སྨན་པ་ཆེན་པོ་ཚེ་རིང་ཕུན་ཚོགས།
ཡེ་ཤེས་མགོན་པོ 2011-01-04
ཁམས་པའི་མཐོ་སྒང་དུ་དཔྱིད་དཔལ་རབ་ཏུ་རྒྱས་པའི་དུས་འདིར། སྨྱུག་འཛིན་པས་ཁམས་པའི་ས་ཁུལ་གྱི་བོད་ཀྱི་སྨན་པ་དཀའ་བཅུ་བ་ཞེས་མཚན་སྙན་ཡོད་པའི་དབྱང་པའོ་ཧྲུའུ(བོད་མིང་ལ་ཚེ་རིང་ཕུན་ཚོགས)ལ་བཅར་འདྲི་བྱས་པ་ཡིན། ངས་དཀར་མཛེས་བོད་སྨན་ཁང་དུ་དབྱང་པའོ་ཧྲུའུ་བཙལ་དུ་འགྲོ་སྐབས། དབྱང་པའོ་ཧྲུའུ་ཡིས་ཁྲེང་ཏུའུ་རྒྱ་ལུགས་སྨན་བཅོས་སློབ་གྲྭ་ཆེན་པོའི་སྨན་རམས་པ་ཞིག་དང་གཏེར་རྫས་ལ་དུག་སེལ་ཐབས་ཀྱི་དཔྱད་རྩོམ་སྐོར་བསམ་འཆར་བརྗེ་རེས་བྱེད་བཞིན་འདུག ཅུང་འགོར་རྗེས་ངས་འདིར་འོངས་པའི་རྒྱུ་མཚན་དབྱང་པའོ་ཧྲུའུ་ལ་ཞུས་རྗེས་བཅར་འདྲི་བྱེད་པར་དང་ལེན་བྱས་བྱུང་།
རྒན་རབས་པའི་སེམས་ནང་གི་བརྩོན་འགྲུས་ཅན།
1952ལོའི་ཟླ་བ2པར་དབྱང་པའོ་ཧྲུའུ་ཉིད་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་རྦ་འོབས་རུང་ཤང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོའི་ཨ་མྱེ་ནི་ས་གནས་དེ་གར་སྙན་པའི་གྲགས་པ་ཁྱབ་པའི་བོད་ཀྱི་སྨན་པ་ཞིག་ཡིན་ཞིང་། ལོ་ན་བདུན་ལ་སོན་སྐབས་དབྱང་པའོ་ཧྲུའུ་ཡིས་ཤང་གི་ལྟེ་བའི་སློབ་ཆུང་དུ་སློབ་སྦྱོང་བྱས་པ་དང་ཆབས་ཅིག ཨ་མྱེའི་སྐུ་མདུན་ནས་བོད་ཀྱི་གསོ་རིག་སྦྱངས་ཤིང་། དེའི་སྐབས་སུ་ཨ་མྱེས་ཁོ་ལ་ངའི་སྨན་གྱི་ལག་རྩལ་འདི་ཙམ་གྱིས་ནད་ཆེན་བཅོས་ཐུབ་ཀྱི་མ་རེད། རྗེས་སུ་ཁྱོད་རྦ་འོབས་རུང་ཤང་ནས་ཕྱི་ཕྱོགས་སུ་འགྲོ་སྟེ་སྨན་པ་ཆེན་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོན་པ་བྱེད་དགོས་ཞེས་བཀའ་སློབ་གནང་མྱོང་།
དབྱང་པའོ་ཧྲུའུ་ཡིས་ཨ་མྱེའི་བཀའ་སློབ་སེམས་ལ་བརྟན་པོ་བཟུང་བ་ནི་ལོས་ཡིན། དུས་དེ་ནས་བཟུང་ཁོའི་སེམས་སུ་སྨན་པ་ཆེན་པོ་ཞིག་བྱ་རྒྱུའི་ཕུགས་འདུན་བཅངས་ཏེ་ཉིན་མོར་བརྩོན་པ་དྲག་པོས་སློབ་གྲྭ་ནང་སློབ་སྦྱོང་བྱས། ལོ་རྟག་པར་གསུམ་བཟང་སློབ་མ་དང་ལྔ་ཡག་སློབ་མའི་མཚན་སྙན་རག་གིན་ཡོད།
