ཁ་བཏགས་ཀྱི་རིགས།

    བོད་ཀྱི་ལག་ཤེས་ཀུན་བཏུས་ཆེན་མོ།    2013-12-02

ཁ་བཏགས་ཞེས་སུ་གྲགས་པའི་དྲི་མེད་ཀྱི་ལྷ་རྫས་དར་དཀར་སྲིད་དུ་རིང་བ་དེ་ནི། བོད་ཁམས་སུ་དར་སྔ་ཞིང་ཁྱབ་ཤིན་ཏུ་ཆེ་ལ། ཕྱིས་སུ་ཧོར་སོག་གི་ཡུལ་དུའང་རིམ་པར་དར་ནས་ད་ལྟ་རྒྱུན་འབྱམས་སུ་སྤྱོད་བཞིན་པ་མ་ཟད། ཡུལ་ཁ་ཅིག་ཏུ་ད་ལྟ་གསར་དུ་དར་བཞིན་པའང་མཐོང་། གང་ལྟར་ཆོས་སྲིད་གང་དུའང་སྤྱོད་ཅིང་སྐྱེ་བོ་མཆོག་དམན་ཀུན་ལ་ཡོངས་ཁྱབ་ཏུ་དར་བ་ནི་བོད་ཁོ་ནར་ངེས་པས་བོད་ཡུལ་ལ་ཁ་བཏགས་དཀར་པོ་དར་ས་ཞེས་ཀྱང་བྱའོ། །
    འདིའི་འབྱུང་ཁུངས་ཐད་ཁ་ཅིག་གིས་རྒྱ་དཀར་ནག་སོགས་འཆད་པ་ཡོད་ནའང་། བདེན་པར་མ་མཐོང་སྟེ། ཁ་བཏགས་ཞེས་པའི་མིང་འདི་བོད་སྐད་གཤའ་མ་རྗེས་གྲུབ་ཀྱི་ཐ་སྙད་དུ་གྲུབ་པ་དང་། བོད་དུ་དར་གོས་མ་བྱུང་བའི་སྔོན་རིང་མོ་ཞིག་ནས་མཇལ་དར་འབུལ་བ་དང་། བྱ་དགའ་དང་སྐྱེས་སུ་གང་འོས་ལྟར་གཅན་གཟན་དང་རི་དྭགས་ཀྱི་པགས་པ། སྣམ་ཕྲུག་དང་བལ་དཀར་འབུལ་སྲོལ་བྱུང་འདུག ཕྱིས་སུ་བོད་དུ་ནང་བསྟན་དར་བ་དང་ཆབས་ཅིག རྒྱ་གར་གྱི་མིས་སློབ་དཔོན་དང་རྟེན་བརྟེན་པར་མཇལ་དུས་འབུལ་རྟེན་གོས་དང་ན་བཟའ་འབུལ་བའི་སྲོལ་ལས་ལེགས་ཆ་བསྡུས་ཏེ་སྔོན་གྱི་པགས་པའི་ཚབ་ཏུ་རྒྱ་ནག་སོགས་ནས་ཐོན་པའི་དར་གོས་སྣེ་གཉིས་མ་ཉམས་པ་ཁ་ཚར་འཇོལ་ལེ་དང་བཅས་འབུལ་བའི་སྲོལ་དར་བ་ལ། ཁ་དོག་དཀར་པོས་ལྷག་པའི་བསམ་པ་དང་། མིང་གི་སྒོ་ནས་ཁ་རྗེ་དབང་ཐང་དར་བའི་རྟེན་འབྲེལ་མཚོན་པར་བཤད་དོ། །
    ཁ་བཏགས་ཀྱི་རྒྱུ་ནི་སྲིན་བུའི་ཁ་ཆུ་དར་སྐུད་དེ་སྲིན་བལ་གྱིས་བཟོས་པའི་གོས་དར་ཁ་ཚར་ཅན་ཞིག་ཡིན་ལ། ཁ་དོག་གི་ཆ་ནས་དྭངས་གཙང་དཀར་ཞད་ཅན་དང་། ལྷད་མེད་ཀྱི་སེར་པོ་རྒྱུགས་ཆེ་བས་རང་གི་དག་སེམས་མཚོན་བྱེད་ཡིན་ནོ། ། ཁ་བཏགས་ཀྱི་སྟེང་དུ་སྤྲིན་རིས་དང་། པ་ཏྲའི་རིགས། བཀྲ་ཤིས་རྟགས་བརྒྱད་དང། འདོད་ཡོན་རྣམ་ལྔ། རྒྱལ་བ་རིགས་ལྔའི་སྐུ་དང་། ཤིས་བརྗོད་ཀྱི་ཡི་གེ་སོགས་ཅི་རིགས་བཀོད་པ་ཡོད།
