའི་ངོ་སྤྲོད།

དགེ་རྒན་ཆེན་མོ་ཨ་ཚོགས་ཆེ་བའི་ངོ་སྤྲོད།

ཨ་ཚོགས་ཆུང་བའི་ངོ་སྤྲོད།

མི་ཉག་གི་རྒྱས་མ་སྦོས་ཟིའི་ངོ་སྤྲོད།

ཚོགས་གཉིས་རབ་རྒྱས་ཀྱི་ངོ་སྤྲོད།

སྙན་ལམ་དགོན་པའི་མཁན་པོ་གུ་རུའི་ངོ་སྤྲོད།

མཁན་པོ་རྡོ་རྗེ་བཀྲ་ཤིས་ཀྱི་ངོ་སྤྲོད།

མི་ཉག་ཀུན་དགའ་རྒྱལ་མཚན་གྱི་ངོ་སྤྲོད།         

ཡེ་ཤེས་རབ་གསལ་གྱི་ངོ་སྤྲོད།

ལྕགས་སྐུང་ཡ་མ་ཚེ་རིང་གི་ངོ་སྤྲོད།

ཐུབ་བསྟན་ཆོས་དར་གྱི་ངོ་སྤྲོད།

སྨོན་ལམ་གྱི་ངོ་སྤྲོད་ངོ་སྤྲོད།

ཐུབ་བསྟན་དགེ་ལེགས་ཀྱི་ངོ་སྤྲོད།

རང་བྱུང་ངམ་བཞག་སྲས་ཀྱི་ངོ་སྤྲོད།

ཁམས་ཀྱི་རྒྱང་སྒྲོག་པ་འཆི་མེད་དབང་མོའི་ངོ་སྤྲོད།

མཁར་པ་ཆོས་དགའི་ངོ་སྤྲོད།

མི་ཉག་གི་ལོ་རྒྱུས་གཅར་འདྲི་དང་གནའ་ཤུལ་རྩ་ཆེན་སྐོར།

བོད་རིག་པར་ཆེད་མཁས་པར་བཅར་འདྲིའི་སྐོར།

མི་ཉག་ས་བདེ་ཡུལ་སྐད་ཀྱི་ངོ་སྤྲོད་མདོ་བསྡུས།

རྒྱུའི་དེབ་ཐེར་ལས་ལྡོང་བྱང་གི་རུས་དེ་བོད་ཀྱི་རུས་ཡིན་ཚུལ་སྐོར།

མགོ་ལོག་སྟོད་པའི་གུར་གུམ་སྟེང་གི་གནའ་རྫས་སྐོར།

གནའ་ཤུལ་གྱི་ལྷ་ཁང་དང་མཆོད་རྟེན་གྱི་ངོ་སྤྲོད།

ཧི་མ་ལའི་རི་རྒྱུད་ནས་སྔ་ཕྱིར་བྱུང་བའི་གནའ་སྤྲའི་འགྱུར་རྡོ།

མཇུག་རྩོམ་གྱི་སྐོར། 

དཔྱད་གཞིའི་ཡིག་ཆ།

མཇུག་གཏམ།

མི་ཉག་གི་དེབ་ཐེར་ལྗང་གུ།

མཆོད་པར་བརྗོད་པ།

མི་རྗེ་དམ་པ་སྲོང་བཙན་སྒམ་པོ་དང། །

བློན་གྱི་དྭངས་མ་མགར་བློན་རིག་འཕྲུལ་བཅས།  །  

སྲིད་ལ་སྨན་པའི་སྔོན་བྱོན་མཁས་པ་ལ།  །

རྟག་ཏུ་གུས་པའི་ངང་ནས་ཕྱག་བགྱིའོ།  །

མི་ལོ་དུ་མའི་རིང་ལ་དབང་བསྒྱུར་ཅིང་།   །  

ཉག་ཆུའི་རྒྱུན་ལས་རིང་བའི་ལོ་རྒྱུས་ལྡན།  །

མི་ཉག་རྒྱལ་རབས་དུ་མ་བྱོན་པ་ལ།  །

འབངས་རྣམས་དགའ་ཞིང་གུས་པས་ཕྱག་བགྱིའོ།  །

རྒྱལ་པོ་ཚད་ལྡན་བོད་ཀྱི་རྒྱལ་པོ་དང་།  །

བློན་པོ་ཚད་ལྡན་སྟག་སྒྲ་ཀླུ་ཁོང་བཅས།  །

མགོ་ཁྲིད་ཚད་ལྡན་མི་ཉག་ཡུལ་དཔོན་གྱིས། །

ནམ་ཡང་བྱམས་པས་བསྐྱངས་ཚུལ་ཡང་ཡང་དྲན།  །

ངོ་བོ་ངེས་བསྟན།

སྐྱེས་སྟོབས་ཤེས་རབ་གང་མང་མ་མཆིས་ཤིང་།  །

སྦྱངས་བརྩོན་ཤེས་ཡོན་ན་ཚོད་ཕྲ་མོ་དེས།  །

མི་ཉག་ལོ་རྒྱུས་འབྲི་བར་རློམ་པ་འདི།  །

རང་གཞན་སུས་ཀྱང་མཐོང་ན་ཁྲེལ་བའི་རྒྱུ།  །

འོན་ཀྱང་བྱུང་བརྗོད་རིག་པར་སྤྲོ་བ་དང་།  །

ལོ་རྒྱུས་རིག་པའི་སྐོམ་གྱིས་ཆེས་མནར་བའི།  །

ན་གཞོན་ཞིབ་འཇུག་བྱེད་མཁན་མཐུ་མེད་འགར།   །

སྐོམ་པ་སོད་ཆེད་བྲིས་ན་འགལ་བ་ཅི།    །

རང་ཉིད་བསྟོད་པར་འདོད་པའི་སྙན་གྲགས་གཅིག   །

རྩོམ་ཡོན་ཀུན་དགའ་བསམ་འགྲུབ་ཟ་རློམ་གཉིས། །

ལོ་རྒྱུས་ལྷ་སྒྲུང་བཤད་པའི་གོམས་གཤིས་གསུམ།  །

ཁོ་བོའི་ཞེ་ལ་ཅུང་ཟད་ཉུང་ངམ་སྙམ།   །

རྩོམ་པར་དམ་བཅའ་བ།

རྣམ་དཔྱོད་འབུ་ཆུང་གཤོག་པའི་འཕུར་རྩལ་གྱིས།  །

ལོ་རྒྱུས་ནམ་མཁའི་མཐའ་རྒྱ་མི་ཆོད་མོད།  །

འོན་ཀྱང་ཕ་རྗེས་བུ་འཛིན་དཔེ་ལྟར་དུ།  །

མི་ཉག་ཡུལ་གྱི་བྱུང་བ་མདོ་ཙམ་བྲིས།  །

 དེ་ཡང་མི་ཉག་ནི་ས་གཞི་རྒྱ་ཆེ་ལ་ཁོར་ཡུག་སྤུས་གཙང་བ།  རི་ཐམས་ཅད་མཐོ་ལ་བརྗིད་ཆགས་པའི་སྤང་རི་དང་། རྫ་རི།  གཡའ་རི། གངས་རི། བྲག་རི།  ནགས་རི་ཡིས་ཡུལ་ལུང་བརྒྱན་ས།  ཆུ་ཐམས་ཅད་དྭངས་ཤིང་བསིལ་བ།  མཚོ་དང་མཚེའུའི་ནང་དུ་གསེར་ཉ་འཁོར་ཞིང་།   