བོད་ཀྱི་གཉེན་སྲོལ་དང་འབྱུང་རྩིས་བར་གྱི་འབྲེལ་བའི་སྐོར་རགས་ཙམ་བརྗོད་པ།
བསྟན་པ། མང་ཚོགས་སྒྱུ་རྩལ། 2011-01-18
རང་རེའི་བོད་རིགས་ནི་འཛམ་གླིང་སྟེང་ནས་ལོ་རྒྱུས་ཅུང་རིང་བའི་མི་རིགས་ཤིག་ཡིན་པའི་ཁར། རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྔོན་ཐོན་མི་རིགས་རྣམས་ལ་ངོམ་ཆོག་པའི་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་འདྲིས་ཕུལ་དུ་བྱུང་བ་བགྲང་ལས་འདས་པ་ཞིག་ཡོད། དེ་དག་ལས་ཀྱང་གཉེན་དོན་སྐོར་གྱི་འགྲོ་ལུགས་དང་གོ་རིམ། དགའ་སྟོན་བྱེད་ཚུལ། ཆོ་ག་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་དང་ལྡན་པས་གནའ་ནས་ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྔོན་ཐོན་མི་རིགས་འགའ་ཞིག་གིས་ཀྱང་ཡིད་སྨོན་བྱས་དང་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་ལོ་ངོ་སྟོང་ཕྲག་གཅིག་དང་བཞི་བརྒྱ་ཡར་སྔོན་གྱི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་མཛད་པར་བརྟེན་ནས་སྔ་ཕྱིར་བོད་ཀྱི་མཁས་པ་རྣམས་ཀྱིས་ཕྱི་ཕྱོགས་ནས་རིག་གནས་སྒྱུ་རྩལ་གང་མང་མང་ཞིག་ནང་འདྲེན་བྱས་པས་སྔར་ལས་དར་རྒྱས་ཕུན་སུམ་ཇེ་ཚོགས་སུ་ཕྱིན། ཡིན་ནའང་གནའ་དུས་སུ་བོད་ཀྱི་ཡུལ་ཁམས་འདི་ས་རྒྱ་ཆེ་ཞིང་མི་རྣམས་ཐར་ཐོར་དུ་གནས་ལ། དེང་སང་ལྟར་འགྲིམ་འགྲུལ་སྟབས་བདེ་བ་དང་འཕྲུལ་འཁོར་སོགས་མེད་པའི་དབང་གིས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་གཉེན་སྲོལ་གྱི་ལེགས་ཆ་རྣམས་ཡིག་ཐོག་ཏུ་འགོད་པ་དང་འབྱུང་རྩིས་དང་ཡང་འབྲེལ་ཐུབ་པ་བྱུང་བས་མདོ་ཁམས་ཡུལ་གྱི་གཉེན་དོན་ལུགས་སྲོལ་ཕལ་ཆེར་གཅིག་གྱུར་བྱུང་འདུག དེ་ནས་འཕྲོས་པའི་མདོ་ཁམས་ཡུལ་གྱི་གཉེན་སྒྲིག་བྱས་པའི་འགྲོ་སྟངས་དང་། གོ་རིམ། ཆོ་ག་སོགས་ཇི་ལྟར་ཡིན་པའི་ཚུལ་ནི་མཚོ་སྔོན་མང་ཚོགས་སྒྱུ་རྩལ་དུས་དེབ་སྟེང་དུ་བཀོད་ཟིན་པའི་གཉེན་བཤད་སྐོར་གྱི་རྩོམ་ཡིག་ལ་བལྟས་ན་གསལ་བས་སྐབས་འདིར་དེའི་སྐོར་ནས་བསྐྱར་བཤད་བྱེད་པའི་དགོས་པ་མི་འདུག