ཞིང་འབྲོག་མང་ཚོགས་ཀྱི་སྨན་པ་བཟང་པོ་རྒྱ་མཚོ།

ཡེ་ཤེས་མགོན་པོ        2011-01-04

ས་གཞི་ཆེན་པོ་གསེར་མདོག་གི་གོས་བཟང་བཀླུབས་ཤིང་།    ལོ་ལེགས་ཀྱི་འབྲུ་དྲུག་སྨིན་པའི་སྟོན་ཟླ་ཐ་ཆུང་གི་གཟའ་ཉི་མ་ཞིག་ལ།    ང་ཚོས་སྤྲོ་བ་འབུམ་གྱིས་བརྟས་པའི་སེམས་དང་བཅས་དར་མདོ་རྫོང་སྨན་ཁང་དུ་སོང་ནས་མི་རྣམས་ཀྱིས་བྱམས་སེམས་ཅན་གྱི་ལྷ་རྗེ་རུ་འབོད་པའི་སྨན་པ་རྒྱ་མཚོ་ལ་བཅར་འདྲི་བྱེད་དུ་སོང་བ་ཡིན།   ང་ཚོ་དེར་སླེབས་པའི་སྐབས་སུ་སྨན་པ་རྒྱ་མཚོས་ནད་པ་འགའ་ལ་ནད་གཞི་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།   རང་གི་དངོས་སུ་མཐོང་བའི་གནས་ཚུལ་ཉིད་ཀྱིས་སྨན་པ་རྒྱ་མཚོ་ནི་ཉིན་རྟག་པར་ནད་པ་ཚོའི་དོན་དུ་ངལ་གསོ་བྱེད་ཁོམ་མེད་པའི་མི་ཞིག་ཡིན་པ་རྟོགས་ཐུབ།  ང་ཚོས་འདིར་ཡོང་བའི་རྒྱུ་རྐྱེན་བཤད་རྗེས་བྲེལ་ཟིང་ཁྲོད་ནས་བར་གསེང་བཙལ་ཞེས་པ་ནང་བཞིན་རྒྱ་མཚོས་ང་ཚོས་བཅར་འདྲི་ཞུས་པར་དང་ལེན་བྱས་སོང་།  
1955ལོའི་ཟླ་བ4པར་རྒྱ་མཚོ་ནི་དར་མདོ་རྫོང་གི་རྫོང་ཞབས་གྲོང་སྡེ་རུ་སྐྱེས་ཏེ་འཚར་ལོངས་བྱུང་བ་དང་།    སློབ་གྲྭར་ཞུགས་པའི་ལོ་ནར་སོན་དུས་ཕ་མ་གཉིས་ཀྱིས་རྒྱ་མཚོ་སྡེ་བའི་སློབ་ཆུང་དུ་བསྐྱལ།   ལོ་ན14ལ་སོན་པའི་སྐབས་སུ་དམའ་རིམ་སློབ་འབྲིང་གི་རྒྱལ་སྒོའི་ནང་གོམ་ཁ་བསྒྱུར་མོད།   སྐབས་དེར་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྤེལ་སྒང་ཡིན་པས་སློབ་སྦྱོང་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་ཪྙེད་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་གྱུར།   མིང་དོན་མི་མཚུངས་པའི་དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་པའི་དཔང་རྟགས་ཡི་གེ་ལག་ལ་འབྱོར་རྗེས་ཡང་བསྐྱར་ཁྱིམ་དུ་ལོག་སྟེ་ཞིང་ལས་ལ་མི་ཞུགས་ཀ་མེད་བྱུང་།    ཡིན་ན་ཡང་སློབ་སྦྱོང་ལ་ཞེན་འདོད་མེ་ལྟར་འབར་བའི་རྒྱ་མཚོས་ནམ་རྒྱུན་མཚན་གུང་དུའང་ས་སྣུམ་སྒྲོན་མེའི་འོད་ལ་བརྟེན་ནས་ཤེས་བྱ་རིག་གནས་ལ་སྦྱངས་བརྩོན་དྲག་པོ་བྱས་ཤིང་།  ནང་དོན་མི་ཤེས་པ་རྣམས་ཟིན་བྲིས་སུ་ཕབ་སྟེ་ཕྱི་ཉིན་པར་རང་གི་ཤེས་རྒྱུས་ཡོད་པའི་དགེ་རྒན་ཞིག་བཙལ་ནས་ཁྲིད་སྟོན་གནང་རོགས་ཞུ་བ་རེད།   