གསེར་ཉ་མ་བུ་ལ་གསེར་གཤོག་རྒྱས་ས། རྩི་ཤིང་ནགས་ཚལ་གྱིས་རི་ཀླུང་གང་བར་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་ཅིང་གཅན་གཟན་དང་རི་དྭགས་ཀྱིས་རྩེ་གར་རོལ་ས།  དབྱར་རྩྭ་དགུན་འབུ་སོགས་རྩི་སྨན་སྣ་ཚོགས་ཀྱི་དྲི་བཟང་འཐུལ་ས། མི་རྒན་ཐམས་ཅད་ཆོས་ལ་དགའ་ཞིང་།  ལོ་ཆུང་རྣམས་ལ་བློ་རིག་བཀྲ་ས།  བླ་གྲྭ་ཇོ་གསུམ་གྲོང་ཆོག་ལ་དགའ་ས།  གཡང་དཀར་ལུག་དང་ཚེ་ཚེ་ར་ཡིས་འབའ་སྒྲ་འཐེན་ས། ཁྱུང་དཀར་མཛོ་ཡིས་ས་ཞིང་རྨོ་ས།  འབྲུ་རིགས་དུ་མའི་ལོ་ཐོག་རྒྱས་ས།  མར་ཕྱུར་བའི་དཀར་ཆུ་འཛོམས་ས།   ཞོ་འོ་མའི་རྒྱ་མཚོ་འཁྱིལ་ས།  རྟ་འདོ་བའི་འཕེལ་ཁ་རྒྱས་ས། འབྲི་མཛོ་མོས་ངུར་སྒྲ་སྒྲོག་ས། གླུ་བྲོ་གཏམ་བཤད་ཀྱིས་སྒྱུ་རྩལ་ངོམ་ས། བུ་མོ་མཛེས་མས་མེ་ཏོག་བཞད་ས།  སྟག་ཤར་བུ་ལ་དཔའ་རྩལ་འཛོམས་ས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ས།  མཁས་པ་བརྒྱ་ཡིས་བགྲོ་གླེང་བྱེད་ས། འཆད་རྩོད་རྩོམ་གསུམ་གྱི་ལོ་འདབ་རྒྱས་ས། བཅུ་ཕྲག་རིག་གནས་ཀྱི་འབྲས་བུ་སྨིན་ས།  མི་རིགས་མང་པོའི་བར་མཚམས་སུ་ཡོད་པས་རང་སྐད་ཉམས་རྒྱུའི་ཉེན་ཁ་ཆེ་ས།    བླུན་རྒན་རྣམས་ཀྱིས་རྐུ་རྫུན་ཁྲམ་གསུམ་གྱིས་མུན་པ་འཐིབས་ས། རྒྱག་རེས་འཛིང་རྩོད་ཀྱི་བྱ་རྒོད་ལྡིང་ས།  རོང་ཕྱོགས་ཀྱི་མི་ཕལ་ཆེ་བ་འཆམ་མཐུན་ལ་དགའ་ས།  ནས་དཀར་ནག་གི་རྩམ་སྒྲོ་འབེལ་ས། རོང་འབྲོག་གཉིས་ཁ་སྤྲད་ཡིན་པས་ཁ་གསོ་ས་སྟབས་བདེ་པོ་ཡིན་པས་འདི་དག་གི་ལོ་རྒྱུས་འཆད་པ་ལ་ནང་གསེས་ཀྱི་དོན་ཚན་མང་ཡང་དེ་དག་གི་དོན་ཐམས་ཅད་ཚུར་མདོར་བསྡུས་ནས་བཤད་ན་ལེའུ་ཆེན་པོ་བཅུ་བདུན་ཏེ།