འོ་ན་འབྱུང་རྩིས་དང་འབྲེལ་བ་ཡོད་ཚུལ་ཇི་འདྲ་ཡིན་ནམ་ཞེ་ན། དེ་ཡང་ཐོག་མར་ཁྱིམ་བདག་རང་ཉིད་རྩིས་པ་རྣམ་དག་ཞིག་གི་མདུན་དུ་ཕྱིན་ཏེ་རང་གི་བུ་དང་བསླང་ཡུལ་བུ་མོ་དེ་གཉིས་ཀྱི་ལོ་སོགས་མཐུན་མི་མཐུན་དང་། གཟའ་སྐར་འཕྲོད་སྦྱོར་སོགས་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་བལྟ་རུ་འཇུག་དགོས། རྩིས་པས་ཀྱང་ཁྱིམ་བདག་གིས་ཞུས་པ་ལྟར་དང་པོ་ལོ་སོགས་མཐུན་མི་མཐུན།། གཉིས་པ་ལམ་དུ་འཇུག་པའི་རྩིས། གསུམ་པ་ཉམས་ན་བཅོས་པའི་ཐབས་བཅས་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པར་བྱ་དགོས། དེ་ཡང་ནང་གསེས་སུ་གོ་རིམ་བཅོ་ལྔས་གཏནལ་འབེབ་པ་ནི།
༡ གཞན་རྣམས་རུང་ཡང་མ་བུ་དང་། ཕ་ཚན། ཞང་ཚན་བཅས་སྡེབ་མི་རུང་བ་ནི་ལོ་འགྲོས་སྡེབ་ཚུལ་ཡིན།
༢ ལོ་ངན་མི་རུང་ངོས་འཛིན་ཏེ། ཕོ་མོ་གང་ཡིན་ཡང་བཟའ་ཟླའི་ལོ་རེས་རང་གི་ལོ་རེས་ནས་བགྲང་བའི་བཞི་བ་དང་ལྔ་བར་འཁེལ་བ་དང་། ལྕགས་བཞི་མེ་བརྒྱད་དང་། ཕོ་མོ་སྒང་ལོག བསད་པ་ལོ་བརྒྱད་སོགས་འབྱུང་རྩིས་རེའུ་མིག་གི་ལྟས་ངན་ཀུན་སེལ་ནང་བཞིན་བྱུང་ན་ངན།
༣ རྐྱང་བ་སྟེ། སྐྱེས་པའི་སྲོག་དང་ཀླུང་རྟ་གཉིས་ཀྱིས་ཕར་ཆུང་མའི་དེ་གཉིས་ལ་འཐབ་པ་དང་། བུད་མེད་ཀྱི་ལུས་དང་དབང་ཐང་གཉིས་ཀྱིས་ཚུར་ཁྱོ་གའི་དེ་གཉིས་ལ་འཐབ་ནས་མ་བུར་འཕྲད་ན་བཟང་ཞིང་དགྲ་གྲོགས་ལ་ངན་ནོ། །
༤གོ་གོང་ཁུག་པ་སྟེ། ཕོ་མོ་གཉིས་ཀྱི་སྲོག་ལུས་དབང་ཀླུང་སྨེ་བ་བཞི་སྤར་ཁའི་བཟང་བཞིར་བབས་ན་བཟང་ཞིང་ངན་ན་དེ་ལས་ལྡོག་པའོ། །
༥ བསད་པ་ཡང་ཁུག་སྟེ། ཕོའི་སྨེ་བ་མི་འགྱུར་བར། བུད་མེད་སྨེ་བ་གཅིག་དཀར་ཡིན་ན་གཅིག་དཀར་ལ་བརྩིས་པ་སོགས་ཀྱིས་ཤེས།
༦ ཎི་ཤའི་བརྩི་ལུགས་ཏེ། སྐྱེས་པ་ཕོ་ལོ་ཡར་རྒན་ལ་བུད་མེད་མོ་ལོ་མར་གཞོན་བླངས་ན་བུ་མང་འབྱུང་ཞིང་ལྡོག་ན་ཕོ་ཉུང་མོ་རྒྱུད་འཕེལ་བ་ཡིན། །
