བོད་རིགས་བུད་མེད་ཀྱིས་འཆིང་པའི་པང་གདན་བཤད་པ།

        2010-08-31

བོད་རིགས་བུད་མེད་ཀྱིས་འཆིང་པའི་པང་གདན་བཤད་པ།

བོད་རིགས་ཀྱི་བུད་མེད་ཚོས་ཚོན་ཁྲ་ཡིད་དུ་འོང་བའི་པང་གདན་འཆིང་བའི་སྲོལ་དེ་ཇི་ལྟར་དར་བ་དང་།དེ་ལ་འགྱུར་བ་གང་ཡོད་ཟེར་ན།དེང་སྐབས་རང་རེས་མཐོང་བའི་བུད་མེད་ཚོས་འཆིང་བའི་པང་གདན་ནི་དུས་ཡུན་རིང་པོའི་ནང་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་བྱུང་བ་ཞིག་ཡིན།པང་གདན་འཆིང་སྲོལ་ནི་གནམ་གཤིས་དང་།འཚོ་བའི་དགོས་མཁོར་གཞིགས་ཏེ་ཆགས་པའི་གོམས་སྲོལ་ཞིག་མིན་ནམ་སྙམ།གང་ལགས་ཤེ་ན།ཐོག་མར་པང་གདན་འཆིང་དགོས་དོན་ནི་གཅིག་ནི་བུད་མེད་ཚོས་ཕྲུ་གུ་པང་དུ་ཉར་བ་དང་།མེ་ཤིང་སྒྲིག་པ་སོགས་ཀྱི་ཟད་རྟེན་ཡིན་ཞིང་།གཉིས་ནི་བོད་རིགས་ཀྱི་བུད་མེད་ཚོ་ནི་ལས་ལ་བརྩོན་ཞིང་ཁྱིམ་སྐྱོང་མཁས་པའི་སྤྱོད་ཚུལ་བཟང་པོ་ལ་དན་ཡོད་པས་ཕྱིར་འགྲོ་སྐབས་མེ་ཤིང་དང་།གཟན་རྩྭ་སོགས་མཐོང་ཚེ་སྒྲིག་པའི་གོམས་གཤིས་ཡོད་སྟབས་པང་གདན་ནི་བླུག་སྣོད་སྟབས་བདེ་ཞིག་ཡིན།སྤྱི་ཚོགས་གོང་འཕེལ་ལ་ཕྱིན་པ་དང་དུས་མཚུངས་མིའི་འཚོ་བ་ཡང་རིམ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས་པང་གདན་ལ་ཡང་རྒྱུན་མེད་པར་ལེགས་བཅོས་བྱུང་སྟེ་ཚོན་ཁྲ་ཡིད་དུ་འོང་བ་དང་།སྤུས་ཚད་ཇེ་མཐོར་ཕྱིན་སྟེ་ཐོག་མར་བུད་མེད་ཚོས་རྒྱག་པའི་པང་གདན་ནི་མཛེས་ཆས་ཁོ་ན་ཡིན་པདང་ཚོན་ཁྲ་ཡང་འདྲ་མིན་སྣ་ཚོགས་ཡོད་ལ་སྤུས་ཚད་ལའང་དྭངས་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ།སྣམ་བུའི་བྱིང་བའི་པང་གདན།སྤུ་ཕྲུག་གི་པང་གདན།ཤད་མའི་པང་གདན།སི་ཤན་གྱི་པང་གདན་སོགས་རིམ་པ་མང་པོ་ཡོད་པའི་ཁར།མཛེས་རྒྱན་དུ་གོས་ཆེན་དང་ཀིན་ཁབ་སོགས་ལས་གྲུབ་པའི་གྲུ་གདན།པང་མཐུད་བཅས་རྒྱག་པས་ཐུན་མོང་མ་ཡིན་པའི་བུད་མེད་ཀྱི་ཆོས་གོས་ཤིན་ཏུ་གྱུར་ཡོད།དེ་བཞིན་པང་གདན་འཆིང་སྟངས་ལའང་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