
བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ལྷ་སའི་སྲང་ལམ་གང་སར་རྩེ་སྒྲོ་འཚོང་མཁན་མང་པོ་ཞིག་མངོན་རྒྱུ་ཡོད་ཅིང་། ཁོང་ཚོས་ལག་ཏུ་ཤིང་བྱང་ཆུང་ངུའི་ཐོག་ཚོན་མདངས་རྣམ་པར་བཀྲ་བའི་མར་ཚོན་ལས་གྲུབ་པའི་འབུར་གཟུགས་ཀྱི་སྒྱུ་རྩལ་རི་མོ་སྟེ་རྩེ་སྒྲོ་འཚོང་བཞིན་ཡོད་ཅིང་། རི་མོ་དེ་དག་གི་ནང་དོན་ནི་མཐུན་པ་སྤུན་བཞི་དང་། བཀྲ་ཤིས་རྟགས་བརྒྱད། ཚེ་རིང་རྣམ་དྲུག་སོགས་བཀྲ་ཤིས་སྨོན་འདུན་མཚོན་པའི་རི་མོ་ཤ་སྟག་ཡིན་པ་རེད།ལོ་གསར་འཆར་རིམ་བཞིན་ཁྱིམ་ཚང་ཚང་མས་རྩེ་སྒྲོ་གསར་པ་རེ་བརྗེ་གི་ཡོད་སྟབས་ཁོང་ཚོའི་རྩེ་སྒྲོ་བྲིན་ཁ་རྒྱུག་པོ་བྱུང་ནས་ཚོང་པ་ལ་ལར་ལོ་འཁོར་མོའི་ཡོང་འབབ་ལས་ཟླ་ཤས་རྩེ་སྒྲོ་བཙོངས་པའི་ཡོང་འབབ་མང་བར་མ་ཟད། མར་ཚོན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་པ་དང་ད་ལྟ་རི་མོའི་སྒྱུ་རྩལ་དེ་ཇེ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྩེ་སྒྲོའི་ལག་རྩལ་དེ་གཟུགས་མེད་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན་པ་རེད། དེ་སྔ་མི་ཁ་ཤས་ཀྱིས་ཚོན་རྩི་བཏང་བའི་རྩེ་སྒྲོ་བཙོང་མྱོང་ཡོད་པ་དེ་ཕར་བལྟས་ན་ཉར་ཚགས་བདེ་ལ་ལོ་ལྟར་སྤྱོད་ཆོག་པས་བྱ་བ་ལེགས་པོ་ཞིག་ཏུ་སྣང་རུང་། དེ་དང་ལེན་བྱེད་མཁན་ཧ་ལམ་བྱུང་མེད་པས་རྩེ་སྒྲོ་འཚོང་མཁན་ཚོའི་ཚོང་ལམ་འགོག་ཐུབ་མེད་པ་དེ་ནི་གོམས་སྲོལ་ལ་བརྩི་འཇོག་ཆེ་ལ་མཆོད་པར་དང་དོད་ཆེ་བའི་བོད་མི་རིགས་ཀྱི་བསམ་པའི་འདུ་ཤེས་དང་འགལ་བ་ཞིག་ཡིན་པས་རེད།
