བོད་ཀྱི་སྲོལ་རྒྱུན་ཁག་གཉིས་ཀྱི་མཚམས་སྦྱོར་མདོར་བསྡུས།

        2012-10-08

༡.བོད་ཀྱིས་གཞན་གྱི་ཞྭ་མོ་བཙོག་པར་འཛིན་པའི་རྒྱུ་མཚན།
ཀུན་གྱིས་ཤེས་གསལ་ལྟར་བོད་མི་ཞིག་ཡིན་ནས་བཟུང་གལ་སྲིད་ལམ་ཁ་སོགས་ནས་གཞན་གྱི་ཞྭ་མོ་ཞིག་རྙེད་ན་དེ་ནི་དམུ་གབ་སོགས་ལྟས་ངན་དུ་བརྩིས་ནས་ཞྭ་མོ་དེ་ཡར་ལེན་སྲོལ་མེད་པ་དང་།མདོར་ན་བོད་མི་ཞིག་ཡིན་ནས་བཟུང་ཕལ་ཆེ་བས་རང་ལས་གཞན་པའི་ཞྭ་མོ་དེ་མགོར་གྱོན་པ་ཕར་ཞོག་ལག་ཏུ་ལེན་པར་ཡང་བཙོག་བལྟ་བ་རེད།དེའི་རྒྱུ་མཚན་ནི་རླན་དང་ལྡན་པའི་དངོས་པོ་ཞིག་དྲོད་ངེས་ཅན་དང་འཕྲད་ཚེ་དེ་ལས་རླངས་པ་འཕྱུར་ཞིང་།རླངས་པ་དང་ལྷན་དུ་དངོས་པོ་དེའི་གྲུབ་ཆ་རྣམས་གཞན་ནས་གཞན་དུ་མཆེད་ཅིང་འགོས་འགྲོ་བ་ནི་དངོས་པོ་ཀུན་ལ་ལྡན་པའི་ཆོས་ཉིད་ཡིན་པས།འདིར་ཡང་མིའི་ལུས་ཁམས་ཀྱི་ནང་ཁྲོལ་དག་དྲོད་དང་འཕྲད་པའི་རླངས་པ་དག་མགོ་བོའི་སྤྱི་གཙུག་ནས་ཕྱིར་དོན་བཞིན་ཡོད་ལ།དེ་ཉིད་ཞྭ་མོར་ཐུམ་ཞིང་ཆགས་ནས་ཡོད་པས་བཙོག་པ་ཡིན་པ་དང་།མ་ཟད་མི་དེའི་ལུས་ལ་འགོས་ནད་ཀྱི་ཆ་གང་ཞིག་ཡོད་ཀྱང་དེ་ཉིད་རླངས་པ་དང་འགྲོགས་ནས་ཞྭ་མོར་ཆགས་ཤིང་གནས་པས་རང་ལ་འགོས་ནད་འབྱུང་བ་སོགས་ཀྱིས་གཞན་གྱི་ཞྭ་མོ་དེར་བཙོག་པར་བལྟ་བའོ།།  རྒྱུ་མཚན་དེ་ཤེས་པའི་མཁས་དབང་དག་གིས་མི་རྣམས་ལ་འདི་ནི་མི་གཙང་བའོ།འདི་ནས་ནི་ནད་འབྱུང་ངོ་སོགས་ཙམ་ཞིག་བཤད་ན་མི་རྣམས་ཀྱིས་དེ་ཙམ་དང་ལེན་མི་བྱ་བས།ཐབས་ལ་མཁས་པ་དེ་དག་གིས་འདི་ནི་འདྲེ་བདུད་ཀྱི་དམུ་གབ་པོ།འདི་ཁྱིམ་དུ་བླངས་ན་ཁྱིམ་ལ་ལྷ་འཁྲུག་དང་ལུས་ལ་གྱོན་ན་ཕྲག་ལྷ་མནོལ་བར་འགྱུར་རོ་སོགས་གསུངས་པས་བོད་མི་དག་གི་རྒྱུད་ལ་ཞྭ་མོ་ནི་བཙོ་པ་ཞིག་ཡིན་པ་ཙམ་དུ་མ་ཟད་ད་དུང་གདོན་འདྲེ་འགུག་བྱེད་ཀྱི་ལྕག་ཀྱུ་འཇིགས་སུ་རུང་བ་ཞིག་ཀྱང་ཡིན་ནོ་སྙམ་པའི་བསམ་བློ་དེ་ཆགས་ཡོད་ཅིང་།དུས་དེ་བཟུང་ད་ལྟའི་བར་དུ་བསམ་བློ་དེ་རྒྱུན་ཆགས་སུ་གནས་པའོ།། ༢.བོད་ཀྱི་སྲོལ་རྒྱུན་ལས་ཁྱིམ་དུ་ནད་པ་ཡོད་ཚེ་སྒོ་ཁར་མེ་ཕུང་འཇོག་པའི་རྒྱུ་མཚན།