་ཡོད་པ་སྟེ།སྟོད་ཕྱོགས་སུ་བུད་མེད་ཀྱི་རྒྱབ་མདུན་གཉིས་ཀར་པང་གདན་དུ་འཆིང་སྲོལ་ཡོད་པའི་ཁར་རྒྱབ་གདན་འདེམས་བྱེད་དངུལ་རྒྱན་འདྲ་མིན་སྣ་ཚོགས་ཡོད་པ་དང་།དབུས་ཕྱོགས་ལ་བུད་མེད་ཆང་ས་མ་བརྒྱབ་གོང་པང་གདན་འཆིང་སྲོལ་མེད།།
བོད་དུ་དམིགས་གསལ་གྱི་ལོ་གསར་གཏོང་སྲོལ་འགའ།
འདིར་ཆ་ཤས་ཀྱི་ངོས་ནས་བཤད་ན་བོད་དུ་ལོ་གསར་གཏོང་སྲོལ་ཐད་ཡུལ་སྡེ་སོ་སོའི་ཆོས་ལུགས་ཀྱི་གྲུབ་མཐའ་དང་།ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་སོ་སོར་ལོ་གསར་གཏོང་སྲོལ་ཡང་མི་འདྲ་བ་ཡོད་པ་རེད།དཔེར་ན།ཁམས་ཕྱོགས་ཀྱི་ཉག་རོང་དུ་བོད་ཟླ༡༢པའི་ཚེས༡༣ཉིན་ལོ་གསར་གཏོང།བོད་ལྗོངས་ཀྱི་ཀོང་པོ་ས་ཁུལ་དུ་བོད་ཟླ༡༠པའི་ཚེས༡ཉིན་ལོ་གསར་གཏོང་།སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་ལ་བོད་ཟླ༡༡པའི་ཚེས༡ཉིན་ལོ་གསར་གཏོང་།བོད་ཟླ༡༢པའིཚེས༡ཉིན་དེ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བའི་རྐྱེན་གྱིས་ལྷན་དུ་བོད་ཀྱི་ལོ་གསར་གཏོང་སྲོལ་ཆགས་པ་དེ་བོད་ཀྱི་གནའ་སྲོལ་དང་།ཀོང་ཇོ་ཕྱི་མའི་ལུགས་དེ་ནི་དུས་ད་ལྟའང་ལྷ་ས་མན་ཆད་ཆུ་ཤར་རྫོང་གི་ཁོངས་སོགས་དབུས་གཙང་གི་ས་ཁུལ་མང་པོ་ཞི་ལ་སྔ་སོར་གནས་པའི་སོ་ནམ་ལོ་གསར་ཟེར་བ་དེ་གཏོང་སྲོལ་ཆགས་པ་རེད།དེར་བརྟེན་བོད་ཁྱོན་ཡོངས་ཀྱི་ལོ་གསར་གཅིག་གྱུར་ཞིག་མེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་པ་རེད་ཅེས་བཤད་སྲོལ་འདུག།
  དགུ་གཏོར།
བོད་ཁམས་སུ་དགུ་གཏོར་ཞེས་པ་ལོ་རེའི་གདོན་བགེགས་བར་ཆད་སེལ་བའི་གཏོར་རྒྱག་ཆོ་ག་སྒྲུབ་སྲོལ་ཡོད་པ་དང་།ཉིན་དེར་ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས་གླུད་རྫོང་བྱེད་པའི་ཡུལ་སྲོལ་རྒྱ་ཆེན་པོ་ཞིག་ཡོད་པ་དེ་ལ་དགུ་གཏོར་ཞེས་འབོད།དེ་ནི་ལོ་རྙིང་པ་དེའི་ནང་གི་འགལ་རྐྱེན་མཐའ་དག་མཇུག་སྒྲིལ་བའི་ཆགདོན་དུ་གླུད་རྫོང་བ་དང་།གདོན་འདྲེ་ཕྱིར་འབུད་བྱེད་པ།ཟས་རིགས་སྣ་ཁ་དགུ་འཛོམས་པའི་བག་ཐུག་འཐུང་བ་བཅས་བྱེད་སྲོལ་ཡོད་པ་རེད།།