ལེའུ་དང་པོ། མི་ཉག་གི་རུས་རྒྱུད་ཀྱི་སྐོར།

ལྡོང་པ་མི་ཉག་གི་རུས་རྒྱུད་སྤྱི་ཙམ་བཤད་པ།

  བོད་འདི་ལ་གནའ་སྔ་མོར་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་རུས་རྒྱུད་ལས་མཆེད་པའི་མི་ཉག་ནི་བོད་ཆོལ་ཁ་གསུམ་ཞེས་གྲགས་པའི་ནང་ཚན་མདོ་སྟོད་སྨད་གཉིས་ཀྱི་ཕྲེད་དུ་བརྐྱངས་ནས་ཆགས་ཡོད་ཅིང་། བྱང་དུ་སོག་པོ་དང་། ལྷོར་ཡུན་ནན། ཤར་རྒྱ་ནག་དང་འབྲེལ་ཡོད་ལ། མི་ཉག་དང་མི་ཉག་ཆེན་པོ་ཞེས་གྲགས་པ་ཡང་། མི་ཉག་གི་དངོས་གཞིའི་ས་གནས་མི་ཉག་གྷ་སོགས་ལ་མི་ཉག་ཕྱི་མ་ཟེར་བ་དང་། མདོ་སྟོད་ཀྱི་ཁམས་མི་ཉག་ནི་མི་ཉག་ཆེན་པོའམ་མི་ཉག་སྔ་མ་ཡིན་ཞིང་། འདིར་གྷ་ལ་བོད་ཀྱི་ཡིག་རྙིང་རྣམས་སུ་སྒ་དང་འགའ་སོགས་སྣ་ཚོགས་འབྲི་ཚུལ་བྱུང་ཡང་འདི་མི་ཉག་སྐད་ཡིན་པས་གྷ་བྱས་ན་ལེགས་ཞེས་ཕྱིས་ཀྱི་མཁས་པ་མི་ཉག་མགོན་པོས་གསུངས། སྤྱིར་མི་ཉག་གི་རྒྱལ་རབས་ལོ་ཉིས་སྟོང་ལྷག་གི་སྔོན་ནས་བྱུང་ཡོད་པས།  རྒྱལ་རབས་བཅུ་ཕྲག་དུ་མར་སོང་ཡོད་ཀྱང་། དཔྱད་གཞིའི་ཡིག་ཆ་ཚད་ལྡན་མ་རྙེད་མོད། འོན་ཀྱང་གཏམ་རྒྱུད་མང་པོ་བཤད་ཡོད་པ་ལ་ཡིད་རྟོན་དང་འོལ་ཚོད་ཀྱིས་ལག་སོར་གང་མོས་འགུལ་མ་སྤོབས། རབ་བྱུང་དང་པོའི་ལོ་དྲུག་པ་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ༡༠༣༢ལོར་རྒྱ་ནག་གོང་མ་སུང་གི་རྒྱལ་རབས་བཞི་པའི་ལག་ནས་གོང་མའི་དབང་ཆ་བླངས་ནས་མི་ཉག་སི་ཧུ་རྒྱལ་པོས་རྒྱ་ནག་གོང་མའི་རྒྱལ་ས་བཟུང་། དེ་ཡང་སི་ཧུ་ཞེས་པ་ནི་མི་ཉག་རང་ཉིད་ཀྱི་སྐད་དེ། སི་ནི་ཉིན་མོའི་དོན་དང། ཧུ་ནི་མཚན་མོའི་དོན་ཡིན་པས། ཉིན་མཚན་དུས་ཀུན་གྱི་རྒྱལ་པོ་ཞེས་རྒྱ་ནག་པས་གོང་མར་ཁྲི་ལོ་ཟེར་བ་ལྟར། རྒྱལ་པོར་སྨོན་ཚིག་གིས་བསྟོད་པ་ཞིག་ཡིན། སྐབས་དེར་བྱང་ཤར་གྱི་རྒྱ་དང་སོག་པོ་སོགས་ལ་དབང་བསྒྱུར། མདོ་སྟོད་ཀྱི་ལྗོངས་སོགས་ཀྱང་ཕལ་ཆེ་བ་དབང་དུ་བསྡུས། རྒྱ་ནག་གོང་མའི་རྒྱལ་ས་འཕྲོག་ནས་རྒྱའི་རྒྱལ་སའི་ཁྲི་ཐོག་ཏུ་མི་ཉག་རྒྱལ་པོ་ལོ་བརྒྱ་དང་དགུ་བཅུ་གོ་ལྔར་བཞུགས། མི་ཉག་རྒྱལ་རྒོད་རྒྱལ་རབས་ཉེར་གཅིག་པ་རྡོ་རྗེ་དཔལ་ཏེ་སོག་སྐད་དུ་ཤྲི་ཏུར་གོ་ཐུལ་ཀིན་ཧན་ཀན་རྒྱལ་སར་བཞུགས་སྐབས། སོག་པོས་ཏ་རྒྱལ་པོ་ཆིང་གེ་སེང་གིས་བཙན་འཛུལ་བྱས། དཔའ་ངར་ལྡན་པས་འགོག་རྒོལ་བྱས་མཐར་རབ་བྱུང་བཞི་པའི་མེ་ཕག་ལོ་སྟེ་སྤྱི་ལོ༡༢༢༧ལོར་སོག་དམག་བཙན་འཛུལ་དམག་གི་མཚོན་འོག་ཏུ་བསད། རྒྱལ་པོ་རྡོ་རྗེ་དཔལ་གྱི་བཙུན་མོ་ན་ཚོད་གཞོན་ལ་གཟུགས་བྱད་མཛེས་པ་སོག་སྐད་དུ་གུར་པུལ་ཅེན་གྭོ་ཞེས་པ་དེ་ཆིང་གེ་སེང་གེས་བཙན་པོས་བཤོས། བཙུན་མོས་འཁོན་ལན་སློག་ཕྱིར་སྲོག་དང་བསྡོས་ནས་དགྲ་བོའི་རླིག་འབྲས་གཉིས་བཙིར་ནས། ལོ་དེའི་ཟླ་བདུན་པའི་ཚེས་གཉིས་ལ་ཆིང་གེ་སེང་བསད་ནས། མོ་རང་ཉིད་ཀྱང་ནག་ཆུར་ལྕེབས་ནས་རང་སྲོག་བཅད། དེ་ནས་བཟུང་མི་ཉག་གྷ་ཡི་རྒྱལ་རབས་མཇུག་རྫོགས་པ་ཡིན་ནོ།   །

