མི་ཚེ་འགྲོ་ལུགས་ཀྱི་གོམས་སྲོལ།

        2010-09-02

གཅིག  བཙས་སྟོན་མཛད་སྒོ།
      བྱིས་པ་སྐྱེས་པ་ན་བཙས་སྟོན་སྤེལ་བ་ཡིན་ཞིང་། རང་རང་གི་རྒྱུ་ནོར་ དང་བསྟུན་ཏེ་ཆེ་ཆུང་སྣ་ཚོགས་ཡོད། བྱིས་པ་སྐྱེས་ནས་ལོ་གཅིག་དང་ཡང་ན་ ཟླ་གཅིག་གམ་ཞག་བརྒྱ་ནས་སྤེལ་བ་ཡིན།
གཉིས།  ནོའུ་སྟོན་མཛད་སྒོ།
      བྱིས་པ་སྐྱེས་ནས་ལོ་འཁོར་གཅིག་གི་དུས་སུ་སྐྲ་བཞར་རྗེས་སྟོན་མོ་བྱེད་པ་ལ་བྱ་སྟེ། དེའང་བོད་ཡུལ་གྱི་ས་ཆ་ཚང་མར་མེད། ཨ་མདོའི་ཡུལ་དུ་ དར་ཁྱབ་ཆེ།
གསུམ།  དར་བབ་མཛད་སྒོ།
      ཕོ་ལོ་བཅུ་དྲུག་དང་མོ་ལོ་བཅོ་ལྔ་ལ་དར་སྟོན་མཛད་སྒོ་སྤེལ་བ་ཡིན་ཞིང་། བུ་མོ་ལ་སྐྲ་ཕབ་པ་དང་དར་སྟོན་བྱ་སྟེ། དེ་སྤེལ་རྗེས་མི་དར་མར་  གྱུར་བ་སྤྱི་ཚོགས་ཀྱིས་ཁས་ལེན་བྱས་པ་རེད། སྐྱེས་མ་ནི་གཉེན་སྒྲིག་བྱས་ཆོག་ ལ་སྐྱེས་པས་སྤྱི་ཚོགས་ཀྱི་ལས་ཀ་ཚང་མ་བྱས་རུང་ངོ་། །
བཞི།  གཉེན་སྟོན་མཛད་སྒོ།
      གཉེན་སྒྲིག་གི་ཚད་ལ་སླེབས་ཚེ་གཉེན་སྟོན་མཛད་སྒོ་སྤེལ་བ་ཡིན་ཞིང་། དེ་ཆེས་རྒྱས་པ་ཞིག་ཡིན། སྐབས་དེར་གཉེན་བཤད་དང་བག་བཤད་སོགས་ རིག་རྩལ་སྣ་ཚོགས་ཡོད་དོ། །
ལྔ། འདས་མཆོད་སྒྲུབ་ལུགས།
      མི་ཞིག་ཚེ་ལས་འདས་རྗེས། ཚེ་འདས་དེའི་ཆེད་དུ་སྤེལ་བའི་མཛད་སྒོ་ ཡིན་ལ། དེའང་དང་པོ་སྐར་མ་བྱེད་ཅིང་། དུར་དུ་སྦ་ལུགས་སྣ་ཚོགས་ཡོད་དེ། རླུང་ལ་གཏོར་བའམ་བྱ་ལ་གཏོར་བ། སྦྱིན་སྲེག་བྱེད་པ། ཆུར་འཕེན་པ། ས་ལ་ སྦ་བ། མཆོད་པའི་རྟེན་དུ་འཇོག་པ་སོགས་སོ། །གཉིས་པ་བདུན་འདེབས་པ། དེ་ལ་ཁྱིམ་རྙིང་མ་པ་ཡིན་ན་ཞི་ཁྲོ་འདོན་པ་དང་དགེ་ལུགས་པ་ཡིན་ན་ཀུན་རིག་འདོན་པ་སྟེ་ཉིན་བདུན་ལ་བྱེད། གཉིས་ཀ་ཡིན་ན་ཀུན་རིག་དང་ཞི་ཁྲོ་ འདོན་པ་ལྟ་བུ་རེད། དགུང་ཞག་ཞེ་དགུ་ཚང་རེག་བར་དུ་བསང་བསུར་མི་ ཆད་པ་འབུལ་བ་ཡིན། ལོ་གཅིག་འཁོར་དུས་གཤིན་ཚིགས་ཞེས་དགེ་རྩ་ བསྒྲུབས་རྗེས་འདུན་མི་བྱེད། དེ་མིན་རོང་ཁུལ་དུ་ལོ་འཁོར་གཅིག་ལ་འདུན་ བྱེད་དེ། འབྲོག་ཁུལ་དུ་ལོ་སར་ནས་ཚེས་གསུམ་ནས་འདུན་གཏོང་བའང་ཡོད།
      དུར་དུ་སྦ་ལུགས་ནང་ནས་མི་དཀྱུས་མ་གང་ཞིག་རླུང་ལ་གཏོར་བ་དང་སྦྱིན་སྲེག་བྱེད་པ་ནི་བཟང་བར་བརྩི། ཆུ་ལ་འཕེན་པ་འབྲིང་བ་དང་ཐ་མ་ ས་ལ་སྦ་བར་བརྩི།
      བླ་ཆེན་སྤྲུལ་སྐུ་ནི་མཆོས་རྟེན་དུ་འཇོག་པ་ཡིན་ཏེ། སྐུ་དམར་གདུང་ བྱས་རྗེས་མཆོད་རྟེན་ནང་དུ་བཞག་སྟེ། སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་ བཞུགས་སོ། །
      གཞན་ཡང་། ཁྲི་སྟོན་མཛད་སྒོ་དང་། ཆོས་སྟོན། ཁང་སྟོན། སྦྲ་སྟོན། མདའ་སྟོན། གྱ་སྟོན་སོགས་ཡོད་དེ། བླ་མ་གང་ཞིག་ཁྲི་ལ་མངའ་གསོལ་སྐབས་ སྟོན་མོ་མཛད་སྒོ་སྤེལ་བ་ལ་ཁྲི་སྟོན་བྱའོ། །གྱ་སྟོན་ནི་མི་ཞིག་ལོ་བརྒྱད་ཅུར་ སླེབས་པ་ལ་གྱ་སྟོན་མཛད་སྒོ་སྤེལ་བར་གོ་དགོས།
  • ལེ་ཚན་སྔོན་མ།:མི་ཉག་ཡུལ་གྱི་གཉེན་སྟོན་མཛད་སྒོའི་འཕེལ་འགྱུར།
  • ལེ་ཚན་རྗེས་མ།:བོད་ཀྱི་གཉེན་སྲོལ་དང་འབྱུང་རྩིས་བར་གྱི་འབྲེལ་བའི་སྐོར་རགས་ཙམ་བརྗོད་པ།
  • དོ་སྣང་ཆེ་བའི་རྩོམ།