མཚན་མོ་དང་ཡང་ན་གུང་སེང་སྐབས་སུ་ཨ་མྱེའི་སྐུ་མདུན་ནས་བོད་ཀྱི་གསོ་རིག་ལག་རྩལ་དང་། སྨན་རྩྭ་ངོས་འཛིན། སྨན་སྦྱོར་བྱེད་སྟངས་བཅས་སྦྱངས་ནས་ཕྱིན་ཆད་གསོ་རིག་གི་ལམ་བུ་སྟེང་བགྲོད་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་པ་རེད།
དམའ་རིམ་སློབ་འབྲིང་ནང་སློབ་སྦྱོང་བྱེད་པའི་སྐབས་སུ་དབྱང་པའོ་ཧྲུའུ་ཡིས་ཨ་མྱེ་དང་མཉམ་དུ་གསོ་རིག་ལག་རྩལ་སྦྱོང་འགོ་ཚུགས་ཤིང་། དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་རྦ་འོབས་རུང་ཤང་གི་འགོ་ཁྲིད་ཀྱིས་སློབ་སྦྱོང་ལ་བརྩོན་པ་བྱས་པ་དང་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་ནད་ལྟ་བའི་རྣམ་པ་དེ་མཐོང་ནས། ཁོ་རང་ཉིད་ཤང་གི་འཕྲོད་བསྟེན་ཁང་དུ་ལས་ཀའི་བཀོད་སྒྲིག་བྱས་ཡོད། དེའི་སྐབས་སུ་ཁོ་ལོ་ན18ལས་སོན་མེད་མོད། ལས་ཀ་སྒྲུབ་དུས་ལྷག་བསམ་ཟོལ་མེད་བྱས་ནས་དུས་རྒྱུན་རྒྱ་མཚོ་ངོས་ལས་ས་ཁ་མཐོ་ཚད་སྨི་6000ལྷག་གི་རི་འགོར་ཕྱིན་ཏེ་སྨན་རྩྭ་འཐུ་བ་དང་སྨན་སྦྱོར་བྱས་མཐར། ས་གནས་དེ་གར་སྙན་གྲགས་ཕྲན་བུ་ཡོད་ལ། ལས་ཀའི་རྣམ་འགྱུར་བཟང་ཞིང་བརྩོན་འགྲུས་ཅན་གྱི་སྨན་པ་ཞིག་ཏུ་གྱུར།
ནད་པའི་སེམས་ནང་གི་སྨན་པ་བཟང་པོ།
1973ལོའི་སྟོན་ཁ་ནི་དབྱང་པའོ་ཧྲུའུ་ཡི་མདུན་ལམ་གྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བའི་དུས་ཤིག་ཡིན། ཁོ་རང་ཉིད་བརྒྱད་ཟིལ་རྫོང་འཕྲོད་བསྟེན་ཅུས་ཀྱིས་ངོ་སྤྲོད་བྱས་ནས་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭར་རྒྱུགས་འཕྲོད། ཁོས་ཪྙེད་དཀའ་བའི་གོ་སྐབས་འདིར་གཅེས་སྤྲས་བྱས་པའི་དབང་གིས་དུས་རྒྱུན་རིག་གཞུང་ཐད་སློབ་སྦྱོང་བྱས་ནའང་འདྲ། ནད་ཐོག་སྨན་བཅོས་ཀྱི་དངོས་སྦྱོང་བྱས་ནའང་འདྲ། ཁོ་རང་གིས་དཀའ་སྤྱད་འབད་བརྩོན་བྱས་ནས་གཡུར་དུ་ཟ་བའི་སྦྱངས་འབྲས་ཐོབ་ཡོད། ལོ་གཉིས་རིང་ལ་སློབ་སྦྱོང་བྱས་པར་བརྒྱུད་ཁོའི་ཕྱིན་ཆད་ཀྱི་སྨན་བཅོས་ལས་དོན་སྤེལ་བར་རྨང་གཞི་ངེས་ཅན་ཞིག་འདིང་བ་རེད། དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་དབྱང་པའོ་ཧྲུའུ་ཉིད་བརྒྱད་ཟིལ་རྫོང་མི་དམངས་སྨན་ཁང་དུ་ལས་བགོས་བྱས་ཡོད། 