སྔོན་མི་ཉག་རྒྱལ་རྒོད་རྒྱལ་རབས་དྲུག་པའི་དུས་སུ། རྒྱལ་པོའི་དབོན་ཞིག་རང་གི་འབངས་དང་བཅས་གཙང་མངའ་རིས་སྟག་སྡེ་སེང་གེའི་ལུང་དུ་སོང་ནས་གནས་གཞིར་བཟུང་།  མི་ཉག་དཔོན་ལྷ་བཙན་ལེགས་པ་སོགས་རྒྱལ་རབས་འགའི་བར་བསྡད། རྗེས་སུ་མར་ཡོང་ནས་ས་སྐྱ་གྲགས་པ་རྒྱལ་མཚན་གྱི་ཡོན་བདག་བྱས་ཏེ་རིམ་གྱིས་ས་སྐྱའི་ཡོན་བདག་གཙོ་བོ་གཡོན་རུ་བྱང་པ་རྒྱལ་པོར་གྱུར་པ་སོགས་བྱང་པའི་གདུང་རབས་དང་། བྱང་པ་རྣམ་རྒྱལ་གྲགས་བཟང་གི་རྣམ་ཐར་སོགས་ན་ཤིན་ཏུ་གསལ་ཡང་ཡི་གེ་མང་བས་འདིར་མ་བཀོད་ཅེས་མི་ཉག་མགོན་པོས་གསུངས། གོང་ཡོད་ཀྱི་མི་ཉག་རྒྱལ་རྒོད་ཅེས་པ་དེ་མི་ཉག་གི་རྒྱལ་རབས་སྤྱིའི་མིང་ཡིན་པ་ལས་རྒྱལ་རབས་ཐ་མ་ཁོ་ནའི་མཚན་མིན་པར་མངོན་ཞེས་མི་ཉག་གི་སྔོན་གྱི་མཁས་པ་ཚོས་ཀྱང་གསུངས་ཡོད་ཅིང་།  མི་ཉག་ཏྰུང་ཀུས་རྒྱལ་པོ་ཞེས་པ་དེ་མི་ཉག་སྐད་ཡིན་ཏེ། བོད་སྤྱི་སྐད་ཀྱི་སྟོང་སྐུད་དམ་དར་སྐུད་ཅེས་པའི་ཟུར་ཆག་ནས་ད་ལྟའི་བར་དུ་མི་ཉག་སྐད་དུ་དར་སྐུད་ལ་ཏཱུང་ཀུས་ཞེས་འབོད། དར་སྐུད་དང་གོས་ཆེན་གྱི་འབྱུང་ཁུངས་ནི་རྒྱ་ནག་ཡིན་སྟབས་རྒྱའི་གོང་མར་གྱུར་པ་ལ་ཏཱུང་ཀུས་རྒྱལ་པོར་འབོད་པ་དོན་དང་ལྡན་པའི་མིང་ཡིན་ལ། ཏོང་ཁུན་ནི་ཏཱུང་ཀུས་ཀྱི་ཟུར་ཆག་གི་མིང་ཡིན་ནམ་སྙམ། མི་ཉག་ཙ་མི་རྒྱལ་པོ་ཞེས་པའང་མི་ཉག་གི་སྐད་ཡིན་ཏེ།  ཙའི་དོན་ནི་ས་དང་། མི་ནི་གནམ་གྱི་དོན་ཡིན་པས།  དེ་གཉིས་ཀྱི་དོན་ནི་གནམ་སའི་བདག་པོའམ་སའི་རྒྱལ་པོ་ཞེས་པའི་དོནཡིན། དེའི་དོན་ལ་བོད་ཡིག་གི་འབྲུ་འགྲེལ་སྣ་ཚོགས་བརྒྱབ་པ་དང་།  སྐད་བརྡ་ཙམ་ལ་བརྟེན་ནས་མི་རིགས་གཞན་པའི་སྐད་དོན་ཐོག་ནས་འགྲེལ་བཤད་བྱེད་པ་ནི་དོན་དངོས་དང་འབྲེལ་བ་མེད་པས་ངལ་བ་དོན་མེད་དུ་ཟད་དོ་ཞེས་མི་ཉག་མགོན་པོས་གསུངས་སོ།  །