འབྲོག་པའི་རེ་སྟོན།
འབྲོག་མི་ཚོས་ལོ་རེ་བཞིན་དབྱར་དུས་སུ་སྦྲ་རས་གསར་པ་བསྣན་པ་དང་སྦྲའི་ཆོན་ཐག་བརྗེ་བ།སྐབས་འགར་སྦྲའི་ཕྱི་ནང་བརྗེ་བ་སོགས་་མདོར་ན་སྦྲ་ལ་རས་གསོས་གང་དགོས་བྱད་ཀྱིན་ཡོད་པ་རེད།སྦྲ་གསོས་གྲུབ་པའི་ཉིན་དེར་རེ་སྟོན་ཞེས་བྱ་བའི་སྟོན་མོ་ཆུང་ངུ་ཞིག་བྱེད་སྲོལ་ཡོད་པ་རེད།སྟོན་མོ་དེར་རང་རང་གི་གཉེན་ཚན་དང་མནའ་ཡ།རུ་རོགས་རྣམས་འབོད་དེ་ལུག་ཤ་བཙོས་ཧྲུག་མང་དག་དང་གྲོ་ཐུད་ཆེ་ཙམ་རེ་འདྲེན་དགོས་ཀྱི་ཡོད་འདུག
   ཁོ་བོ་ཅག་ཁྲོམ་རྫ་གོང་དུ་ཡོད་སྐབས་ངའི་ཕ་ལགས་ཀྱི་གྲོགས་པོ་འབྲོག་་འབྱོར་ལྡན་ཞིག་གིས་ཁོ་བོ་རེ་སྟོན་དུ་འབོད་བྱུང་བས།ང་དང་ངའི་གྲོགས་པོ་རྣམས་ཀྱིསམངར་ཆའི་རིགས་ཕྲན་བུ་ལག་རྟགས་སུ་ཁྱེར་ཏེ་དེར་ཕྱིན་པ་ཡིན།ང་ཚོ་དངམཁོང་ཚོའི་གཉེན་གྲོགས་སོགས་མི་གྲངས་སུམ་ཅུ་ལྷག་ཙམ་ཡོད་འདུག་པ་ཚང་མ་ཕོ་སྦྲའི་ཕྱོགས་སུ་ཕྱིན་ཏེ་གྲལ་དུ་འཁོད་ཟིན་པའི་ཚེ།ནང་གི་མནའ་མ་གཉིས་ཀྱིས་འཁར་གཞོང་ཆེན་པོ་གཉིས་ཀྱིནང་དུ་ལུག་ཤ་བཙོ་ཧྲུག་བྱས་པས་ཕྱུར་བུར་བཀང་རེ་གྲལ་དབུ་ནས་རིམ་བཞིན་འགྲིམ་གྱི་འདུགཁོ་བོས་དེར་ཤ་དུམ་ཆུང་ཤོས་ཤིག་འདུག་པ་དེ་བླངས་ནས་ཟ་གྲབས་བྱས་པས་ཆུང་མའི་བུ་ཆུང་སོ་དྲུག་ཙམ་ཞིག་འདུག་པ་དེས་ངའི་ལག་པའི་ནང་གི་ཤ་དུམ་དེ་ལ་ལྟ་བཞིན་ངུ་སྐད་དང་བཅས་པ་ན་རེ།ཨ་མ་ཧད་དེས་ངའི་ཤ་བཟའ་འཇོག་ཀི་ཞེས་ཟེར་བས་ཁོ་བོ་ནི་རྒྱུ་མཚན་མེད་པར་ཧ་ལས་པའམ་ཅུང་ཟད་ངོ་ཚ་བ་ལྟ་བུ་ཞིག་བྱུང་།དེ་ནས་ངས་ཉམས་ཞིབ་ཀྱིས་བལྟས་པས་ནང་མི་རྒན་གཞོན་མང་དག་གིས་ཤ་བཙོས་ཧྲུག་གི་ནང་ནས་འགའ་ཞིག་འཚོལ་གྱི་ཡོད་འདུག་པ་དང་།ཤ་དུམ་མང་དག་ལ་གྲི་རིས་དང་རྔ་རྩིད་ཀྱིས་བསྡམས་པ་སོགས་རྟགས་མང་དུ་ཡོད་འདུགཉིན་ཕྱི་མར་ཁོ་བོས་འབྲོག་མི་གྲོགས་པོ་ཞིག་ལ་དེའི་གནས་ཚུལ་ཞིབ་ཏུ་དྲིས་པས།ནམ་རྒྱུན་འབྲོག་མི་ཚོས་ཤ་བཙོས་ཧྲུག