1977ལོར་དབྱང་པའོ་ཧྲུའུ་ཉིད་ཁྲུང་ཆིང་གསོ་རིག་སློབ་གྲྭ་ཆེན་པོའི་ནང་སློབ་སྦྱོང་བྱེད་དུ་མངགས། 1981ལོར་བརྒྱད་ཟིལ་རྫོང་འཕྲོད་བསྟེན་ཅུས་སུ་ལས་གནས་སྤོས། 1990ལོར་དབྱང་པའོ་ཧྲུའུ་དཀར་མཛེས་ཁུལ་བོད་སྨན་ཁང་དུ་ལས་གནས་སྤོས་ནས་བོད་སྨན་ཁང་གི་འགོ་འཛིན་པའི་འགན་ཁུར་བ་རེད།
སྨན་བཅོས་ཀྱི་ལམ་བུ་ཐོག་དངོས་སུ་བསྐྱོད་རྗེས། དབྱང་པའོ་ཧྲུའུ་ཡིས་ཨ་མྱེའི་ཁ་ཏ་སློབ་གསོ་སེམས་ལ་དམ་པོ་བཟུང་ནས་སྨན་གྱི་རིག་གཞུང་མུ་མཐུད་ནས་སློབ་སྦྱོང་དང་། ནད་པ་སུ་ཡིན་རུང་ཁ་དགའ་ངོ་འཛུམ་གྱིས་ནད་རྟགས་བྱས་པས།
ས་གནས་ཉིད་ཀྱི་མང་ཚོགས་ཁྲོད་དུ་དབྱང་པའོ་ཧྲུའུ་ལ་ཕ་མ་ལྟ་བུའི་སྨན་པ་ཞེས་བསྔགས་བརྗོད་བྱས་པ་རེད།
ལས་གྲོགས་སེམས་ནང་གི་དཔེ་བཟང་ཅན།
དཀར་མཛེས་ཁུལ་བོད་སྨན་ཁང་དུ་ལས་གནས་སྤོས་རྗེས། དབྱང་པའོ་ཧྲུའུ་ཉིད་རིག་གཞུང་དང་ཚན་རིག་ལག་རྩལ་ཞིབ་འཇུག་གི་གར་སྟེགས་ཐོག་འཛེགས་འགོ་ཚུགས། དེའི་སྐབས་སུ་དཀར་མཛེས་ཁུལ་བོད་སྨན་ཁང་ཏང་ཨུའི་དབྱང་པའོ་ཧྲུའུ་ཡིས་ལོང་མང་པོའི་རིང་ལ་དམིགས་སུ་ཐོན་པའི་བྱས་རྗེས་ལ་གཞིགས་ནས། ཁོ་ཉིད་རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་རིག་རྒྱུན་འཛིན་བྱེད་མཁན་གྱི་གྲས་སུ་མཚམས་སྦྱོར་བྱས་ཡོད། བོད་སྨན་ཁང་འདིའི་རྒྱལ་ཁབ་རིམ་པའི་གྲགས་ཅན་སྨན་པ་ཐང་ག་ངག་དབང་རྒྱ་མཚོས་ལོ་གསུམ་རིང་ལ་ཁྲིད་སྟོན་གནང་ནས་རྒྱུགས་སྤྲད་པར་བརྒྱུད། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱིས་སྤྲད་པའི་ཚད་མཐུན་ལག་ཁྱེར་རག་པ་རེད།
དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་དུས་དཀྱིལ་ནས་བཟུང་། དབྱང་པའོ་ཧྲུའུ་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་གི་ནང་ཞུགས་ཤིང་། མིག་སྔའི་བར་དུ་སླེབས་སྐབས། ཁོས་གཙོ་འགན་བྱས་ནས་ཞིབ་འཇུག་བྱས་པའི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཞིབ་འཇུག་གི་རྣམ་གྲངས་གཉིས་ཡོད་པ་དང་། རྒྱལ་ཁབ་ཚན་རྩལ་པུའུ་ཡི་ཚན་རྩལ་གསར་གཏོད་ཀྱི་ཞིབ་འཇུག་རྣམ་གྲངས་གཅིག