བོད་ཕལ་མོ་ཆེའི་ཡུལ་དུ་ཁྱིམ་ན་ནད་པ་ཅུང་ཐུ་དྲག་ཅན་ཡོད་ཚེ་སྒོ་ཁར་མེ་ཕུང་ཞིག་འཇོག་པའི་སྲོལ་ཡོད་པ་རེད།གལ་སྲིད་ཁྱིམ་ཚང་ཞིག་གི་སྒོ་ཁར་རྒྱུ་མཚན་གཞན་མེད་པར་མེ་ཕུང་ཞིག་བཞག་ཡོད་ན་ཁྱིམ་ཚང་དེར་ནད་པ་ཅུང་ཐུ་དྲག་ཅན་ཞིག་ཡོད་པར་ཤེས་ནས།འགྲུལ་པ་དག་ཁྱིམ་ཚང་དེར་འགྲོ་དགོས་ཚེ་ཐོག་མར་སྒོའི་མེ་ཕུང་དེའི་མེ་དུད་ཁར་བུད་ནས་རང་ཉིད་དུད་བདུགས་ལེགས་པོར་མ་བྱས་པར་ནད་པའི་འགྲམ་དུ་བཅར་མི་ཆོག་པ་རེད།དེ་ལྟར་མ་བྱས་པར་འགྲུལ་པ་དེ་ནད་པའི་གམ་དུ་བཅར་བ་ཡིན་ན་ནད་པར་གདོན་སྣ་ཕོག་ནས་ནད་ཚབ་ཇེ་ཆེར་རེད་འགྲོ་བ་རེད།དེ་ཡང་ཅུང་ཞིབ་པར་དཔྱད་ན་འདི་ལྟ་སྟེ།སྐབས་འདིར་ནད་པར་འདོན་སྣ་ཕོག་ཞེས་པའི་གདོན་དེ་ནི་དེང་དུས་སུ་ནུབ་ལུགས་གསོ་རིག་པས་ནད་དུག་རང་བཞིན་ཅན་གྱི་འབུ་ཕྲ་ཞེས་པ་དེ་ཡིན།དེ་ཇི་ལྟར་ཡིན་ཞེས་ན་ནུབ་ལུགས་གསོ་རིག་པས་ནད་དུག་རང་བཞིན་ཅན་གྱི་འབུ་ཕྲ་དེ་ནི་གཟུགས་ཤིན་ཏུ་ཕྲ་བས་མིག་གིས་མཐོང་དཀའ་བ་དང་།དྲི་རླངས་དང་མཁའ་དབུགས་དག་བརྒྱུད་ནས་འགོས་ནད་སོགས་ནད་རིགས་དུ་མའི་རྒྱུ་རྐྱེན་བྱེད་པར་བཤད།དེ་ལྟར་ནུབ་ལུགས་གསོ་རིག་པ་འགས་འདི་ནི་ནུབ་ལུགས་གསོ་རིག་ཁོ་ནས་གསར་དུ་ཤེས་རྟོགས་བྱུང་བ་དང་།ནུབ་ལུགས་གསོ་རིག་གི་ཐུན་མིན་གྱི་ཁྱད་ཆོས་ཉག་གཅིག་ཏུ་རློམ་ནའང་དེ་ནི་གཞན་གྱི་གསོ་རིག་ལ་མཐོང་གོམས་དང་ཆ་རྒྱུས་མེད་པའི་སྐྱོན་གྱིས་ནོངས་པ་སྟེ།བོད་ཀྱི་གསོ་རིག་རྒྱུད་བཞི་ལས།དུས་གདོན་གཉིས་ཀྱིས་མ་བསྐྱེད་རིམས་ནད་མེད།ཅེས་རིམས་ནད་ཀྱི་རྒྱུ་གདོན་དུ་བསྟན་པ་དང་།ཡང་དེ་ཉིད་ལས།རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ།བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག།
