སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ།

ཡུལ་ཤུལ་དཀོན་མཆོག་རྡོ་རྗེ།        2016-03-21

སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ།

 སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ་ནི་སྒ་སྐྱེ་དགུ་གྲོང་རྡལ་ནས་ཤར་ཕྱོགས་སུ་སྤྱི་ལེ་ལྔ་ཙམ་གྱི་མཚམས་སུ་སེང་ཟེ་ཞེས་པའི་སྡེ་བ་ཆུང་ཆུང་ཞིག་ཆགས་ཡོད། སྡེ་བ་དེའི་དཀྱིལ་དུ་གཟུངས་སྔགས་དང་སྐུ་བརྙན་སྣ་ཚོགས་བརྐོས་པའི་མ་ཎི་རྡོ་འབུམ་ཞིག་དུས་ངན་སྙིགས་མའི་སྐྱེ་འགྲོའི་ཆོས་སྐལ་དུ་ཁྲ་ཆིལ་ལེར་མཆིས་ཡོད། མ་ཎི་རྡོ་འབུམ་དེའི་མིང་ལ་སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ་ཞེས་གྲགས། སེང་ཟེ་སྡེ་བ་དེའི་མིང་དང་རྒྱ་ནག་ཅེས་པའི་དོན་ནི་མ་ཎི་རྡོ་འབུམ་ཐོག་མར་བཞེངས་མཁན་དེ་རྒྱ་ནག་སྟོབས་ལྡན་བྱང་ཆུབ་འཕགས་གཡང་ལགས་ཡིན་པས་བྱེད་པོའི་མིང་རྡོ་འབུམ་ལ་སྦྱར་བ་ཡིན། ཡུལ་ཤུལ་ས་ཡོམ་རྗེས་གནོད་རྗེས་བསྐྱར་འཛུགས་ཁྲོད། མ་ཎི་རྡོ་འབུམ་དེའི་སྐོར་ལམ་དང་མདུན་གྱི་འཁོར་ཁང་། གཙུག་ལག་ཁང་སོགས་གསར་དུ་བཞེངས་པས་མ་ཚད། རྡོ་འབུམ་དེའི་ཁྱོན་ཡོངས་བསྐྱར་དུ་བསྒྲིགས་པས། གཙང་མ་དང་གྲལ་དག་པ། ཁོད་ཡངས་པ། ཁྱད་ཆོས་ཕུན་སུམ་ཚོགས་པའི་མ་ཎི་རྡོ་འབུམ་ཞིག་ཏུ་གྱུར་ཡོད། མ་ཎི་རྡོ་འབུམ་ལ་ཕྱག་བསྐོར་བྱེད་མཁན་མདོ་དབུས་ཁམས་གསུམ་གྱི་དད་ལྡན་གྲངས་ཀྱིས་མི་དཔོག་ལ། ལྷག་ཏུ་ཉ་སྟོང་ཚེས་བརྒྱད་དུ་བསྐོར་ལམ་དུ་ཕྱག་བསྐོར་བས་འཚང་སྟེ། སྒུག་བཞིན་བགྲོད་པ་ལས་ཤར་རྒྱུག་མི་ཐུབ།

སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ།

མ་ཎི་རྡོ་འབུམ་དེ་ནི་སྤྱི་ལོ༡༧༡༥ལོར། རྒྱ་ནག་རྟོགས་ལྡན་བྱང་ཆུབ་འཕགས་དབང་སྐུ་ཕྲེང་དང་པོ་བསྟན་འགྲོ་ཉི་ཤར་གྱིས་ཐོག་མར་གསར་དུ་བཞེངས།  ད་ལྟའི་བར་མ་ཎི་རྡོ་འབུམ་དེར་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། སྤྱི་ལོ་༢༠༠༥ལོར་གཏོས་ཚད་ཤིན་ཏུ་ཆེ་བའི་མ་ཎི་རྡོ་འབུམ་ཞེས་པའི་འཛམ་གླིང་ཅི་ཉི་སིའི་མཆོག་རབ་ཀྱི་མིང་ཐོ་བཀོད། ཉེ་ལམ་བསྡོམས་རྩིས་བྱས་པ་ལྟར་ན༼ཡུལ་ཤུལ་ས་ཡོམ་མ་བྱུང་བའི་སྔོན་གྱི་བསྡོམས་རྩིས་ཡིན། ས་ཡོམ་བྱུང་རྗེས་སྐྱེ་དགུ་གྲོང་རྡལ་གྱི་སྒེར་གཞུང་གི་ཁང་ཁྱིམ་དང་ར་བའི་རྨང་རྡོར་བྱས་པའི་མ་ཎི་ཚང་མ་བསློགས་ནས། སེང་གེ་མ་ཎི་རྡོ་འབུམ་དུ་སྐྱེལ་བར་མ་ཟད། གནོད་རྗེས་བསྐྱར་འཛུགས་ཀྱི་འཆར་གཞིའི་གྲས་སུ་ཚུད་དེ། མ་ཎི་རྡོ་འབུམ་གྱི་གྲངས་འབོར་དང་ཁོར་ཡུག  བཟོ་སྐྲུན་སོགས་སྔར་ལ་མཛེས་ཤིང་ཆེ་བར་གྱུར་ཡོད། ༽རྒྱ་ནག་མ་ཎི་རྡོ་འབུམ་ལ་རྡོ་ལེབ་དུང་ཕྱུར་ཉེར་ལྔ་ལྷག་ཙམ་ཡོད་ལ། ལྷོ་ངོས་ཀྱི་རིང་ཚད་ལ་སྨི༧༨དང་། བྱང་ངོས་ཀྱི་རིང་ཚད་ལ་སྨི༢༨༣ཡོད་ལ། ནུབ་ངོས་ཀྱི་རིང་ཚད་ལ་སྨི༦༡དང་ཤར་ངོས་ཀྱི་རིང་ཚད་ལ་སྨི༧༣.༦ཡོད།   དཔང་གི་ཚད་མཐོ་ཤོས་ལ་སྨི༦དང་དམའ་ཤོས་ལ་རྨིས༣ཙམ་ཡོད། ལོ་རེར་མ་ཎི་རྡོ་ལེབ་ཁྲི༣༠ལྷག་ཇེ་མང་དུ་འགྲོ་བཞིན་ཡོད། ནང་དོན་གྱི་ཆ་གཙོ་བོ་གཟུངས་སྔགས་ཀྱི་སྐོར། འདོན་ཆོས་ཀྱི་སྐོར། སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན། མཆོད་རྟེན་གྱི་སྐོར་དང་བཅས་རྣམ་པ་སྣ་ཚོགས་པས་འཛམ་གླིང་རྡོ་བརྐོས་རིག་གནས་ཀྱི་བང་མཛོད་དུ་གྱུར་ཡོད།

སེང་ཟེ་རྒྱ་ནག་མ་ཎི་རྡོ་འབུམ།


  • ལེ་ཚན་སྔོན་མ།:གཡས་རུ་ཐབ་ཆེན་ཚང་།
  • ལེ་ཚན་རྗེས་མ།:བོད་བཙན་པོའི་དུས་སྐབས་སུ་བཞེངས་པའི་འབིས་ཁོག་གི་བཀའ་གཙིགས་བྲག་བརྐོས་མ།