བོད་ཀྱི་གཤིན་ཆོས་བྱེད་སྟངས་རོབ་ཙམ་གླེང་བ།(2)

ལྕང་སྐྱ་དགེ་འདུན་བཀྲ་ཤིས།    མང་ཚོགས་སྒྱུ་རྩལ་ལས་དྲངས།    2011-07-07


དུ།གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས།མའི་མལ་འོག་ཏུ་སྦས་ཚུལ་སོགས་ཀྱང་འབྱུང་བ་ལྟར།ད་ལྟ་བོད་ཁམས་ཀྱི་ས་ཆ་ཕལ་ཆེ་བ་ནས་རྫ་བུམ་ལས་ཀེང་རུས་མང་དུ་འབྱུང་བས།སྔོན་དུས་སྲོལ་དེ་བོད་དུ་ཆེས་ཆེར་དར་བར་གསལ་ལོ།།གཞན་ཡང་《དུང་དཀར་ཚིག་མཛོད》ལས།རྒྱལ་པོ་དང་བཙུན་མོ་བློན་པོ་བཅས་ཀྱི་བང་སོ་བརྩིགས་པའི་ནང་དུ་མི་གསོན་པོ་བང་སོའི་ནང་དུ་འཇུག་པའི་སྲོལ་ནི་བོད་ནང་དུ་གཏན་ནས་མ་བྱུང་ཞེས་གསུངས་ཀྱང་།དེ་འདྲ་གནའ་རབས་ཀྱི་ལོ་རྒྱུས་ལས་གསལ་བར་སྣང་སྟེ།བོད་རྒྱལ་ཉེར་དགུ་བ་འབྲོང་གཉན་ལྡེ་རུ་ལ་མཛེ་ནད་ཕོག་པས་རྒྱལ་པོ་དང་མཆིམས་བཟའ་ཀླུ་རྒྱལ།བློན་ཆེན་སྙགས་ཐང་བ་ཡར་རྗེ་དང་བཅས།ཡར་ལུང་ཁང་མདར་བང་སོར་བཅུག་པ་ལ།ས་ཙྰ་དང་གུར་གྱི་བཟོ་དབྱིབས་འདྲ་བས།གསོན་མཆད་ཟླུམ་པོ་ཟེར་བ་ལོ་རྒྱུས་མང་པོ་ན་ཉི་ཤར་སྤར་མོས་མི་ཁེབས་པར་གདའ   ་ལ།《ཆོས་འབྱུང་མཁས་པའི་དགའ་སྟོན》དུའང་།རྗེས་འབངས་གསུམ་ནི་གསོན་བཞིན་བང་སོར་གཤེགས།ཞང་མདའི་བང་སོ་གསོན་མཆད་ཟླུམ་སོར་གྲགས།ཞེས་དང་།ཐང་ཡིག་ལས་ཀྱང་རྗེ་བློན་རྣམས་མནའ་མཆིད་བསྒྲིགས།མི་ལྔ་དྲུག་ཙམ་གྱིས་ལྷན་ཅིག་དབུ་སྙུང་།བྲོ་མནའ་བོར།རྗེ་བོར་བཀྲོངས་ཚེ་དེ་རྣམས་ཀྱང་རང་སྲོག་བཅད་དེ་རྗེ་དང་དུར་ཁུང་གཅིག་ཏུ་སྦ་གསུངས་སོ།ལྷག་པར་མཉམ་འཆི་མཉམ་གསོན་གྱི་བྲོ་བོར་ཚེ་གཅིག་ཤི་ན་ཅིག་ཤོས་ཀྱང་དུར་དུ་སྦ་བའི་ལུགས་མཆིག་ཏེ།《དེབ་དཀར》ལས།སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས།མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར།དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་དུར་ཁུང་གཅིག་ཏུ་སྦ་བ་ཡིན།བཙན་པོའི་རྟ་དང་།གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས།དེར་ཤིང་སྡོང་འཛུགས་ཤིང་།ལོ་རེ་བཞིན་མཆོད་པ་ཡིན་ནོ།ཞེས་གསུངས་པ་ལྟར་གསོན་མཆད་འདེབས་པའི་སྲོལ་ག་ཡོད་པར་མ་ཟད།གཤིན་པོའི་ཉེ་འབྲེལ་རྣམས་དུར་སར་འཛོམས་ནས་དྲན་གསོའི་མཆོད་པ་འབུད་སྲོལ་ཡང་བོད་ཀྱི་ལུགས་ལ་ཡོད་པ་སྟེ།《ཏུང་ཧོར་གཏེར་ཡིག》ལས།མཆོད་པའི་དུས་ནི་གུང་ལ་གཤེགས་པ་ཡི།།རྒྱལ་གྱི་ཉི་མར་སྲོང་གི་བང་སོར་མཆོད།ཕྱི་རབས་རྒྱལ་པོ་འདུས་དུས་གང་ཡིན་ལ།རྒྱལ་བརྒྱུད་རྒྱལ་འབངས་འཁོར་དང་བཅས་པ་ཡི།མཆོད་པའི་ལོངས་སྤྱོད་སྤྱན་གཟིགས་སྣ་ཚོགས་བཏེགས་ཞེས་དང་།ཡང་དེ་ཉིད་ལས།སང་གི་ཉི་མར་སྲོང་གི་བང་སོར་མཆོད།གཤིན་པོ་ཐམས་ཅད་བྱེས་ཀྱི་ལུང་བང་སོང་།དེ་སྐད་སྨྲས་ནས་མཆོད་པ་རྒྱས་པར་བྱེད།ཕུད་དང་ནོར་དང་གོས་ལ་སོགས་པ་དང་།རྟ་ཕྱུགས་རྐང་འགྲོས་མཆོད་པའི་རྫས་རྣམས་ཀྱིས།མཆོད་པ་ཚར་ནས་ལྷག་མ་ཤུལ་དུ་སྤུངས།གཤིན་པོ་ཤོག་ལ་དེ་ལས་ཟོ་ཞིག་བསྔོ།ཕྱི་མིག་མི་ལྟ་རང་གི་གནས་སུ་བྱོན།ཞེས་གསུངས་ལ།ཆོས་ཀྱི་ལུགས་སུ་དེ་ལྟར་བྱེད་པ་ཤིན་ཏུ་མི་རུང་ཚུལ།མཁས་པ་འགའ་ཞིག་གིས་བཀག་པ་དོན་ལ་གནས་པར་སེམས་སོ།།བོད་ཀྱི་ལོ་རྒྱུས་ཁག་ན།བེམ་པོ་གསེར་ཕྱི་སོགས་རིན་ཆེན་བསྲེས་ཏེ་འཇོག་པའམ་དཀོར་ནོར་རྩ་ཆེན་གྱིས་བཀང་སྟེ་འཇོག་སྟངས་ཀྱང་།《དེབ་དཀར》ལས།བང་སོ་ནང་གི་རེའུ་མིག་དགུའི་དབུས་སུ།བཙན་པོའི་སྐུ་སྤུར་གསེར་གྱིས་བྱུགས་ནས་འཇོག  དཀོར་ནོར་གྱིས་བཀང་།ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག ཁོང་རང་འཁོར་བཅས་གཤིན་པོའི་རྟགས་བཏབ་སྟེ།རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན།བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ནས་སླར་བདག་པོ་ལ་མི་སྤྲོད།ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བཏང་བ་དང་མཉམ་དུ།ཁོང་རྣམས་ལུང་བ་ཞིག་ཏུ་བྲོས་ནས་ཡིབ་སྟེ་སྡོད།དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས་མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད་ཚུལ་སོགས་བཤད་དོ།
