བཅོ་ལྔ་མཆོད་པ།

        2011-08-29

བོད་ཟླ་དང་པོའི་ཚེས་༡༥ཉིན་ཆོ་འཕྲུལ་གྱི་དུས་ཆེན་དངོས་གཞི་སྟེ་སྔར་འཕགས་ཡུལ་གྱི་མཉན་ཡོད་གནས་ཞེས་བྱ་བར་ཤཱཀྱ་ཐུབ་པས་རྫོགས་བྱེད་དང་། གནག་ལྷས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལན་བ་ཅན་བཅས་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་དུས་ཆེན་དུ་འབོད་པ་ཡིན།
ཉིན་དེར་གཙུག་ལག་ཁང་གི་ཁྱམས་རར་གདན་ས་ཆེན་པོ་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམས་ཉིན་དགུང་སྐམ་ཚོགས་སྨོན་ལམ་ཆེན་མོའི་མཆོད་འབུལ་དང་། དགོང་དྲོོ་བར་བསྐོར་འཁོར་ཡུག་ཏུ་སྲིད་གཞུང་དང་།  རྒྱལ་སྤྲུལ་སོགས་བླང་བྲང་ཆེ་ཁག   མཁན་པོ་ཁག   རྒྱུད་གྲྭ་སྟོད་སྨད།    བཀའ་བློན་རྣམ་པ།   རྩེ་ཤོད་ཕྱག་མཛོད་དང་། ཡབ་གཞིས། སྡེ་དཔོན་ཆེ་ཁག   ལྷ་གཉེར་སོགས་ཀྱིས་མར་ཚོན་ལས་བཞེངས་པའི་མཆོད་པ་གཙོ་འཁོར་ལྔ་དང་། གཙོ་འཁོར་གསུམ་ཡོད་པའི་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་ཙམ་དང་། དམའ་ཚད་ཐོག་བརྩེགས་གཉིས་ཡས་མས་རྒྱན་སྤྲོས་ཁང་བཟང་རྒྱ་ཕིབས་ནང་ཐུབ་པའི་སྐུ་བརྙན་དང། རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས། མཆོད་རྟེན་ལྷ་མོ། སྦྱིན་བདག་ཧྭ་ཤང་། ཚེ་རིང་དྲུག་བསྐོར།   མཐུན་པ་སྤུན་བཞི།  གསེར་འབྲུག་དང་གཡུ་འབྲུག   མེ་ཏོག་སོགས་མར་གྱི་བཅོས་པ་བཟོ་བཀོད་ཕུན་སུམ་ཚོགས་པ་དང་དེའི་མདུན་མར་མེ་དང་མཆོད་པ་མང་པོ་བསྒྲིགས་གཤོམས་ཐོག་ཛ་དར་ཏཱ་ཐའི་སོགས་དྲུང་རིགས་སེར་སྐྱ་རྣམས་མཚན་རིམ་བཞིན་བསྟར་བསྒྲིགས་ཀྱིས་ཕེབས་ཏེ་མཆོད་གཟིགས་མཛད། སྐུ་དྲག་དང་སྲིད་སྐྱོང་མཆོད་གཟིགས་སུ་ཆིབས་བསྒྱུར་མེད་སྐབས་བཟའ་ཤག་ནས་མཆོད་གཟིགས་གནང་གི་ཡོད་པས་སྡེབས་ཟིང་མི་བྱུང་ཆེད་སྔར་ལམ་གཟིམ་པ་ནས་སྲང་ལམ་གྱི་འགག་ཚང་མར་ཐག་རྒྱ་བསྐོར། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས། ཆབ་བདག་མ་གཉིས། ཞང་པོ་ཤིང་གཉེར། དགེ་གཡོག་ཉི་ཤུ་རྩ་གཅིག   ཐབ་གཡོག་ཉི་ཤུ་ཐམ་པ་བཅས་ནས་སྔོན་ཙམ་དུ་བསྐྱོད། བཀའ་བློན་རྣམ་པ་མཆོད་པ་སོ་སོའི་མདུན་དུ་ཕེབས་སྐབས་མཆོད་ཁྲི་སོ་སོ་ནས་མཇལ་དར་རེ་ཕུལ་བ་རང་སློག་གྱོན། བཀའ་དྲུང་རྒན་པས་མཆོད་ཐོ་ཀློག་སྟེ་མཆོད་པ་ལེགས་ཞེར་ཨང་ཐོ་བཀོད། མཆོད་པ་སོ་སོའི་ཁྱད་ཆོས་འདྲ་མིན་གྱི་གསང་ཐག་གི་གཟིགས་མོ་འབུལ་བ་སོགས་བར་བསྐོར་འཁོར་མཚམས་གཟིགས།
དེ་ནས་མི་དམངས་རྣམས་མཆོད་པ་མཇལ་དུ་འགྲོ་བ་ཙམ་མ་ཟད། ཉེ་འཁོར་གྲོང་གསེབ་པ་ཚོ་དང་ཚོ་བྱས་ནས་མཆོད་པའི་རྟེན་མདུན་དུ་མཆོད་པ་མཚོན་བྱེད་སྒོར་གཞས་བཏང་ནས་ནུབ་མོ་ཐག་པ་མཆོད་པར་སང་ཉིན་ནམ་ལངས་པའང་ཡོང་གི་ཡོད།
  • ལེ་ཚན་སྔོན་མ།:རྒྱལ་རོང་ཕྱོགས་ཀྱི་ཧོར་ཟླ༡༡པའི་ཚེས༡༣ཉིན།
  • ལེ་ཚན་རྗེས་མ།:བོད་ཀྱི་སྲོལ་རྒྱུན་ལོ་གསར་དར་ཚུལ་སྐོར་རགས་ཙམ་གླེང་བ།