བོད་ཀྱི་གཤིན་ཆོས་བྱེད་སྟངས་རོབ་ཙམ་གླེང་བ།(3)

ལྕང་སྐྱ་དགེ་འདུན་བཀྲ་ཤིས།    མང་ཚོགས་སྒྱུ་རྩལ་ལས་དྲངས།    2011-07-07


རྣམ་ཤེས་ཕུང་བོ་ལས་འཕོས་མ་ཐག  བེམ་པོའི་སྔས་མགོ་ལ་ལམ་སྔགས་གཉིས་དང་།མར་མེ་འཇོག་པ་ཡིན།དེ་ནས་རང་རང་གང་ལ་དད་འདུན་ཆེ་བའི་རྟོགས་ལྡན་པ་དང་ཨ་མཆོད་ཞུས་ཏེ།རྟོགས་ལྡན་པས་འཕོ་བ་དང་།ཨ་མཆོད་ཀྱིས་ཐར་མདོ་དང་སྨོན་ལམ་གསུངས་པ་ཡིན།དེ་ཡང་འཕོ་བ་གསུངས་པ་ནི།ཚེ་འདས་ཀྱི་རྣམ་ཤེས་ལ་གསལ་བཏབ་ནས།འཕོ་བའི་དམིགས་རིམ་སྒོམ་དུ་བཅུག་ནས།མན་ངག་ཁྱད་པར་ཅན་འདི་ལ་བརྟེན་ཏེ།འོད་དཔག་མེད་ཀྱི་ཞིང་ཁམས་ལ་འཕོ་བར་བྱེད་པ་དང་།ཐར་མདོ་གསུངས་པ་ནི།ཀུན་སློང་རྣམ་དག་གིས་ཐར་མདོ་འདི་བཏོན་ན།སྡིག་པ་སྟོབས་པོ་ཆེ་ཡང་ལྷག་མེད་དུ་འདུག་སྟེ།མདོ་དེ་ལས།དེ་བཞིན་མཐོལ་མཚང་བྱེད་ནུས་ན།རྩ་བ་བཞི་དང་མཚམས་མེད་ལྔ།ལོག་སྤྱོད་བར་དུ་སྡིག་བྱང་སྟེ།སངས་རྒྱས་འགྲུབ་པར་གདོན་མི་ཟ།ཞེས་གསུང་སོ།གཞན་ཡང་དགུང་ཞག་ནང་།དགེ་སློང་བཞིའམ་བདུན་གང་རུང་ཞུས་ཏེ།ངན་སོང་སྦྱོང་རྒྱུད་ཀུན་རིག་གི་ཆོ་ག་འདོན་པ་ཡིན།དེ་ནི་སྔོན་སྟོན་པའི་སྐུ་དུས་སུ་ལྷ་ཞིག་ཚེ་འཕོས་ནས།ཕག་ཏུ་སྐྱེས་པ་ལ།བརྒྱ་བྱིན་གྱིས་སྟོན་པར་ཞུས་ནས།ཆེད་དུ་ངན་སོང་སྦྱོང་རྒྱུད་ཀུན་རིག་འདི་གསུངས་པ་ཡིན་པས།ངན་སོང་ལས་ཐར་བ་ལ་བྱིན་རླབས་ཀྱི་ཚན་ཁག་གཞན་ལས་ཆེ་བ་ཡིན།བདུན་ཚིགས་སྒྲུབ་པ་འདི་ཡང་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་དར་བར་སེམས་ཏེ།གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་དུས།རྒྱ་བཟའི་ཞལ་ལས།ཁྱེད་བོད་ཀྱི་བློན་པོ་ཤི་ཚད་ལ་ཟས་སྐལ་མེད་པས།ངེད་རྒྱ་ནག་ལ་ཆོས་དར་བས་མི་ཤི་ཚད་ལ་བདུན་ཚིགས་ཡོད།བོད་ལ་ཆོས་མ་དར་བས་བློན་པོ་སྙིང་རེ་རྗེ་ཞེས《རྦ་བཞེད》ལས་གསུངས་ལ།ཡང་དེ་ཉིད་ལས།རྦ་གསལ་སྣང་གི་བུ་མིང་སྲིང་གཉིས་གུམ་པའི་ཚེ།ཧྭ་ཤང་རྒད་པོ་ཞིག་བཀུགས་ནས།ར་མོ་ཆེ་ནས་མིང་སྲིང་གཉིས་ཀྱི་བདུན་ཚིགས་བསྒྲུབས་པར་གསུངས་ཡོད་པས་སོ།།གཞན་ཡང་ཁྲུས་ཆོག་བསྐུར་བ་སྟེ།དེ་ལ་དགོས་པ་གཉིས་ཡོད།གསོན་དུས་མིའི་ལུས་དང་སྲོག་ལ་གནོད་པར་བྱེད།ཤི་དུས་ཚེ་ལས་འདས་པའི་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་ཅིང་།ཚེ་ལས་འདས་པ་དེ་ཉིད་ཀྱི་ཆ་བྱད་བཟུང་ནས།འཇིག་རྟེན་པ་རྣམས་བསླུ་བའི་འབྱུང་བོ་མི་མ་ཡིན་པ་དག་དགར་བའི་ཆེད་དུ།ཚེ་ལས་འདས་པ་དེ་ཉིད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པ་དྲུག་གི་སྒོ་ནས་སྦྱངས་ཏེ་བདེ་འགྲོའི་ལམ་བཟང་སྙེག་པའི་ཆེད་དུ་ཡིན།བཞི་བ།གཤིན་པོར་ཕན་བྱེད་ཀྱི་དགེ་རྩ་གསུམ།
བར་དོ་བ་དེ་ལས་ཀྱི་རླུང་གིས་བདས་ནས།གར་སྐྱེས་དང་བདེ་སྡུག་གི་གདམ་ག་བྲལ་བ་ལ།ཤུལ་ན་མཆིས་པའི་ཉེ་འབྲེལ་རྣམས་དགེ་བ་སྒྲུབ་ཅིང་།དགེ་རྩ་བསྔོས་ན་ཕན་ཆེ་སྟེ།དཔེར་ན།ཆུས་འཁྱེར་བ་སྐམ་ས་ན་ཡོད་པའི་མིས་བཏོན་པ་ལྟ་བུ་ཡིན།ཇོ་བོའི་ཞལ་ལས།མི་ཤི་བ་དེའི་མིང་མ་སྟོར་གྱི་བར་དུ་དགེ་བར་བྱས་ཤིང་བསྔོས་ན་ཕན་གསུངས།དེ་ཡང་སུ་ཐོད་ཐོད་ཀྱིས་དགེ་རྩ་བསྒྲུབས་ཤིང་བསྔོས་ན་མི་ཕན་སྟེ།རིགས་རྒྱུད་དང་ལོངས་སྤྱོད་གཅིག་པ།ཆོས་ཀྱི་འབྲེལ་བ་གསུམ་མོ།དེ་ལྟར་འབྲེལ་བ་གསུམ་དང་ལྡན་ན།ཆུ་ཆེན་ལ་བརྒལ་བའི་ཚེ་སྦྲེལ་རག་ཡོད་པ་དང་འདྲ་སྟེ།གཅིག་ཆུར་ནུབ་ཀྱང་གཅིག་གིས་འདྲོངས་ལ།སྦྲེལ་ཐག་མེད་ན་འདྲོངས་མི་ཐུབ་པ་ཡིན།