༣.ཕུང་བོ་གཟན་བསྒྱུར།ཕུང་བོ་གཟན་བསྒྱུར་ཏེ་བྱ་རྒོད་སོགས་ལ་སྟེར་བ་དེར་རླུང་དུར་ཞེས་ཀྱང་བརྗོད་ལ།དེ་ནི་ཕ་དམ་པ་སམངས་རྒྱས་བོད་ལ་ཐེངས་ལྔར་ཕེབས་པར་གྲགས་པའི་ཕེབས་ཐེངས་གསུམ་པ་སྟེ།དུས་རབས་བཅུ་གཉིས་པའི་མགོར་ཞི་བྱེད་གཅོད་ཀྱི་གདམས་པ།ཕུང་བོ་གཟན་བསྒྱུར་གཏོང་བའམ་བྱ་རྒོད་སོགས་ལ་སྟེར་བ་འདི་བྱུང་།དེ་ཡང་གཅིད་ཀྱི་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ལས།དང་པོ་ནི་སྨ་ར་སེར་བོ་ནས་བརྒྱུད་པ་དང་།གཉིས་པ་ནི་མ་ཅིག་ལབ་སྒྲོན་ནས་བརྒྱུད་པའོ།མ་ཅིག་ལབ་སྒྲོན་གྱིས་བརྩམས་པའི་ཕུང་བོ་གཟན་བསྒྱུར་གྱི་གཅོད་གཞུང་ཡང་མང་དུ་སྣང་སྟེ།གཅོད་གཞུང་བཀའ་ཚོམ་ཆེན་མོ།ཡང་རྩོམ།ཉིང་རྩོམ།ལེའུ་ལག་གནས་ཐེམ།ཁོང་རྒོལ།གཡང་བ་བརྡ་ཆོས་ལ་བཟླས་སྐོར་གསུམ།གཞི་ལས་སློང་བ།ཁྱད་པར་གྱི་སྨན་ངན་བཅས་བཅུ་ཡོད།གཤིན་པོའི་ཕུང་བོ་གཟན་དུ་བསྒྱུར་ཚུལ་ལ།དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་ཚུལ་དུ་འབུལ་བ་དང་།མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གི་ཚུལ་དུ་འབུལ་བ།རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པའི་ཚུལ་དུ་གཏོང་བ།གདོན་བགེགས་ལན་ཆགས་ཀྱི་མགྲོན་ལ་བུ་ལོན་གྱིས་ཚུལ་དུ་གཏོང་བ་བཅས་དམིགས་རྣམ་བསྐྱངས་ཏེ།དངོས་སུ་བྱ་རྒོད་ལ་སྟེར་བ་ཡིན་ཞིང་།གཤིན་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཏོར་བྱེད་མཁན་རྣལ་འབྱོར་རྟོགས་ལྡན་པ་ཡིན་ན་རབ་དང་།མིན་ཀྱང་སྦྱིན་པ་ཙམ་གྱི་ཕན་ཡོན་ཡོད་དོ།ཕུང་བོ་གཟན་བསྒྱུར་བྱ་སྟངས་འདི།མི་རྟག་པར་སྐུལ་འདེབས་པའི་ཡང་མཆོག་སྟེ།བཀའ་གདམས་གོང་མ་ཚོས།གསང་སྤྱོད་