༧ འབྱུང་བའི་སྤུན་གྲངས་ཏེ། ཕོ་མོ་སོ་སོའི་སྲོག་ལུས་དབང་ཀླུང་བཞིའི་སྨེ་བ། ཤིང་གཅིག་ས་གཉིས་ཆུ་ལ་གསུམ། མེ་བཞི་ལྕགས་ལ་རྡེའུ་ལྔ་ཞེས་བརྩིས་ནས་ཕོ་མོ་གཉིས་ཀའི་སྨེ་བའི་རྡེལ་གྲངས་མཐུན་ན་བཟང་ཞིང་ལྡོག་ན་ངན་པ་ཡིན།
༨ ཕོ་མོའི་རུས་ཆེན་ཏེ། ཁོ་གཉིས་ཀྱི་སྲོག་གི་འབྱུང་བ་མཐུན་ན་བཟང་ཞིང་མི་མཐུན་ན་གང་ལ་གནོད་པ་དེ་སྔོན་ལ་འཆི་བར་བཤད།
༩ མ་གཉིས་རུས་ཁམས་ཏེ། ཁྱོ་ཤུག་གཉིས་ཀའི་མའི་སྲོག་ཁམས་མཐུནན་བཟང་ཞིང་མི་མཐུན་ན་ངན་པ་ཡིན།
༡༠ ཕོ་མོ་གཉིས་སོ་སོར་བཟའ་སྒྲིག་བྱེད་པའི་ཟླ་བའི་དབང་ཐང་དེ་རང་ཉིད་སྐྱེས་པའི་ཟླ་བའི་དབང་ཐང་གི་དགྲ་རུ་སོང་ཡོད་མེད། ཉི་མ་དུས་ཚོད་ཀྱང་ངོ་། ། དེ་དག་དུར་ཞུགས་དང་། བཞི་གཤེད་། བདུན་ཟུར་བཅས་མེད་པར་མཐུན་ན་བཟང་བ་ཡིན།
༡༡ སྤར་ཁའི་བཟང་ངན་ཏེ། རང་རང་ཕྱོགས་སུ་བརྩིས་ཏེ་བཙས་ཀླུང་སྤར་ཁ་བཟང་བཞིར་བབས་ན་ལེགས་ཤིང་མ་བབས་ན་ངན་པར་བསྟན།
༡༢ སྨེ་བའི་བབས་ཀླུང་སྟེ། སྲོག་ལུས་དབང་ཀླུང་གི་སྨེ་བ་རྣམས་མཐུན་པ་གཉིས་བསྡེབ་མི་རུང་བ་བསྟན།
༡༣ དར་རྒུད་དེ། ཕོ་མོ་གཉིས་ཀ་སྲོག་ལུས་དབང་ཀླུང་བཟང་དྲུག་ལ་སྐྱེས་པ་ནང་བསྡེབས་ན་བཟང་ཞིང་། ངན་དྲུག་ལ་སྐྱེས་པ་གཉིས་ནང་བསྡེབས་ན་ཕུང་བ་ཡིན། སྡེ་བ་དང་འགྲོ་བ་ལ་ཁྲི་སྐོར་བཅུ་གཉིས་བརྩི་བ་ནི།
༡ ལོ་ཡི་དགྲ་ཁྱིམ་གཞོམ་པ་སྟེ། བྱི་ཕག་ལོ་བའི་སྲོག་ཆུ་དང་གླང་ལུག་གཉིས་ཀྱི་སྲོག་ས་ཡིན་པས་སྤྱིར་སྲོག་གི་འབྱུང་བ་དགྲ་རུ་གྱུར་པས་མི་རུང་ཡང་འདི་ལྟ་བུའི་ཁ་སྒོ་དབྱེ་བ་ཡོད།
༢ ཟླ་བའི་དགྲ་ཁྱིམ་གཞོམ་པ་སྟེ། སྐྱེས་ཟླ་གང་ཡིན་གཤེད་ལ་ཞོན་པ་ཟེར།
༣ ཞག་དང་ཉི་མའི་ཁྱིམ་གཞོམ་པ་སྟེ། ཟླ་བ་སྟག་ལ་ཉི་མ་སྦྲེལ་ལྟ་བུ་ཉི་མས་ཟླ་བ་ཐུབ་པ་ལ་ཟེར།
༤ སྤར་ཁའི་དགྲ་ཁྱིམ་གཞོམ་པ་སྟེ། སྤར་ཁ་ཙིན་ལ་འགྲོ་ཉིན་དྭ་སྤེན་ས་དང་ཙིན་བཅས་ལ་ཁ་སྒོ་དབྱེ་བ་ཡིན།
༥ ནོར་ཁྱིམ་བླངས་པ་སྟེ། སྤྱིར་ན་བྱི་བ་དང་རྟ་གཉིས་བདུན་ཟུར་ལ་འཁེལ་བས་མི་མཐུན་ཡང་བྱི་བ་དབྱར་གསུམ་ལ་སྐྱེས་པ་དང་། རྟ་དཔྱིད་གསུམ་ལ་སྐྱེས་པ་མཐུན་པས་ཁ་སྒོ་དབྱེ།