མི་ཉག་གི་རིགས་རུས་ཁུངས་གཏུགས་ས།

 དེ་ཡང་མཁས་དབང་ནམ་མཁའི་ནོར་བུས། རུས་ཚན་མི་འདྲ་བ་ཅི་དང་ཅི་ལྟ་བུ་ཞིག་བྱས་ཡོད་ཀྱང་རུང་དོན་དུ་སྦྲའམ་ཁྱུང་གི་རུས་ཚན་ལས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མི་རྒྱུད་དེ་རྣམས་མཆེད་པ་དང་། སེང་ངམ་སྒའི་རུས་ཚན་ལས་འ་ཞའི་མི་རྒྱུད་དེ་རྣམས་མཆེད་པ་ཨ་སྤོ་ལྡོང་གི་རུས་ཚན་ལས་མི་ཉག་གི་མི་རྒྱུད་དེ་རྣམས་མཆེད་པ། སྟོང་གི་རུས་ཚན་ལས་སུམ་པའི་མི་རྒྱུད་དེ་རྣམས་མཆེད་ཡོད་པའི་བཤད་ཚུལ་འདི་ནི་ལོ་རྒྱུས་ཡོངས་གྲགས་སུ་གྱུར་འདུག་དེ་ལྟར་ནའང་བཤད་ཚུལ་དེ་ནི་སྦྲའི་རུས་ཚན་ལས་ཞང་ཞུང་དང་སྒ་ལས་འ་ཞ། ལྡོང་ལས་མི་ཉག་དང་སྟོང་ལས་སུམ་པའི་མི་རྒྱུད་རྣམས་ཇི་ལྟར་མཆེད་ཚུལ་གྱི་བཤད་པ་ཞིག་ཡིན་པ་ལས། བོད་རིགས་ཡོངས་རྫོགས་ཞང་ཞུང་དང་འ་ཞ། མི་ཉག་སུམ་པ་བཞིའི་ཁོངས་སུ་གཏོགས་དགོས་པའི་གོ་དོན་ཞིག་ཀྱང་མིན་ལ། ཡང་ན་དེ་ལས་གོ་ལྡོག་སྟེ་ཞང་ཞུང་དང་འ་ཞ། མི་ཉག་སུམ་པ་བཞིའི་རིགས་རྒྱུད་དེ་རྣམས་བོད་རིགས་ལས་གཞན་པའི་མི་རིགས་འགའ་ཞིག་ཡིན་པའི་དོན་ཡང་རྩ་བ་ནས་མིན་ཞེས་གསུངས་པ་དང་། ལ་དྭགས་རྒྱལ་རབས་ལས། ནང་གི་མིའུ་རིགས་བཞི་ནི།  སྨྲ་ཞང་ཞུང་། ཏོང་གསུམ་པ། ལྡོང་མེ་ཉག་འ་ཞ་དང་བཞིའོ། །ཞེས་འདིའི་ཁུངས་གཏུགས་ས་ནི་     རྒྱ་བོད་ཡིག་ཚང་ཆེན་མོའི་ནང་དུའང་ཕོ་བོ་ལྡོང་ལ་མཆེད་དྲུག་ཡོད། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། བར་ན་རོ་འཛེར་རག་ཤི་གཉིས། སྨད་ན་མི་ཉག་གྱི་ཐན་གཉིས། ཞེས་གསུངས་པ་དང་། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རི་གའི་ལྡེ་མིག་ཏུ་ཕོ་བོ་ལྡོང་གིས་བཟུང་བའི་ཡུལ་ནི་མི་ཉག་གི་ཡུལ་ཏེ། ཁམས་ཀྱི་ཤར་ལྷོ་གཉིས་སུ་གནས་པའི་ཡུལ་གྲུ་འདི་དག་ལ་ཟེར། ཞེས་གསུངས་ཤིང་། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་ལས་ཕོ་བོ་ལྡོང་གི་རྒྱུད་ལས་མི་ཉག་དང་གྱི་ཐན་སོགས་བྱུང་། ཞེས་བཀོད་ཡོད་ལ། ད་དུང་། རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་དང་ཤར་ཡུལ་ཕུན་ཚོགས་ཚེ་རིང་གི་ཆོས་འབྱུང་མཁས་པའི་དགོངས་རྒྱན་མི་ཉག་མཁས་དབང་འཇུ་བོ་མགོན་པོའི་འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་སོགས་མཁས་མང་སྐར་ཚོགས་ཀྱི་གྲངས་ལ་འགྲན་པའི་བཞེད་པ་གཅིག་མཐུན་གྱིས་མི་ཉག་ནི་བོད་ཀྱི་རིགས་རྒྱུད་དྲི་མ་མེད་པ་ཡིན་ལ། རུས་ནི་ལྡོང་ཡིན་པར་ཐག་གིས་བཅད་ཅིང་། ཐི་གུས་མདུད་ཡོད་དོ། ། དེ་ཡང་བྲག་སྲིན་དང་སྤྲེའུ་གཉིས་འདུས་པ་ལས་བོད་མིའི་འགྲོ་བ་བྱུང་བའི་རྗེས་སུ་དུས་ཡུན་རིང་པོ་ཞིག་ལ་བོད་མི་རྣམས་བསྐལ་པ་ཡ་ཐོག་གི་འཚོ་བ་རོལ་བ་ཡིན་ལ། རྗེས་སུ་མི་རྣམས་བློ་རིག་ཡར་ཐོན་བྱུང་ནས་རང་གི་ས་ཆ་དང་ཡུལ་གྲུ་བདག་བཟུང་བྱས་པ་དང་། ཐོན་རྫས་ཀྱི་ལྷག་མ་གསོག་འཇོག་བྱེད་སྲོལ་བྱུང་བའི་རྐྱེན་གྱིས་མི་རྣམས་ཕན་ཚུན་ནང་མི་མཐུན་པར་གྱུར་ཅིང་། ས་ཆ་སོ་སོར་གྱེས་ཏེ་སྡེ་པ་རྣམས་ཆགས་པའི་ཐོག་མར་སྒ་དང་། འབྲུ། སྦྲ། ལྡོང་བཞི་བྱུང་བ་ལ་བོད་ཀྱི་རུས་ཆེན་བཞི་ཞེས་བརྗོད། དེ་ནས་རིམ་བཞིན་རུས་ཆེན་སྡེ་ལྔ་དང་། བོད་མིའུ་གདུང་དྲུག་ལྡོང་གི་རུས་ཆེན་བཅོ་བརྒྱད་ལ་སོགས་པའི་དབྱེ་བ་དེ་དག་གྱེས་ཡོད་པ་ཡིན། དེ་ཡང་སྒ་འབྲུ་སྦྲ་ལྡོང་བཞི་པོ་དེ་རྣམས་ཀྱིས་ཡུལ་གང་བཟུང་ཡོད་ཅེ་ན། རུས་མཛོད་པད་དཀར་སྐྱེད་ཚལ་ལས། གནའ་བོའི་བོད་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་པ་ནས་འབྲུ་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ། བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་མཆེད་པ་ལྟར་འདུག་པ། ཞེས་སོགས་གསུངས་ཡོད་པ་འདིའི་ཐོག་མའི་རུས་ཆེན་བཞི་པོ་དེ་དག་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་ལ་དེང་དུས་ཀྱི་ཡུལ་གང་དང་གང་ལ་ཆགས་ཡོད་པར་ཤེས་ཐུབ་པའི་དོན་རྣམས་གཤམ་གསལ།   ལྡོང་གི་རིགས་རྒྱུད་དེ་དག་གིས་བཟུང་བའི་ཡུལ་ནི་མི་ཉག་གི་ཡུལ་སྟེ།   སྐབས་དེར་ཁམས་སྨད་ཕྱོགས་ཀྱི་ས་ཆ་འདི་དག་ལ་ཟེར་བཞིན་ཡོད་འདུག       འབྲུ་ཡི་རིགས་རྒྱུད་དེ་དག་གིས་བཟུང་བའི་ཡུལ་ནི་སུམ་པའི་ཡུལ་ཏེ། སྐབས་དེར་ཁམས་སྟོད་ཕྱོགས་ཀྱི་ས་ཆ་འདི་དག་དང་། དབུས་ལྷ་སའི་བྱང་ཕྱོགས་ཀྱི་ས་ཆ་འདི་དག་ལ་ཟེར།    སྦྲ་ཡི་རིགས་དེ་དག་གིས་བཟུང་བའི་ཡུལ་ནི་ཞང་ཞུང་གི་ཡུལ་ཏེ། སྐབས་དེར་མངའ་རིས་དང་། ལ་དྭགས། གཙང་གི་ས་ཕྱོགས་འདི་དག་ལ་ཟེར།