ཁང་སོགས་སུ།བེམ་པོ་ཝ་ཁྱི་དང་བྱ་རྒོད་སོགས་ཀྱིས་བཟའ་བ་འབྲི་སྲོལ་ཡང་ཡོད་དོ།།ཕུང་བོ་གཟན་ལ་བསྒྱུར་བ་འདིའི་དམིགས་ཡུལ་དང་དགོས་པ་ནི།བྱ་རྒོད་ཀྱིས་ཕུང་བོ་ཟོས་རྗེས་ཉིན་ཞག་བདུན་ལ་དགུང་བསྟོད་ནས་འདུག་པར་གྲགས་པས།གཤིན་པོ་དེའི་རྣམ་ཤེས་མཐོ་རིས་སུ་སྐྱེས་པའི་རྟེན་འབྲེལ་དང་།བེམ་པོ་ཟོས་པའི་བྱ་བྲུན་རི་མཐོ་ས་གཙང་དུ་འདོར་བས་གཙང་བའི་ཁྱད་ཆོས་ལྡན་པ་དང་།བྱ་རྒོད་ཐ་མར་འཆི་ཚེ་ཡང་བྱ་རོ་རླུང་གི་སྤུ་གྲིས་འཐག་སྟེ་ས་ལ་མི་ལྷུང་བ་སོགས་ཡིན།
༤.གདུང་རྟེན་བཞེངས་པ།སྐུ་གདུང་མཆོད་རྟེན་གྱི་ཁུངས་ནི་སྔོན་གྱི་ཚེ་མི་རྣམས་ཀྱི་ཚེ་ལོ་བཞི་ཁྲིར་སྤྱོད་པའི་ཚེ་སྟོན་པ་འཁོར་བ་འཇིག་མྱ་ངན་ལས་འདས་ནས།རྒྱལ་པོ་མཛེས་པས་སྐུ་གདུང་ལ་མཆོད་རྟེན་བརྩིགས་ཏེ།
བཀུར་སྟི་བགྱིས་པ་མདོ་སྡེ་ལས་བརྒྱའི་བམ་པོ་ཉེར་བརྒྱད་པ་ལས་གསུངས་པ་དང་།ཡང་མྱང་འདས་ཀྱི་བམ་པོ་བཞི་བཅུ་རྩ་གཉིས་པ་ལས་ཀུན་དགའ་བོ་མྱ་ངན་ལས་འདས་ནས་བསྲེགས་ཏེ་འཁོར་རྣམ་བཞིའི་རིང་བསྲེས་བསྡུས་ནས་རིན་པོ་ཆེ་སྣ་བདུན་བུམ་པར་བཅུག་ལ་རྩྭ་མཆོག་གི་གྲོང་ཁྱེར་གྱི་ནང་ལམ་བཞི་མདོ་རིན་པོ་ཆེ་སྣ་བདུན་གྱི་བུམ་པར་བཅུག་ལ་ཞེས་པ་ནས་འཁོར་རྣམ་བཞིས་མཆོད་པར་བྱའོ།ཞེས་གསུངས་པ་དེ་ཡིན་ལ།རང་ཅག་བོད་ལ་མཚོན་ན་ཡང་།རྒྱལ་སྲས་སེམས་དཔའ་འམ་རྟོགས་ལྡན་པ་ཚོའི་སྐུ་གདུང་།མེས་སྦྱངས་པའི་གདུང་རུས་དང་།ཐལ་བ་ལ་རུས་ཆོག་བྱས་ཏེ།ས་ཙྪ་གདབ་པའམ།རིང་བསྲེལ་དང་སྐུ་རུས་ནང་གཞུག་བྱས་ནས་མཆོད་རྟེན་བཞེངས་སྲོལ་ཡོད་དེ།རྒྱལ་བ་པཎ་ཆེན་རྣམ་གཉིས་དང་།གྲུབ་མཐའ་སོ་སོའི་སྐྱེས་ཆེན་དག་གི་སྐུ་གདུང་མཆོད་རྟེན་མང་དུ་བཞུགས་པ་དེའོ།།
