ཕུན་ཚོགས་རབ་བརྟན།

དཀོན་མཆོག་རྡོ་རྗེ།        2011-08-23

ཕུན་ཚོགས་རབ་བརྟན་ནི་བོད་རབ་རྒྱན་ཆུ་རྟ་ལོ་སྟེ་སྤྱི་ལོ༡༩༤༢ལོར་དཔལ་ཡུལ་རྫོང་ཨ་ཁྲི་གྲོང་དུ་སྐྱེས། དགུང་ལོ་བརྒྱད་པ་ནས་བོད་ཡིག་འབྲི་ཀློག་སྦྱོང་། དགུང་ལོ༡༢ནས༡༨བར་དུ་བོད་ཀྱི་གསོ་བ་རིག་པའི་རྒྱུད་བཞི་བློར་ལེན་པ་དང་། དགེ་བའི་བཤེས་གཉེན་དམ་པ་མེས་པོ་ཀརྨ་སྟོབས་ལྡན་གཙོས། ཉག་རོང་ཆོས་དར། འཁོར་སྒོ་དཔལ་འབྱོར། དིས་ཆུང་བློ་ཆོས་སོགས་ཀྱིས་མན་ངག་སྐོར་སོགས་ལ་བུམ་པ་གང་བྱོས་ལྟར་གནང་། འོན་ཀྱང་སྤྱི་ལོ༡༩༥༩ལོར་དུས་དབང་གིས་བོད་ལུགས་གསོ་རིག་ཉམས་ཉེས་སོང་བ་དང་། ཁྱད་པར་དུ་ཁམས་ཁུལ་དུ་སྨན་པ་དང་སྨན་རྫས། སྨན་གྱི་སྤྱོད་ཆས་སོགས་ནི་ཐལ་ཕུང་ནང་གི་མེ་སྟག་ལྟ་བུ་གྱུར། ཡིན་ན་ཡང་དཔྱིད་དུས་ཤིག་ལ་ཨ་ཁྲི་ཡུལ་གྲུར་ཉིན་མོ་རུ་ཁག་གི་མི་རྣམས་ཀྱིས་དཔྱིད་རྨོས་ཀྱི་བྲེལ་འཚབ་ཆེ་བའི་དུས་སུ་རིམས་ནད་ཚབས་ཞིག་ཕོག་ནས་ཞིང་རྨོ་སྐབས་མཛོ་དོར་ཆ་མ་འཛོམས་པ་དང་། ཞིང་ཁར་ས་བོན་འདེབས་མཁན་ཡང་མེད་པ་བྱུང་ཞིང་། དེ་འཕྲལ་མི་རྣམས་ཀྱིས་ཕུན་ཚོགས་རབ་བརྟན་ལ་སྨན་བཅོས་བྱ་དགོས་པའི་རེ་བ་ཞུས་པས་ཁོང་གིས་རྩ་ཆུ་དང་ཟས་སྤྱོད་བསླབས་པ་སོགས་ཀྱིས་མི་རྣམས་ཀྱིས་གོང་རིམ་ལ་རེ་ཞུ་ཡང་ཡང་བྱས་མཐར། ༡༩༦༡ལོར་ས་གནས་དེར་བོད་ཀྱི་སྨན་ཁང་ཆུངཆུང་ཞིག་བཙུགས་ནས་མི་སེར་ལ་ཕན་ཐོགས་ཆེན་པོ་བསྐྲུན་པས་ཁོང་གི་སྙན་གྲགས་ཀྱང་ཇེ་ཆེ་རུ་སོང་ནས༡༩༨༡ལོར་དཔལ་ཡུལ་རྫོང་གིས་བོད་སྨན་ཁང་གསར་དུ་འཛུགས་སྐབས་ཁོང་ཡོན་ཀྲང་དུ་གདན་འདྲེན་ཞུས་ཤིང་། ཁོང་གིས་ཕྱོགས་གཅིག་ནས་སྨན་ཁང་འཛུགས་སྐྲུན་བྱས་པ་དང་ཕྱོགས་གཞན་ཞིག་ནས་བོད་སྨན་གསོ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཤིང་ཁོང་རང་ཉིད་ཀྱིས་སློབ་ཁྲིད་བྱས་ཏེ་སྨན་ཁང་དེའི་སྨན་པ་མང་དག་གསོ་སྐྱོང་བྱས། རྫོང་དེ་གའི་གྲོང་གསེབ་ཏུ་ཡན་ལག་སྨན་ཁང་ཆེ་ཆུང༡༤ཙམ་སྔར་མེད་གསར་འཛུགས་གནང་། ད་དུང་ཉིན་ལྟར་ནད་པ་བཅུ་ཕྲག་ཁ་ཤས་ལ་སྨན་ལྟ་བ་སོགས་མི་མང་པོའི་བྱ་བ་ཁོང་གཅིག་པུས་བསྒྲུབས་ནས་ཤ་ཟད་རུས་སྐམ་དུ་གྱུར་བའི་ངལ་བར་འབད། སྔོན་རྗེས་སུ་སྨན་ཁང་དེར་རིན་ཆེན་མུ་ཏིག་བདུན་ཅུ་སོགས་སྨན་སྣ་རྩ་ཆེན༡༡ཙམ་བསྡུ་སྦྱོར་བྱས་ཤིང་ད་དུང་སྨན་སྣ་གསུམ་ཙམ་རྒྱལ་ཁབ་ཀྱི་སྨན་ཨང་ཐོབ་ཐབས་བྱས། དེ་དང་ཆབས་ཅིག་སེར་ཤུལ་རྫོང་དང་སྡེ་རོང་རྫོང་དུ་བོད་སྨན་ཁང་གསར་འཛུགས་བྱེད་སྐབས་རོགས་རམ་མཐུན་རྐྱེན་མང་དག་བསྒྲུབས་པ་དང་སེར་ཤུལ་འབྲུག་གྲགས་སྤྲུལ་སྐུ་དང་སྨན་ཤུལ་སྤྲུལ་སྐུའི་དང་སྐྱབས་མགོན་སྤྲུལ་སྐུ། རྒྱལ་བསྟན་སྤྲུལ་སྐུ་སོགས་ཀྱི་དམངས་ཕན་བོད་སྨན་ཁང་སོགས་གསར་འཛུགས་བྱེད་སྐབས་ཞལ་འདེབས་མི་དམན་པ་ཞུས་ཡོད། ༡༩༩༨ལོར་ཕ་ཡུལ་དུ་ཕྱིར་ལོག་ནས་སྔར་ཨ་ཁྲི་ཡུལ་ཁྲུའི་ཕ་མེས་ཀྱི་གསོ་རིག་ཉམས་གསོ་བྱ་ཆེད༢༠༠༠ལོར་དཔེ་ཝར་ཤང་དུ་སྒོ་བསྟེན་སྨན་ཁང་གསར་པ་དངོས་སུ་བཙུགས་ཐུབ་པ་བྱུང་ཞིང་། མུ་མཐུད་ཕ་ཡུལ་མི་དམངས་ལ་ཞབས་འདེགས་བསྒྲུབས། དེང་སྐབས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༠༠༠ལྷག་ཡོད་པའི་བོད་ལུགས་སྨན་ཁང་ཆ་ཚང་ཞིག་བཙུགས་ནས། སྡོད་བཅོས་ཁང་དུ་ནད་པ་ཆེས་མང་སྐབས༤༠ཙམ་ཡོད་པ་དང་སྒོ་བསྟེན་སྨན་ཁང་དུ་ནད་པ་༨༠ཙམ་ཡོད་ཅིང་། སྨན་རྫས་སྣེ་གྲངས༡༣༨ཙམ་ཐོན་སྐྱེད་བྱེད་ཐུབ། ད་རུང་ཁོང་གིས་རང་ཉིད་ཀྱི་རྒྱུ་ནོར་བཙོངས་ནས་ཕ་ཡུལ་ལ་དྭ་ཕྲུག༡༨ཙམ་གསོ་སྐྱོང་བྱ་བའི་སློབ་གྲྭ་བཙུགས་ནས་རྗེས་རབས་པ་མང་དག་གསོ་སྐྱོང་གནང་།
༡༩༩༨ལོར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཁང་དང་ཀྲུང་སྨན་དོ་དམ་ཅུས་ཀྱིས་ཁོང་ལ་སི་ཁྲོན་ཞིང་ཆེན་གྱི་སྨན་པ་མཁས་ཆེན་ཞེས་པའི་མཚན་སྙན་གནང་། ལོ་དེའི་ཟླ་བ༡༡པར་རྒྱལ་སྤྱིའི་བོད་སྨན་མཐུན་ཚོགས་ཀྱིས་གདན་ཞུས་ལྟར་ཨ་རི་རྒྱལ་ཁབ་ཏུ་ཕེབས་ནས་སྐབས་དང་པོའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་གི་ཚོགས་འདུའི་ཐོག་ཕེབས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གསོ་བ་རིག་པའི་དཀའ་གནད་སྐོར་ཉམས་མྱོང་སྤེལ་རེས་གནང་། ༢༠༠༢ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཞིབ་འཇུག་ཁང་གིས་ཁོང་ཞིབ་འཇུག་པ་སྐུ་གཞོན་དུ་གདན་འདྲེན་ཞུས་སོ།།
 

  • ལེ་ཚན་སྔོན་མ།:སྨན་པ་ཆེན་པོ་ཚེ་རིང་ཕུན་ཚོགས།
  • ལེ་ཚན་རྗེས་མ།:བོད་ལུགས་གསོ་རིག་གི་མཁས་དབང་ཆེན་མོ་ཁང་སར་བསོད་ནམས་འཆི་མེད། 
  • དོ་སྣང་ཆེ་བའི་རྩོམ།