སྒ་ཡི་རིགས་དེ་དག་གིས་བཟུང་བའི་ཡུལ་ནི་འ་ཞའི་ཡུལ་ཏེ། སྐབས་དེར་ཨ་མདོའི་སྨད་ཕྱོགས་ཀྱི་ས་ཆ་འདི་དག་ལ་བརྗོད་བཞིན་ཡོད་དོ།   །ཕུ་བོ་ལྡོང་གི་ཡུལ་ནི། རུས་མཛོད་པད་དཀར་སྐྱེད་ཚལ་ལས། མི་ཉག་ཡུལ་ཏེ་ཁམས་ཀྱི་ཤར་ལྷོ་གཉིས་ཀྱི་ཕྱོགས་སུ་གནས་པའི་ཡུལ་གྲུ་འདི་དག་ལ་ཟེར། དེ་ལའང་ནང་གསེས་ཀྱིས་དབྱེ་ན་དཀར་པོ་ལྡོང་དང་། ནག་པོ་ལྡོང་། ཁྲ་བོའི་ལྡོང་། སྨུག་པོ་ལྡོང་སོགས་ཀྱི་རྣམ་གྲངས་མང་ཙང་ཙམ་ཡོད་པར་བཤད་དོ།   །རྒྱ་བོད་ཡིག་ཚང་ཆེན་མོ་ལས། ད་ཕོ་བོ་་ལྡོང་ལ་མཆེད་དྲུག་ཡོད། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། བར་ན་རོ་འཛེག་རག་ཤུལ་གཉིས། སྨད་ན་མི་ཉག་གྱི་ཐན་གཉིས། ཆེ་དྲུག་མཚན་ན་བཙུན་དྲུག་སྟེ། བེ་རི་ལ་མདོ་དང་གླིང་པ་གཉིས། རོ་འཛེག་ལ་ཕུ་བ་དང་མདའ་པ་གཉིས། གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། ཞེས་པར། མཆེད་དྲུག་གི་ཁྱབ་ཡུལ་ནི། སྤ་ཚབ། འབྲིང་ཡས། རོ་འཛེག རག་ཤུལ། མི་ཉག་གྱི་ཐན་བཅས་ཀྱི་ཡུལ་རྣམས་ཡིན། བཙུན་དྲུག་གི་ཁྱབ་པའི་ཡུལ་ནི། བེ་རི་མདོ་པ་དང་གླིང་བ་གཉིས། རོ་འཛེག་ཕུ་པ་དང་མདའ་པ་གཉིས། གྱི་ཐན་རྒྱས་པ་དང་བསྡུས་པ་གཉིས་བཅས་ཀྱི་ཡུལ་རྣམས་ཡིན་ལ། གོང་ཞུས་ལྟར་མི་ཉག་གི་རུས་རྒྱུད་ཀྱི་འོང་ཁུངས་ནི་བོད་རིགས་འཁྲུལ་མེད་ཡིན་ནོ།། 


  • ལེ་ཚན་སྔོན་མ།:ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང་མི་ཉག་བར་གྱི་འབྲེལ་བ།
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༢༽