༦ ཟླ་བའི་རྫོང་ལུགས་ཏེ། རང་སྐྱེས་པའི་ཟླ་བ་ནས་བརྩིས་ཏེ་གསུམ་བཞི་ལྔ་བཅས་ལ་འཁེལ་ན་བཟང་།
༧ གཟའ་ཡི་བཟང་ངན་ཏེ། ཕུར་བུ་པ་སངས་སོགས་གཟའ་དར་བ་ལ་བཟང་།
༨ སྐར་མའི་འཕྲོད་སྦྱོར་ཏེ། སྣར་མ་སྨིན་དྲུག་སོགས་ལ་ངན།
༩ དུས་ཚོད་བསྟན་པ་ནི། ས་གླང་ལྟ་བུ་མ་གྲོགས་ཀྱི་དུས་སུ་རྫོང་།
༡༠ ཕྱོགས་ཀྱི་བཟང་ངན་ནི། སྤར་ཁའི་བཟང་བཞི་ལས་ངན་པ་སྤང་ངོ་། །
༡༡ གནམ་ཁྱིའི་སྒོས་རྩིས་ཏེ། ལོ་ཡི་གནམ་ཁྱི་བཅོ་བརྒྱད་དང་། ཟླ་བའི་ཟླ་བ། ཞག་གི་ཉི་ནག དུས་ཚོད་ཀྱི་སྲོག་དུས་བཅས་ཡིན་པས་བྱོལ་དགོས།
༡༢ གབ་ཙེའི་རེའུ་མིག་ལ་བལྟ་དགོས།
༡༣ འདོམ་སྦྲགས་རྒྱ་མ་སྟེ། བབས་སྨེ་དགུ་དམར་བབས་སྤར་ལི་མེ་གཉིས་འཛོམས་ན་ངན།
༡༤ གནམ་སའི་སྒོ་བྱེ་བྲལ་གྱི་སྟེང་ནས་མི་རྫོང་ངོ་། །
༡༥ དགོས་པའི་མི་ལྔ་ནི། ༡བར་རོགས་མཐུན་གསུལ་ལོ་བ་དགོས། ༢འོག་རྟའི་ཁ་དོག་དང་ལུས་ཀྱི་འབྱུང་བའི་ཁ་དོག་མཐུན་དགོས། ༣རྟ་ཁྲིད་མཁན་གྱི་ལུས་བག་མའི་ལུས་ཀྱི་མར་གྱུར་བ་ཞིག་དགོས། ༤རྒུན་འབྲུམ་དང་བུ་རམ་སོགས་བཀྲ་ཤིས་པའི་ཟས་སྟེར་མཁན་དེ་དབང་ཐང་མར་གྱུར་ཅིང་མིང་ལེགས་པ་ཞིག་དགོས།
༡༦ སྲོག་སོགས་དར་ཞིང་བཀྲ་ཤིས་པའི་མི་ཞིག་གིས་གོས་བསྐོན་ཞིང་སྐྱེལ་བར་བྱེད། གཞན་ཡང་འདི་ལྟར་བྱ་དགོས་ཏེ། ༡སྣ་བོན་དམ་གཙང་ངག་ནུས་ཆེ། བདུན་ཟུར་བཞི་ཤེད་སོགས་ཀྱིས་བྱ། ༢འགྲོ་ཉིན་སྤར་ཁའི་བཟང་ཕྱོགས་སུ་གོམ་པ་བརྒྱ་བོར་ཕྱག་གསུམ་འཚལ་ལ་སྐྱབས་འགྲོ་བྱ། ༣བག་མ་ཀ་རྩ་ཀོ་རྒྱབ་དང་བླ་གབ་མེད་པར་མི་འཇོག ༤བག་མའི་སྲོག་སོགས་ངན་ན་བག་མའི་གདན་ཁྲིའི་འོག་ཏུ་ནས་དཀར་ཀྱིས་གཡུང་དྲུང་རིས་སོགས་བྲི་བར་བྱ།
གོང་གསལ་བོད་ཀྱི་གཉེན་དོན་དང་འབྲེལ་བ་དམ་པའི་འབྱུང་རྩིས་ཀྱི་སྐོར་ཞིབ་ཏུ་གླེང་ན་བག་རྩིས་ཁ་ཚང་ཞིག་གི་དོན་ངོ་སྤྲོད་རྒྱུ་ཡོད་། སྐབས་འདིར་དགོས་དབང་གིས་རགས་ཙམ་ཞིག་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་སྤྱན་སྔར་ཟུར་ལྟའི་དཔྱད་གཞིའི་ཚུལ་དུ་ཕུལ་བ་ལགས།