༡.རིགས་རྒྱུད་དང་འབྲེལ་བའི་དགེ་རྩ་བྱས་ཤིང་བསྔོས་ན་ཕན་པ་ནི།ཇོ་བོའི་ཞལ་ལས།ད་ལྟའི་སྡོང་གི་རྒྱངས་ལ་སོགས་དོན་དུ།ད་ལྟའི་ལྡོང་སྟོན་གྱི་མི་འདི་རྣམས་ཀྱིས་དགེ་བ་བྱས་ཤིང་བསྔོས་ན་ཕན་པར་གསུངས་པ་དང་།བཅོམ་ལྡན་འདས་ལ་ཡངས་པ་ཅན་གྱི་མི་རྣམས་ཀྱིས་ཆོས་སྟོན་འདྲེན་སྐབས།ཡངས་པ་ཅན་པའི་ཕ་མེས་མང་པོ་ཡི་དྭགས་སུ་སྐྱེས་པ་རྣམས་ཀྱིས།བཅོམ་ལྡན་འདས་ལ་དགེ་རྩ་དེ་བདག་ཅག་ལ་བསྔོ་བར་ཞུས་པས།དེར་བསྔོས་པས་ཡི་དྭགས་རྣམས་སྐྱེ་བ་འཕོས་ནས་ལྟར་སྐྱེས་པ་ལྟར་རོ།།
༢.ཡོ་བྱད་དམ་ལོངས་སྤྱོད་འབྲེལ་བའི་ཕན་ཐོགས་ཚུལ་ནི།འབྲོམ་སྟོན་གྱི་ཞལ་ལས།རྭ་སྒྲེང་གི་དགེ་བསྙེན་ཀུན་ལ།ཡེ་ཁྱེད་རང་ཀུན་ཡོ་བྱད་བསྲེ་དང་།གཅིག་ཤི་ཙ་ན་གཅིག་གིས་དགེ་བ་བྱས་ནས་བསྔོས་ན་ཕན་གྱིས།དེ་ཙུག་མེད་ན་བྱེད་མཁན་སོ་སོའི་དགེ་བར་འགྱུར་གསུངས་སོ།།
༣.ཆོས་ཀྱི་འབྲེལ་བའི་ཕན་ཐོགས་ཚུལ་ནི།འཕགས་པ་རྣ་བ་བྱེ་བ་རིས།ཉི་ཚེ་བའི་སེམས་ཅན་དམྱལ་བའི་གནས་སུ་ཕྱིན་སྐབས།སྐྱེ་བ་སྔོན་འཕགས་པ་ཀ་ཏ་ཡ་ན་ཆོས་འབྲེལ་མཆིས་པའི་ཉི་ཚེ་བའི་དམྱལ་བ་སྐོར་ཞིག་གིས།རྣ་བ་བྱེ་བ་རིར་འཕྲིན་བགྱིས་ཏེ།འཕགས་པ་ཀ་ཏ་ཡ་ནར་ཡོ་བྱད་ཀྱི་འབྲེལ་བཞག་ནས།དགེ་རྩ་བསྔོར་བཅུག་པས།དམྱལ་བ་ལས་ཐར་བའི་ལོ་རྒྱུས་ཡོད་པ་དང་།དགེ་སློབ་ཀྱིས་དགེ་རྩ་བསྔོས་རེས་བྱས་ན་ཡང་འགྲུབ།དེ་ལྟར་འབྲེལ་བ་གསུམ་གང་རུང་མི་ལྡན་པར་དགེ་རྩ་བསྔོས་ན།བྱེད་མཁན་གྱི་དགེ་བར་འགྱུར་རོ།ཅིའི་ཕྱིར་ན་སངས་རྒྱས་ཀྱི་ཐུགས་རྗེ་ལ་ཕྱོགས་སུ་མ་ལྷུང་ཡང་།སེམས་ཅན་ཁ་ཅིག་ནི་ཐུལ།ཁ་ཅིག་ནི་མི་ཐུལ་བ་ཡང་།སྔོན་གྱི་ལས་འབྲེལ་མེད་པའི་རྐྱེན་ཡིན།ཡང་སངས་རྒྱས་ཀྱི་མི་ཐུལ་བ་འཁོར་གྱིས་ཐུལ་བ་ཡང་།སྔོན་གྱི་ལས་འབྲེལ་གྱི་སྟོབས་ཡིན་ནོ།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:བོད་ཀྱི་དུར་ཁྲོད།
  • ལེ་ཚན་རྗེས་མ།:འདས་མཆོད།