དེ་ལྟར་ཉིན་རྟག་པར་བརྩོན་པ་དྲག་པོ་བྱས་པར་བརྒྱུད།   རྒྱ་མཚོས་གནས་དེ་གར་སྙན་གྲགས་ཕྲན་བུ་ཡོད་པའི་ཤེས་ལྡན་མི་སྣ་ཞིག་ཏུ་གྱུར།   སྨྱུག་འཛིན་པས་བཅར་འདྲི་བྱེད་པའི་ཁྲོད་དུ་ཤེས་རྒྱུས་ལོན་པར་གཞིགས་ན།   རྒྱ་མཚོས་སྨན་པ་བྱེད་རྒྱུའི་ལམ་བུའི་ཐོག་བསྐྱོད་པའི་རྒྱུ་རྐྱེན་ནི་ཨ་མས་ཁོ་ལ་བཅངས་པའི་རེ་འདུན་གྱི་ཤུགས་རྐྱེན་དང་བྲལ་དུ་མེད་པ་ཞིག་རེད་འདུག   སྐབས་དེར་འཚོ་བའི་དཀའ་ངལ་ཆེ་བས་འཚོ་བཅུད་མི་འདང་བའི་རྐྱེན་གྱིས་རྒྱ་མཚོའི་གཟུགས་ཐང་ཞན་ལ་ནད་མནར་རྒྱུ་མང་བས་ཨ་མས་ཁོ་རང་ཁྲིད་དེ་ཕྱོགས་ཀུན་ཏུ་སྨན་པ་བསྟེན་དུ་སོང་།   ཉིན་ཞིག་ཨ་མས་ཁོ་ལ་བཤད་རྒྱུར།    ད་ལྟ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རིག་གནས་ཀྱི་རྨང་གཞི་ལེགས་པོ་ཞག་བཏིང་དང་།   རྗེས་སུ་སྨན་པ་བཟང་པོ་ཞིག་བྱས་ནས་ནད་རིམས་ཀྱིས་བཅིངས་པའི་མི་ཚང་མ་སྐྱོབ་དགོས།    དུས་དེ་ནས་བཟུང་ལོ་ན་ཆུང་བའི་རྒྱ་མཚོས་ཨ་མས་རེ་འདུན་བཅངས་པའི་སྐད་ཆ་དེ་སེམས་ལ་བཟུང་ནས་རང་ལ་སྐུལ་ལྕག་བྱེད་ཡས་བྱས།   དེ་ལྟར་ཨ་མའི་གཅེས་སྐྱོང་འོག་ནད་གཞི་དྲག་རྗེས་རྒྱ་མཚོས་གསོ་རིག་སློབ་སྦྱོང་བྱེད་རྒྱུའི་བགྲོད་ལམ་དེ་བདམས་ཀ་བྱས་པ་རེད།    རྒྱ་མཚོ་ལོ་ན20ལ་སོན་པའི་སྐབས་ཁོ་རང་གི་སྐོམ་པས་ཆུ་དང་ལྟོགས་པས་ཟས་འདོད་པ་ལྟ་བུའི་ཕུགས་བསམ་དེ་མངོན་དུ་གྱུར།   1975ལོའི་ཟླ་བ9པར་རྒྱ་མཚོས་མ་འོངས་པའི་ཕུགས་འདུན་དང་རེ་སྨོན་ཡིད་ལ་བཅངས་ཏེ་ཁྲུང་ཆིང་གསོ་རིག་སློབ་གྲྭ་ཆེན་མོའི་སྨན་བཅོས་ཚན་ཁག་ཏུ་རྒྱུགས་འཕྲོད།   ཁྱིམ་དང་བྲལ་ནས་ཐག་རིང་ལ་འགྲོ་མ་མྱོང་བའི་རྒྱ་མཚོ་ལ་མཚོན་ན།   གློ་བུར་དུ་རྒྱང་རིང་ལུང་ཁུག་ནས་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་ཐོན་དུས་མི་མདུན་གྱི་ཡོད་ཚད་ནི་ཡ་མཚན་ཞིང་གོམས་འདྲིས་མ་བྱུང་བའི་ཚོར་སྣང་ཞིག་ཡོད་མོད།   འོན་ཀྱང་ཁོས་ཡ་མཚན་ཆེ་བའི་དོན་དངོས་ཚང་མ་རྒྱབ་ཏུ་བསྐྱུར་ནས་ཕུགས་འདུན་གྱི་རླངས་ཕྲེང་དགུང་ལ་འཕྱུར་ཞིང་སེམས་པ་རྩེ་གཅིག་ཏུ་སློབ་སྦྱོང་ལ་ཕྱོགས་ཏེ་སློབ་ཁང་དང་སྡོད་ཁང་།   དགེ་རྒན་གྱི་གཞུང་ལས་ཁང་།    སློབ་གྲྭའི་ར་བ་བཅས་སུ་ཁོའི་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་པའི་གྲིབ་མ་བཞག་པ་རེད།