༥.དམར་གདུང་དུ་འཇོག་པ།སྐྱེས་ཆེན་དམ་པ་ནུས་ལྡན་རྣམས་དགོངས་པ་རྫོགས་རྗེས།ཕྱིས་འབྱུང་གི་དགོས་པ་མང་པོའི་དོན་དུ།སྐུ་གདུང་ལ་ཉམས་པར་འཇོག་པར་བཤད་དེ།དཔེར་ན།གཞོན་ནུ་ནུས་ལྡན་གྱིས།སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་རྩྭ་ཀུ་ཤས་བཅད་པའི་ཚེ།སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་།དབུ་དེའི་ཞལ་ལས།ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ།ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར།ཞེས་པ་ལྟར།ཕྱིས་སུ་དབུ་དང་ལུས་འབྱར་ནས།བསྟན་འགྲོར་ཕན་པ་རྒྱ་ཆེར་སྒྲུབ་པར་གྲགས་པ་དང་།བོད་དུ་ཡང་།རྫེ་ཙོང་ཁ་པ་ས་དགེ་བཀའ་རྙིང་སོགས་སྐྱེས་ཆེན་དམ་པ་སུམ་ཅུ་ལྷག་དམར་གདུང་དུ་ཡོད་པ་དང་།རིག་གསར་སྐབས་གཏོར་གཤིག་ཕོག་ནས།ད་ལྟ་ལྷག་མར་གྱུར་བ་བརྒྱད་ཙམ་ཡོད།
《དུང་དཀར་ཚིག་མཛོད》ལས་གསུངས་པ་དང།དེ་ཡང་དམར་གདུང་བྱེད་སྟངས་ནི།སྐུ་གདུང་ནང་གི་མི་གཙང་བ་རྣམས་སྨན་སྦྱོར་ལ་བརྟེན་ནས་རྩ་ཆུ་བཤལ་ཏེ།དེ་ནས་སྨན་སྦྱོར་བསྲེས་པའི་འཇིམ་པས།ཞལ་རས་ལེགས་པར་གསོས་ཏེ་འདྲ་སྐུ་བཞེངས།ཤིང་ཙན་དན་སོགས་ཤོང་སྣ་རྩ་ཆེན་གྱིས་བཟོས་པའི་སྒྲོམ་རིམ་པ་གསུམ་ཡོད་པ།རིན་པ་རེའི་སྟོང་ཆ་ཡོད་པའི་ནང་།མར་དམར་གདུང་འཇོག་ཅིང་།སྒྲོམ་བར་ཕྱི་གཉིས་ལ་དྲི་བཟང་གི་ཤིང་བསྲེགས་པའི་སོལ་ཕྱེ་དང་སོལ་བས་བཀང་།ཁ་ཁེབས་ལེགས་པར་བཀབ་སྟེ་སྤྲ་ཚིལ་གྱིས་དམ་པོར་བསྡམས་ནས།འབུ་སྐྱོན་དང་རུལ་བསུང་མི་འབྱུང་བའི་སྔོན་འགོག་བྱ་ཐབས་མཐོང་བརྒྱུད་ཕྱག་ལེན་མང་པོ་ཡོད་དོ།
༦.ཕུང་བོ་ཆུ་ལ་བསྐྱུར་བ།ཕུང་བོ་ཆུ་བསྐྱུར་ལ་ཆུ་དུར་ཞེས་ཀྱང་བརྗོད་ལ།འདི་ནི་བར་གྱི་ལྡེ་བརྒྱད་ནས་དར་བ་སྟེ།བོད་ཀྱི་ལོ་རྒྱུས་སྔ་མ་རྣམས་སུ།དེ་རྣམས་ཀྱི་བང་སོ་ཆུ་བོའི་གཞུང་ལ་བཏབ་པར་གསུངས་ལ།ད་ལྟ་ཡང་རྨ་ཆུ་སོགས་ཆུ་ཀླུང་ཆེན་པོར་ཕུང་བོ་འདོར་བ་སྟེ།དེ་ནི་ཉ་སྲམ་སོགས་ཆུར་སོགས་ཆུར་གནས་སྲོག་ཆགས་ལ་བེམ་པོ་སྦྱིན་པར་གཏོང་བའོ།།
གསུམ་པ།གཤིན་ཆོས་སྒྲུབ་ལུགས།
  • ལེ་ཚན་སྔོན་མ།:བོད་ཀྱི་དུར་ཁྲོད།
  • ལེ་ཚན་རྗེས་མ།:འདས་མཆོད།