དཀར་མཛེས་ཤུག་རིང་གླིང་གི་ཚ་ཆུའི་ཕན་ནུས།

(དགེ་ལེགས་ཡར་འཕེལ་གྱིས།)        2011-09-13

 ཤུག་རིང་གླིང་ཟེར་བ་ནི་དཀར་མཛེས་གྲོང་ཁུལ་གྱི་ཤར་ལྷོ་མཚམས་སུ་གནས་ཡོད།དེ་དང་གྲོང་ཁུལ་བར་ལ་ལེ་དབར་གཅིག་ཙམ་གྱི་ལམ་ཐག་ཡོད།ས་ཆ་དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ900ལྷག་ཡོད།སྔོན་ས་ཆ་དེ་ན་ཤིང་ཤུག་པ་རིང་པོ་སྐྱེ་ཡོད་པའི་བཤད་སྲོལ་ཡོད་ཀྱང་ད་ལྟ་དེ་འདྲ་མེད་པས་མི་སེར་ཚོས་ཚལ་ཞིང་བྱས་ནས་ཚལ་རིགས་མང་པོ་བཏབ་ས་ཡོད།དེར་བརྟེན་ས་སྟེང་དུ་ས་འདབ་རྩི་མདོག་དཀར་པོ་བ་ཚྭ་ལྟ་བུ་ཞིག་ཆགས་པ་དང་།མི་སེར་ཚོས་རིམ་བཞིན་ས་འོག་ཏུ་སྨི3ལྷག་ཙམ་བསློག་ནས་བལྟས་པས་ཚ་ཆུ་ཡོད་པ་ཤེས་ཏེ་ཚ་ཆུ་དེའི་རྒྱུ་བ་ད་གཟོད་འབྱུང་བ་རེད།དེ་ནས་སྔོན་རྗེས་ཚ་ཆུ་ཁག་ལྔ་བྱུང་ཡོད་པ་དང་ད་ལྟ་བཞི་བེད་སྤྱོད་བྱེད་བཞིན་ཡོད།དེ་ལས་ནགས་ལས་ཅུས་ཀྱིས1995ལོར་གསར་དུ་བཟོས་པའི་ཚ་ཆུ་སྟེ་མིང་ལ་སྤྲོ་སྐྱིད་ལྡན་པའི་ཚ་ཆུ་ཞེས་བརྗོད།ཚ་ཆུ་དེའི་ཁང་པ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ30ལྷག་ཡོད་པ་དང་ཁང་པ5ཡོད།ཚ་ཆུའི་གཏིང་ཚད་ལ་སྨི1.3ཙམ་ཡོད་པ་ཅན་ཨར་འདམ་ལས་གྲུབ་པའི་ཁང་པ་སྤུས་ལེགས་ཤིག་ཡིན།དེ་དག་ཁང་པ་ཁག་རེ་རེའི་ནང་དུ་རྐུབ་སྟེགས་དང་གོན་པ་བཀལ་ས་ཆ་ཚང་ཡོད།དབྱར་དུས་སུ་ཚ་ཆུ་དེའི་དྲོད་ཚད80ལྷག་ཡོད་པ་དང་དགུན་དུས་ཀྱང་75ལས་མི་དམའ།སྤྱིར་ཚ་ཆུ་དེས་ནད་རིགས་ཐམས་ཅད་ལ་ཕན་པ་དང་།ཁྱད་པར་དུ་རླུང་གི་རིགས་ཏེ་གྲང་ནད་དང་པུས་མོ།རྐེད་པ་ན་རྒྱུ་སོགས་ལ་དེ་བས་ཀྱང་ཕན་པ་རེད།མ་ཚད་ཚ་ཆུའི་རིན་ཡང་ཤིན་ཏུ་ཆུང་བས་བྲག་འགོ་དང་རྔ་བ།ཉག་རོང་།རྫ་ཆུ་ཁ་སོགས་རྫོང་ཁག་གཞན་གྱི་མི་མང་པོ་ཚ་ཆུ་འདི་ནང་ཡོང་བ་མ་ཟད།ལ་ལ་གཟའ་འཁོར་གཅིག་ལྷག་ཙམ་བསྡད་པ་དང་ལ་ལ་ཟླ་བ་གཅིག་ཙམ་བསྡད་ནས་ཚ་ཆུ་ནང་དུ་ལུས་པོ་བཀྲུས་ཏེ་རང་གི་ནད་རྣམས་བཅོས་ཐབས་བྱེད་པ་དང་ཉིན་རེ་ལ་ཐེངས་མ་གཉིས་ཙམ་འཁྲུ་བཞིན་ཡོད།ཁོ་ཚོས་ཚ་ཆུ་དེས་ནད་རིགས་ཀུན་ལ་ཕན་པ་ཤིན་ཏུ་ཆེན་པོ་འདུག་ཅེས་གཏམ་གླེང་དང་བསྔགས་བརྗོད་བྱས་པ་མ་ཟད་ཚ་ཆུ་དེ་ཚ་དམ་དང་ཤེལ་དམ་སོགས་སུ་བླུག་ནས་ཁྱིམ་དུ་ཁྱེར་ཏེ་ནད་པ་ཚོ་ལ་ལུས་པོ་འཁྲུ་རུ་བཅུག་པ་རེད།ཚ་ཆུ་དེའི་ནང་དུ་ཉིན་རེ་ལ་མང་ན་མི་གྲངས70ལྷག་ཙམ་ཡོང་བ་དང་།ཉུང་མཐར་ཡང་མི་གྲངས40ནས50བར་ཡོང་བཞིན་ཡོད།

  • ལེ་ཚན་སྔོན་མ།:དུང་དཀར་ལུང་པའི་གནས་རྡོ་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:དར་མདོའི་གཡག་རྒྱག་སྒང་གི་ཡུལ་ལྗོངས།
  • དོ་སྣང་ཆེ་བའི་རྩོམ།