སི་ཁྲོན་ཞིང་ཆེན་གྱི་ཚན་རྩལ་ཞིབ་འཇུག་རྣམ་གྲངས3བཅས་ལེགས་སུ་གྲུབ་ཡོད། ད་དུང་བོད་སྨན་གྱི་མ་ཕྱིན་བཙོ་ཐལ་བདུད་རྩི་མའི་ནད་ཐོག་སྨན་བཅོས་ཀྱི་དཔྱད་འདེམས་ཞིབ་འཇུག་ལེགས་གྲུབ་བྱུང་ནས་བོད་ཀྱི་གསོ་རིག་ཐད་རིག་གཞུང་ཆ་ཚང་མིན་པའི་གནད་དོན་ཐག་གཅོད་བྱས་པ་རེད། དེ་དང་ཆབས་ཅིག རྒྱལ་ཁབ་ཀྱི་བོད་སྨན་གསར་པ་རིགས་གསུམ་སྟེ་གཟེར་འཇོམ་རྡོ་རྗེ་དང་། ཚིལ་འཇོམ་རྡོ་རྗེ། བཅོ་ལྔ་དྲག་སྦྱོར། ཏིག་ཏ་བརྒྱད་པ། བདུད་རྩི་ངོ་སྣུམ་བཅས་བོད་ཀྱི་སྨན་སྣ་རིགས་གསར་པ10ལྷག་ཙམ་སྡེབས་སྦྱོར་བྱས་པ་དེ་རྒྱལ་ཁབ་སྨན་རྫས་དོ་དམ་ཅུས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་དང་མཐུན་པ་རེད།
དབྱང་པའོ་ཧྲུའུ་ཡིས་དེང་རབས་ཀྱི་ཚན་རིག་ལག་རྩལ་བེད་སྤྱད་ནས་སྤོབས་པ་ཆེན་པོས་སྲོལ་རྒྱུན་གྱི་སྨན་སྦྱོར་བཟོ་རྩལ་ལེགས་བཅོས་བྱས་ཏེ་བོད་ཀྱི་སྨན་པ་སྦྱོར་བཟོ་རྩལ་དེ་བས་ཚན་རིག་ཅན་དང་། ཚན་ལྡན་ཅན། ཚད་གཞི་ཅན་བྱས་ནས་བོད་སྨན་གྱི་ཚོང་ར་གསར་གཏོད་བྱས་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅིང་། མིག་སྔའི་བར་དུ་སླེབས་སྐབས། དཀར་མཛེས་ཁུལ་བོད་སྨན་ཁང་གིས་ལས་སྣོན་བྱས་པའི་སྨན་རྫས་སྣེ་ཁ100ལྷག་ཙམ་ནས་སྣེ་ཁ260ལྷག་གི་ཐོག་འཕར་སྣོན་བྱུང་ཡོད། སྨན་ཁང་རང་ཉིད་ཀྱིས་དུས་རྒྱུན་སྤྱོད་རྒྱུ་ཕུད་ཁར་རང་ཁུལ་གྱི་གཞི་རིམ་བོད་སྨན་ཁང་དང་མཐའ་སྐོར་གྱི་ས་གནས་ཀྱི་བོད་སྨན་ཁང་ལའང་འདོན་སྤྲོད་འདང་ངེས་བྱེད་ཆོག་པ་རེད། དབྱང་པའོ་ཧྲུའུ་ཡིས་འགན་ཁུར་ནས་ཞིབ་འཇུག་བྱེད་བཞིན་པའི་གྲུམ་འབུའི་ནད་དང་། གཅིན་པ་མངར་འགྱུར་བཅས་ཆེད་དོན་ནད་རིགས་གསུམ་དེ་རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཅིག་པར་ཆེད་དུ་ནད་རིགས་ཞིབ་འཇུག་བྱ་ཡུལ་གྱི་གྲས་སུ་བཞག་ཡོད་པས། དབྱང་པའོ་ཧྲུའུ་ཡིས་ཕྲག་ཐོག་གི་ལས་འགན་ཡང་སྔར་བཞིན་བརྗིད་ཉམས་ལྡན་ལ་ཕུགས་ཐག་རིང་པོ་ཡིན་པ་རེད།