ལོ་གསུམ་རིང་གི་སློབ་སྦྱོང་མཐར་ཕྱིན་རྗེས།   ཁོས་སྔོན་རྗེས་སུ་དར་མདོ་རྫོང་ར་རྔ་ཁ་འཕྲོད་བསྟེན་སུའོ་དང་སྐྱ་གད་འཕྲོད་བསྟེན་སུའོ་བཅས་སུ་སྨན་བཅོས་ཀྱི་ལས་ཀ་བསྒྲུབས་མྱོང་།   དེའི་དུས་སུ།   ཁོས་ཉིན་དཀར་ལ་སྨན་པ་རྒན་པ་དག་གི་སྨན་བཅོས་ལག་ལེན་དང་ནད་པ་རེ་རེ་བཞིན་དུ་ནད་གཞི་བརྟག་བྱེད་པའི་བརྒྱུད་རིམ་ཚང་མར་ལྟ་ཞིབ་བྱས་པས་མ་ཚད།   ཉམས་མྱོང་ཕྱོགས་བསྡོམས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡག་ཐོག་ཡག་བརྩེགས་ཀྱི་སྨན་བཅོས་ལག་རྩལ་སྦྱོང་བར་བརྩོན་ལེན་བྱས་པར་བརྟེན།   མྱུར་མགྱོ གས་ཀྱིས་སྨན་བཅོས་ལག་རྩལ་ལ་བྱང་གོམས་ཅན་གྱི་སྨན་པ་ཞིག་ཏུ་གྱུར།   ལོ་བཅུ་ལྷག་རིང་ལ་གཞི་རིམ་དུ་སྨན་བཅོས་ལས་དོན་བསྒྲུབས་རིང་།   རྟག་པར་གཟའ་ཉི་མ་དང་འཁེལ་བའི་སྐབས་སུ་སྨན་སྒམ་ཞིག་ཁུར་ནས་གྲོང་གསེབ་ཏུ་སྐོར་སྐྱོད་སྨན་བཅོས་བྱེད་དུ་འགྲོ    ཐ་ན་སྨན་རིན་མེད་པའི་ནད་པ་དག་ལ་ཁོ་རང་གིས་སྨན་ཡོན་བྱིན་ནས་ཁོ་ཚོར་ནད་ལྟ་རོགས་བྱས།    1985ལོར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བའི་དགུན་ཟླའི་མཚན་མོ་ཞིག་ལ་གློ་བུར་དུ་ཕྱི་ནས་ཁོའི་མིང་འབོད་པ་ཞིག་ཐོས།    ཁོ་ཡར་ལངས་ཏེ་གནས་ཚུལ་ཞིབ་མོར་དྲིས་པས་ན།    སྤྱི་ལེ20ལྷག་ཙམ་རྒྱང་བའི་ས་ན།   ཟས་དུག་གི་རྐྱེན་ལས་ཟུག་གཟེར་གྱིས་དྲག་ཏུ་མནར་བའི་ནད་པ་ཚབས་ཆེ་ཞིག་ཡོད་པ་ཤེས་རྗེས།     ཅི་ཡང་བཤད་ཁོམ་མེད་པར་སྨན་སྒམ་རྒྱབ་ཏུ་ཁུར་ཏེ་ནད་པ་ཡོད་སའི་ཕྱོགས་སུ་གོམ་ཁ་བསྒྱུར།    གྲང་ཟུག་གདོང་ལ་གཙེས་པའི་ཁ་རླུང་གི་ནང་དུ་ཆུ་ཚོད6ལྷག་ཙམ་བསྐྱོད་མཐར་ད་གཟོད་གནས་དེར་སླེབས།    དེའི་དུས་ཁོའི་ངོ་གདོང་དང་རྐང་ལག་ཚང་མ་འཁྱགས་ནས་སྦྲིད་པོར་གྱུར།   འོན་ཀྱང་ཁོས་རང་གི་འཁྱགས་བཀྲེས་ཀྱི་སྣང་བ་ཚང་མ་རྒྱབ་ཏུ་དོར་ནས་ནད་པ་མྱུར་སྐྱོབ་བྱེད་པའི་ལས་ལ་ཞུགས།    ཁོས་སེམས་ཤུགས་བསྒྲིམས་ནས་སྨན་བཅོས་བྱས་པར་བརྒྱུད།   ནད་པ་དེའི་ཚེ་སྲོག་གཤིན་རྗེའི་ལག་ནས་ཚུར་འཕྲོག་པ་རེད། 