    བོད་ཀྱི་ཁ་བཏགས་ལ་སྤུས་ཀ་ལེགས་མིན་གྱི་རྣམ་དབྱེ་མང་པོ་ཞིག་མཆིས་ཏེ། དང་པོར་དར་བའི་ཁ་བཏགས་ནང་མཛོད་མ་རིག་གཉིད་སངས་མ་དང་། དཀོན་མཆོག་རིན་ཆེན་མ་གཉིས་ནི་ཆེས་བཟང་གྲས་ཡིན་ལ། བར་དུ་ཐོན་པའི་ཁ་བཏགས་ཉིན་བདེ་མ་དང་འདོམ་འཁོར་མ་ནི་དེ་ལས་སྤུས་ཞན་ཙམ་དང་། དེའི་ཕྱིས་ཐོན་པའི་ཁ་བཏགས་འཕྲིན་ལས་དར་རྒྱས་མ་དང་། ཨ་ཤེ་བར་མཛོད། ཟུབ་ཕྱི། ཕྱི་མཛོད། བསོད་ནམས་ཁ་བཏགས་བཅས་ཀྱི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྤུས་ཞན་པ་ཡིན། །
    ཁ་བཏགས་ལ་མིང་གི་རྣམ་གྲངས་ཀྱང་དུ་མ་ཞིག་མཆིས་ཏེ། ཁ་དར་དང་ལྷ་རྫས། ལྷ་གོས། ལྷ་རེག མཇལ་དར། རིན་ཆེན་གཉིས་པ་སོགས་སོ། ། གཞན་ཡང་ཁ་བཏགས་ཐོན་ཡུལ་གཞིར་བཟུང་ནས་མིང་བཏགས་པ་དཔེར་ན། རྒྱ་ནག་ཁ་བཏགས། སྐུ་འབུམ་ཁ་བཏགས། དབུས་དར་ལྟ་བུ་དང་། རིན་ཐང་ལ་བལྟོས་ནས་བཏགས་པ་ཡང་མཛོད་བཏགས་ལྟ་བུ་མང་ངོ་།།
    བོད་ཀྱི་ཁ་བཏགས་ཀྱི་འབུལ་ཡུལ་ནི། ཆེ་བ་བླ་དཔོན་ལ་མཇལ་བ། འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བར་འབུལ་བ། རྟེན་གསུམ་ལ་མཆོད་མཇལ་བྱེད་པ། བྱས་རྗེས་ཅན་ལ་བྱ་དགའ་དང་དཔའ་བོར་དཔའ་རྟགས། མགྲོན་པོ་བསུ་སྐྱེལ་བྱེད་པ་། གཉེན་སློང་སོགས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཡིན་ནོ། །
    ཁ་བཏགས་གཏོང་སྐབས། ཞེང་གིས་ཉིས་ལྟེབས་བྱ་ཞིང་གཏོང་ཡུལ་ལ་ཁ་འཁོར་ཏེ་གཏོང་བ་འདིས་བརྡ་ཟབ་མོ་ཞིག་སྟོན་པ་ནི། ཆོས་ཐམས་ཅད་ཀྱི་དང་པོ་སྟོང་པ་ཉིད་དེ་རྒྱུ་རྐྱེན་རྟེན་འབྲེལ་ལས་གྲུབ་སྟེ་གཅིག་རྐྱང་གིས་གྲུབ་པ་མེད་པར་སྟོན་པ་ཡིན་ནོ། ། གཞན་ཁ་བཏགས་ཀྱི་མདོག་དཀར་ཞིང་དྲི་མ་མེད་པ་དེས་རང་རྒྱུད་ཀྱི་ལྷག་པའི་བསམ་པ་མཚོན་པ། སྲིད་དུ་རིང་བས་བླ་སློབ་དང་གྲོགས་པོའི་བར་གྱི་ཁྲེལ་གཞུང་དང་འབྲེལ་ལམ་རྒྱུན་རིང་མཚོན་པ་སོགས་ནི་སྐབས་བསྟུན་གྱིས་གོ་དགོས་པ་ཡིན་ནོ། །
  • ལེ་ཚན་སྔོན་མ།:བོད་ཀྱི་སྲོལ་རྒྱུན་ཁག་གཉིས་ཀྱི་མཚམས་སྦྱོར་མདོར་བསྡུས།
  • ལེ་ཚན་རྗེས་མ།: འབྲོག་མིའི་ངོ་ཚའི་སྐོར།