ཅེས་རླུང་གཤོག་ལྡན་པ་ཞེས་མཁའ་རླུང་གི་ཁྲོད་ནས་མཁའ་རླུང་ལ་བསྟེན་ཏེ་ཕྱོགས་ཀུན་ཏུ་རྒྱུ་བར་བསྟན་པ་དང་།བར་སྣང་ཁམས་ནས་ལུས་ཀྱི་བ་སྤུའི་ཁུང་བུ་དང་སྣ་སྒོ་སོགས་ཕྲ་རག་གི་བུ་ག་དག་བརྒྱུད་དེ་ལུས་ལ་འཇུག་པས་གསུངས་ཡོད་པ་ལྟར་ཤིན་ཏུ་ཕྲ་བའི་བ་སྤུའི་ཁུང་བུར་ཀྱང་ཤོང་ན་སྲོག་ཆགས་དེའི་ལུས་ཤིན་ཏུ་ཕྲ་ཞིང་མིག་གིས་མཐོང་དཀའ་བ་ཞིག་ཡིན་པ་ནི་སུས་ཀྱང་ཤེས་ནུས་སོ།།དེ་འདྲའི་ནད་དུག་རང་བཞིན་ཅན་གྱི་འབུ་ཕྲ་དེ་ནི་རྣམ་པར་ཤེས་པ་ཚེ་སྲོག་དང་བཅས་ལྡན་པ་དང་།ཕལ་བའི་མིག་གིས་མཐོང་བར་དཀའ་བ།ལུས་ཅན་དག་ལ་གནོད་ཅིང་འཚེ་བའི་བྱ་བ་འབའ་ཞིག་བྱེད་པ་སོགས་ཀྱིས་གདོན་དུ་བཏགས་ཤིང་གདོན་གྱི་ཁོངས་སུ་བསྡུས་པ་ཙམ་ལས་དོན་དུ་དེང་རབས་གསོ་རིག་པས་ནད་དུག་རང་བཞིན་ཅན་གྱི་འབུ་ཕྲ་ཞེས་པ་དེ་ཡིན།དེས་ན་མེ་དང་དུ་བ་ལ་འབུ་ཕྲ་གསོད་པའི་དུག་སེལ་གྱི་ནུས་པ་དང་ལྡན་ཞིང་།གལ་སྲིད་དུག་སེལ་མ་བྱས་ན་ནད་པ་དེའི་ཟུངས་སྟོབ་ས་སོགས་ཞན་ཕྱིར་ནད་འགོག་གི་ནུས་པ་ཆུང་བས།འགྲུལ་བའི་ལུས་ཁམས་སུ་ནད་དུག་རང་བཞིན་ཅན་གྱི་འབུ་ཕྲ་ཡོད་ན་དེ་ཉིད་འཕྲལ་དུ་ནད་པར་ཞུགས་ནས་སྔར་ཡོད་ཀྱི་ནད་ཚབ་ཆེར་འགྱུར་བའམ་ཡང་ན་སྔར་མེད་པའི་ནད་གཞན་འཇུག་པར་འགྱུར་བས་དེ་དུག་སེལ་གྱི་ཆེད་དུའོ།།

བོད་ཀྱི་སྲོལ་རྒྱུན་ཁག་གཉིས་ཀྱི་མཚམས་སྦྱོར་མདོར་བསྡུས།

སླར་སྨོས་པ།
ཁྲོན་པའི་ཆུ་ལ་འགྱིང་པའི་རུས་སྦལ་གྱི།།
རྣམ་ཐར་སྐྱོང་བ་དེའང་མི་ལེགས་མོད།།
རང་རིགས་ཁྱད་ཆོས་མི་ཤེས་གཞན་རིགས་ཀྱི།།
སྐྱོན་ཀྱང་ཡོན་ཏན་འཛིན་པ་ཅིས་མི་བླུན།།
དེས་ན་རང་རིགས་ཁྱད་ཆོས་རིན་ཆེན་གསེར།།
དེང་རབས་འཕྲུལ་གྱིས་བཙོ་སྦྱངས་ལེགས་བྱས་ན།།
སྔ་ན་མེད་པའི་གཟི་འོད་རབ་འབར་ཞིང་།།
མཛེས་བྱེད་རྒྱན་གྱི་མཆོག་ཏུ་མི་འགྱུར་རམ།།
  • ལེ་ཚན་སྔོན་མ།:སྤུན་མཆེད་བར་གྱི་འཛེམ་བྱ།
  • ལེ་ཚན་རྗེས་མ།: ཁ་བཏགས་ཀྱི་རིགས།