སྨན་བཅོས་ལག་རྩལ་དང་ཀུན་སྤྱོད་གཉིས་ལྡན་པའི་དབང་གིས1989ལོའི་ལོ་མཇུག་ཏུ་འབྲེལ་ཡོད་སྡེ་ཁག་གིས་རྒྱ་མཚོ་དར་མདོ་རྫོང་གི་སྨན་ཁང་དུ་ལས་གནས་སྤོས་ནས་ཕྱི་ནད་ཚན་ཁག་གི་འགན་ཁུར་དུ་བཅུག    ལས་གནས་གསར་པའི་ཐོག་ཏུ་འབྱོར་རྗེས་ཁོས་དེ་བས་སེམས་ཁུགས་བསྒྲིམས་ནས་སྨན་པ་རྒན་པ་རྣམས་ཀྱི་སྨན་བཅོས་ལག་རྩལ་སློབ་སྦྱོང་བྱས་པ་དང་སྨན་པ་ལོ་ཆུང་དག་ལ་རང་གིས་ཁོང་དུ་ཆུད་པའི་སྨན་བཅོས་ལག་རྩལ་བཅས་སྦ་གསང་མེད་པ་བསྩལ་བ་རེད།    དུ་དུང་ལས་ཞོར་དུ་དུས་ཚོད་སྤྱད་ནས་གསོ་རིག་གི་གསུང་འབུམ་འབོར་ཆེན་ཀློག་འདོན་བྱས་ནས་སྨན་བཅོས་ལག་རྩལ་ཞིབ་འཇུག་བྱས་པ་དང་།     སྨན་བཅོས་བྱེད་སྟངས་གསར་པ་བཅུད་ལེན་བྱས་ཏེ་རང་གི་སྨན་བཅོས་ལག་རྩལ་ཐད་འཇོན་ནུས་བསྣན་པ་རེད།    སྨན་བཅོས་ཀྱི་ལས་དོན་བསྒྲུབས་ནས་ལོ་ངོ30ལྷག་གི་རིང་ལ་རྒྱ་མཚོས་ནད་པར་སྨན་བསྟེན་རྒྱུ་ཉིད་དམིགས་ཡུལ་དང་ནད་པ་རྣམས་རང་གི་གཉེན་ཉེ་ལྟར་བྱེད་རྒྱུ་དེ་རང་གི་ཀུན་སྤྱོད་ཚད་གཞི་ལ་རྩིས།   ཞིང་འབྲོག་མང་ཚོགས་དང་དབུལ་ཕོངས་ནད་པ་དག་ལ་ནད་ལྟ་དུས་ཁོས་དང་ཐོག་འདང་རྒྱག་རྒྱུ་ནི་ནད་པ་ཚོའི་ནད་གཞི་དྲག་ཐབས་བྱེད་རྒྱུ་ཕུད་ཁར།   ཁོ་ཚོའི་སྨན་རིན་སྲི་ཚགས་བྱེད་ཅི་ཐུབ་བྱེད་ཀྱིན་ཡོད།     1989ལོ་ནས་མིག་སྔའི་བར་དུ་རྒྱ་མཚོས་གཙོ་བོ་བྱས་ནས་བཤགས་བཅོས་བྱས་པའི་ནད་པ་སྟོང་ལ་ཟིན།   དེ་དག་ཐམས་ཅད་རྒྱ་མཚོ་ལ་ཆ་བཞག་ནས་བཤད་ན།   ནད་པར་དོན་བཟང་བསྒྲུབས་པ་ནི་གྲངས་ལས་འདས་པ་ཞིག་ཡིན་པ་ནི་སྨོས་ཅི་དགོས།   འོན་ཀྱང་འདིར་སྨྱུག་འཛིན་པས་བཀོད་པའི་གནས་ཚུལ་དུམ་བུ་ནི་རྒྱ་མཚོས་ཞིང་འབྲོག་མང་ཚོགས་ལ་དོན་བཟང་བསྒྲུབས་པའི་ཆུ་རྒྱུན་རིང་པོའི་ནང་གི་ཆུ་ཐིགས་ཙམ་ཞིག་འཐེན་པ་ཡིན།   མི་སེར་ཚོས་ཁོ་ལ་གནང་བའི་བྱམས་སེམས་ཅན་གྱི་ལྷ་རྗེ་ཞེས་པའི་མཚན་སྙན་དེས་རྒྱ་མཚོས་ནད་པ་དག་ལ་བསྒྲུབས་པའི་དོན་ར་སྤྲོད་བྱེད་ཀྱིན་རེད།  དེར་བརྟེན་ང་ཚོས་ཁོང་ཉིད་ཀྱིས་འབྱུང་འགྱུར་གྱི་སྨན་བཅོས་ལས་ཀའི་ཁྲོད་དུ་བྱས་རྗེས་དེ་བས་ཆེན་པོ་འཇོག་རྒྱུ་སྨོན་འདུན་ཞུས་པ་ལགས།  
  • ལེ་ཚན་སྔོན་མ།:སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས།
  • ལེ་ཚན་རྗེས་མ།: སྨན་པ་མཁའ་ལེགས་བཟོད་པ།
  • དོ་སྣང་ཆེ་བའི་རྩོམ།