མར་ཚོན་རིག་གནས་དར་སྤེལ་དང་འཛིན་སྐྱོང་བྱེད་མཁན་གཙོ་བོ་ཞིག་ནི་དགོན་སྡེ་ཁག་ཡིན་ཞིང་། ཁོང་ཚོས་མར་ཚོན་སྣ་ཚོགས་སྤྱད་ནས་ཚོགས་དང་གཏོར་མ་འབུལ་བ་དང་། ལྷག་དོན་དགོན་སྡེ་ཚང་མ་དང་ཁྱིམ་ཚང་འགའ་རེས་ལོ་གཏོར་རྒྱས་རེ་བཞེངས་ནས་ལོ་གཅིག་ཆོས་ཁྲིའི་ཐོག་སྒྲིག་གཤོམ་བྱས་ཏེ་འཇོག་གི་ཡོད་པ་ནི་སྒྱུ་རྩལ་འགྲེམས་སྟོན་བྱས་པ་དང་གཉིས་སུ་མེད། མར་ཚོན་རིག་གནས་དེ་བོད་རིགས་ས་ཁུལ་གཞན་དུའང་དར་ཁྱབ་ཆེན་པོ་ཡོད་པ་དཔེར་ན། སྐུ་འབུམ་བྱམས་པ་གླིང་དགོན་གྱི་མར་ཚོན་མཆོད་པ་ནི་འཛམ་གླིང་ལ་གྲགས་པ་ཞིག་ཡིན་པ་དེའི་མཛེས་སྡུག་ཡིད་འཕྲོག་གི་ཆ་ནས་མིག་འཕྲུལ་སྒྱུ་མའི་རྩལ་ལས་ཐོན་པ་ལྟ་བུ་ཞིག་ཡོད་པ་དང་། བརྗིད་ཉམས་ཀྱི་ཆ་ནས་ཐོག་བརྩེགས་ཡན་ཤ་སྟག་ཡིན་པ། ནང་དོན་གྱི་ཐད་སྣང་སྲིད་ཀྱི་དངོས་པོ་ཡོད་དོ་ཅོག་མཚོན་པ་ལྟ་བུ་དེ་ནི་བོད་མི་རིགས་ཀྱི་བློ་རྩལ་ལས་ཐོན་པའི་སྒྱུ་རྩལ་བཤམས་མཛོད་ཁང་ཞིག་དང་གཉིས་སུ་མེད།
ལོ་རྒྱུས་ཐོག་མར་ཚོན་སྒྱུ་རྩལ་གྱི་བཤམས་སྟོན་ཆེན་པོ་གཞན་ཞིག་ནི་དེ་སྔར་ལྷ་སའི་སྨོན་ལམ་ཆེན་པོ་ཚུགས་སྐབས་ཏེ། བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ལྷ་སའི་བར་སྐོར་ནང་ས་གནས་སྲིད་གཞུང་དང་། དགོན་སྡེ་དང་བླ་བྲང་ཁག སྐུ་དྲག་ཆེ་ཁག་བཅས་ཀྱིས་མཐོ་ཚད་ཐོག་བརྩེགས་གཉིས་གསུམ་ཡོད་པའི་མར་ཚོན་གྱི་མཆོད་པ་གཙོ་འཁོར་གསུམ་དང་གཙོ་འཁོར་ལྔ་ཡི་ཁང་བཟང་རྒྱ་ཕིབས་དང་བཅས་པ་བཞེངས་པའི་ནང་སྐུ་བརྙན་སྣ་ཚོགས་དང་། མཆོད་པའི་ལྷ་མོ། གསེར་འབྲུག་གཡུ་འབྲུག་སོགས་བཟོ་བཀོད་ཕུན་སུམ་ཚོགས་པ་བཞེངས་པའི་མདུན་མཆོད་པ་བཤམས་པར་དད་ལྡན་མང་ཚོགས་ཚོས་མཇལ་ཁ་ཞུ་བར་མ་ཟད། ཉེ་འཁོར་མང་ཚོགས་ཚོས་མཚན་གང་སྒོར་གཞས་བརྒྱབ་ནས་མཆོད་སྤྲིན་འབུལ་གྱི་ཡོད། དེ་ལྟར་མར་ཚོན་རིག་གནས་ལ་བོད་མི་རིགས་ཀྱི་གཏམ་རྒྱུད་སྣ་ཚོགས་འཁོད་པ་དང་སྒྱུ་རྩལ་གྱི་ཉིང་བཅུད་བསྡུས་ཡོད་ལ། བཀྲ་ཤིས་ལ་དོན་འགྲུབ་པའི་ལོ་གསར་རྣམ་པའི་མཚོན་དོན་ཁྱད་པར་ཅན་ཞིག་དེ་བས་ཀྱང་ཡིན།