ཝ་རི་མཁར།

        2016-07-13

ཝ་རི་མཁར།

ཝ་རི་མཁར་འདི་ནི་སྔར་ཁྱིམ་གཞིས་ཆེན་པོ་ཞིག་གི་ཡིན་པར་ངེས་ཤིང་། ཁང་ཤུལ་དང་། མཁར་ཟུར་བརྒྱད་ཆེན་པོ་ཞིག་ཀྱང་ཡོད་པས་ཤེས་ཐུབ། འོན་ཀྱང་དེ་ཉག་དམག་གི་སྔོན་ཞིག་ནས་མེད་པར་གྱུར་ཟིན་པ་འདྲ། རྒྱུ་མཚན་ནི་བདག་ཉན་ཤུལ་འཇམ་དབྱངས་གྲགས་པ་ལུང་པ་འདི་ནས་འཚར་ལོངས་བྱུང་བ་ཡིན་ཡང་། རང་ལོ་བཅུ་གྲངས་ཙམ་གྱི་སྐབས་སུ་ཀ་བཞི་དགོན་གྱི་གྲྭ་རྒན་འབྲུ་མདའ་གདུགས་དཀར་ཚེ་རིང་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་པ་དེ་དང་། འབྲུ་མདའ་ཁྲི་པ་རིན་ཆེན་རྣམ་རྒྱལ་སོགས་བཞུགས་ལ། ཁོང་རྣམ་པས་ལུང་པའི་ལོ་རྒྱུས་དང་མི་རྒྱུད་སོགས་མང་པོ་ཞིག་གསུངས་པ་ཐོས་ཀྱང་ཝ་རིས་ཚང་གི་ལོ་རྒྱུས་གསུངས་རྒྱུ་མི་འདུག་པ་ལས་ཤེས་སོ། །ད་ལྟ་དེ་ཚང་གི་ཁྱིམ་རྒྱུད་དང་མི་རྒྱུད་ཡོད་པ་མ་ཐོས། མཁར་ཆེན་པོ་དེའི་ཕྱོགས་གཅིག་ཞིག་སོང་བ། དེའི་རྩེ་མོར་བདག་འཇམ་དབྱངས་གྲགས་པ་ལོ་བཞིའི་སྐབས་མཁར་དེའི་ཉེ་འདབས་ཤིག་ན་སྟོན་ཀ་ངེད་ཚང་གི་རུ་བ་བསྡད་ཡོད་སྐབས། ཉིན་ཞིག་ལ་ཇི་ལྟར་སོང་བ་སུས་ཀྱང་མ་ཤེས་པར་རྩེ་མོར་སླེབས་འདུག་པས། ཁྱིམ་མི་རྣམས་ལ་དངངས་སྐྲག་ཆེན་པོ་བྱུང་འདུག་ཀྱང་། སྐབས་དེར་བདག་གི་ཞང་པོ་ཉན་ཤུལ་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་འོད་གསལ་གྱིས་ཁྱོད་རྣམས་སྐྲག་མི་དགོས། དེ་ལ་མིག་གིས་མ་བལྟ་བར་སྡོད་གསུངས། ནང་མི་སོགས་ཀྱིས་དེ་ལྟར་བྱས། རེ་ཞིག་ན་ཇི་ལྟར་མར་བབ་པ་མ་ཤེས་པར་ཁྱིམ་དུ་སླེབས་བྱུང་ཞེས་མ་རྒན་དང་། ཁྱིམ་མཚེས་རྒན་པོ་དག་ལ་གསུང་རྒྱུ་འདུག   མཁར་དེ་སྤྱི་ལོ༢༠༡༡ལོའི་དཔྱིད་ཀར་ཤ་འུ་གཤིས་ཁུ་ཀྱུ་དཔོན་གྱི་རྒྱུད་ལས་མཆེད་པའི་མི་ཉག་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན༼  མི་ཉག་འགི་བ་ཁའི་སྤྲུལ་སྐུ་བོད་ཀྱི་འཛུགས་སྐྲུན་པ་གྲགས་ཅན་མི་ཉག་ཆོས་ཀྱི་རྒྱལ་མཚན ༽ འཛུགས་སྐྲུན་ཇུས་འགོད་སློབ་སྟོན་པ་དེས་ཉམས་གསོ་གནང་། མཁར་གྱི་ལྡེ་མིག་སོག་བཟའ་དཔལ་རྡོར་ཞེས་པར་གནང་ཡོད་དོ། །   
༼ ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལས་དྲངས། ༽

ཝ་རི་མཁར།

  • ལེ་ཚན་སྔོན་མ།:རི་རྫོང་དཔོན་ཁང་།
  • ལེ་ཚན་རྗེས་མ།:བློ་བྲོས་བའི་ཤུལ།