་བྱེད་པའི་ཚེ་ནང་མི་སོ་སོས་རང་རང་གང་ལ་དགའ་བའི་ཤ་འདེམ་སྒྲུག་བྱས་པ་དེར་གྲི་རིས་སམ་ཤིང་ཐུར་གྱི་རྟགས་སམ་རྔ་རྩིད་དཀར་ནག་གི་རྟགས་བཀོད་དེ་ལྷན་དུའཚོད་ཀྱི་ཡོད་པ་ཤེས་སོ།དེ་སྔོན་ང་དང་ངའི་གྲོགས་པོ་ཚོ་སུས་ཀྱང་གནས་ཚུལ་འདི་མཐོང་ཐོས་མ་མྱོང་བར་བརྟེན་གྲོགས་པོའི་རེ་སྟོན་གྱི་ཤ་དུམ་རྟགས་ཅན་རྣམས་བླངས་ཏེ་བཟས་པ་དང་།གྲོགས་པོའི་ནང་མི་ཚོས་རང་རང་གི་ཤ་རྟགས་ཅན་རྣམས་མ་འཐོབ་སྟེ་ཡང་ཡང་དུ་བཙལ་ཡོད་པར་མངོན་ནོ།།
 རླུང་རྟའི་དངོས་སུ་ཡོད་པའི་སྲོག་ཆགས་ཀྱི་གཟུགས་ལྔ་པོའི་མཙོན་དོན།
རླུང་རྟའི་ངོས་སུ་འབྱུང་བ་ལྔའི་ཁམས་བཤད་པའི་ཚེ་འབྱུང་བ་ལྔ་ཞེས་པ་ནི་ས་ཆུ་མེ་རླུང་ནམ་མཁའོ་ཞེས་ཡོངས་གྲགས་སུ་ཆགས་ཡོད་པ་ལ་འབྱུང་བའི་ཁམས་དང་དེ་འབྲེལ་འབྱང་བའི་རྡུལ་ཕྲན་ཚོགས་པ་བཅས་ལ་འབྱུང་བ་བཅས་བརྗོད་པ་རེད།གནའ་བོའི་སྐབས་སུ་འབྱུང་ཁམས་ལྔའི་བྱེད་ལས་ཁྱད་པར་ཅན་གྱི་ནུས་པ་དེ་དག་ནི་སེང་འབྲུག་ཁྱུང་སྟག་རྟ་བཅས་སེམས་ཅན་གྱི་གཟུགས་རིས་ལྔས་མཚོན་པ་སྟེ་ནམ་རྒྱུན་དུ་བོད་ལ་དར་ས་སྲོལ་ཆེ་བའི་རླུང་རྟའི་ངོས་སུ་ཡོད་པའི་སྲོག་ཆགས་ཀྱི་གཟུགས་རིས་ལྔ་པོ་དེ་དག་རེད།རླུང་རྟ་ནི་མགོན་ཤེས་ལྷ་བོན་གྱིས་བྱེ་བྲག་ཕོ་མོ་སུའང་རུང་བ་དེ་དག་ནི་འབྱུང་ཁང་ཀྱི་ནུས་པ་གུད་ཡོད་ན་གསོ་བ་དང་།ཉམས་ཡོད་ན་བསྐྱེད་པ།ཆད་པ་ཡོད་ན་བསྲིང་བ།འཁྲུགས་པ་ཡོད་ན་མཐུན་པར་བསྡེབས་པ་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཏུ་བརྩི་སྲོལ་ཡོད།དེའི་ཚུལ་ཇི་ལྟར་ཡོད་པའང་སའི་ཁམས་ལས་གྲུབ་པའི་རྡུལ་གྱི་ཕུང་པོ་ནི་རི་བོ་ཡིན་།སའི་རྡུལ་གྱི་ཕུང་པོའི་སྙིང་པོ་གངས་རི་གཡོ་འགུལ་གྱི་ནུས་ཤུགས་ཡོད་པ་དེ་ནི་སེང་གེ་ཡིན་སྟབས་རླུང་རྟའི་ནུས་པའི་ནང་གི་སའི་ཁམས་ཀྱི་ནུས་ཤུགས་མཚོན་བྱེད་དུ་སེང་གེ་བྱུང་བ་ཡིན།དེ་དང་འདྲ་བ་ཆུའི་ཁམས་ཀྱི་ནུས་ཤུགས་མཚོན་བྱེད་དུ་འབྲུག་གི་གཟུགས་འབྱུང་ཞིང་དེ་ནི་ཆུ་ལ་གནས་པའི་སྲོག་ཆགས་གཡོ་འགུལ་ཅན་གྱི་ནུས་པ་ལྡན་པ་ཞིག་ཡིན།མེའི་ཁམས་ཀྱི་ནུས་པ་མཚོན་བྱེད་དུ་ཁྱུང་གི་གཟུགས་བྱུང་བ་སྟེ།ཁྱུང་ནི་སྐལ་པ་ཡ་ཐོག་གི་དུས་སྐབས་སུ་ཆེས་གྲགས་ཆེ་བའི་ལྷ་མཐུ་བོ་ཆེ་ཞིག་ཡིན་ཞིང་།དེ་ནི་ཚ་བ་དང་དྲོད་དང་འབར་བའི་མེ་སོགས་དབར་གྱི་ནུས་ཤུགས་ཐམས་ཅད་ཀྱི་འབྱུང་གཞིའི་ལྟེ་བ་ཞིག་ཏུ་ངོས་འཛིན་སྲོལ་ཡོད།དེ་འདྲ་ཡིན་སྟབས་ཁྱུང་གིས་ཚ་དབལ་གྱི་མཐུ་སྟོབས་དང་ནུས་ཤུགས་ཐམས་ཅད་མ་ལུས་པ་མཚོན་གྱི་ཡོད་སྟབས་ཁྱུང་ཆེན་འབར་བ་མེའི་ནུས་ཤུགས་ལ་གོ་དགོས།རླུང་ནི་གཡོ་བ་དང་བསྐྱེད་པའི་བྱེད་ལས་ཁྱད་པར་ཅན་ཞིག་ཡིན་སྟབས་འབྱུང་རྩིས་ནང་དུ་རླུང་གི་ཁམས་ལ་འབྱུང་བ་ཤིང་ཞེས་གྲགས་ཤིང་།ལྗོན་ཤིང་མང་པོ་ཚོགས་པ་ནགས་ཚལ་ཞེས་བྱ་ལ་ནགས་ཚལ་ཁྲོད་དུ་གཡོ་འགུལ་གྱི་ནུས་ཤུགས་ལྡན་པ་ནི་སྟག་ཡིན་སྟབས་སྟག་གི་གཟུགས་དེ་འབྱུང་བ་རླུང་ཁམས་ཀྱི་ནུས་ཤུགས་མཚོན་རྟགས་སུ་བཀོད་སྲོལ་བྱུང་།ད་དུང་རླུང་རྟའི་དབུས་སུ་རྟ་མཆོག་རྒྱན་ལྡན་ཞིག་འགོད་སྲོལ་ཡོད་པ་དེས་སྐྱེ་ཕོ་མོ་སུའང་རུང་གི་འབྱུང་ཁམས་ཀྱི་ནུས་པའི་རྒྱུན་དེ་མཚོན་ཅིང་།འབྱུང་ཁམས་ཀྱི་ནུས་རྒྱུན་དེ་ནམ་མཁའི་ཁམས་ཀྱི་གཞི་ལ་བརྟེན་ནས་རྒྱུན་བསྲིང་དགོས་པ་ཡིན་སྟབས་དེ་ནི་ནམ་མཁའི་ཁམས་ཀྱི་ནུས་ཤུགས་ཀྱང་མཚོན་ཐུབ་ཀྱི་ཡོད།
སྤྱིར་བཏང་འབྱུང་བའི་ཁམས་དང་ཁམས་ཀྱི་ནུས་པའི་བྱེད་ལས་དམིགས་སུ་བཀར་བའི་མཚོན་བྱེད་གཡོ་འགུལ་གྱི་སྲོག་ཆགས་གང་རུང་གི་གཟུགས་བཀོད་པའི་གནད་དོན་འདི་རྩ་གཞིའི་སྟེང་ནས་མི་འད྄བའི་ཁྱད་པ་ཆེ་ཙམ་ཞིག་ཡོད་ལ་ལྟ་ཚུལ་དེ་དང་འབྲེལ་བ་དབང་ཡུལ་གྱི་ཁྱད་པ་དང་།དབང་ཡུལ་གྱི་འབྲེལ་བའི་ནུས་པ།ཡུལ་གྱི་ནུས་པ་དང་ཡུལ་ཅན་གྱི་ནུས་ཤུགས་བར་གྱི་སབྲེལ་བ་འགྲུབ་སྟངས་སོགས་བོན་ལུགས་ཀྱིལྟ་སྟངས་ཐུན་མོང་མ་ཡིན་པ་མང་པོ་ཞིག་ཡོད་པ་འདི་རིགས་ལ་ཤེས་རྟོགད་དང་ཞིབ་འཇུག་བྱ་ཐུབ་པ་ཡིན་ན་བོད་ཀྱི་གནའིབོའི་ཤེས་རིག་དང་གོམས་སྲོལ་ཧ་གོ་དོན་རྟོགས་ཡོང་བ་ལ་ཕན་པ་ཆེན་པོ་ཡོད་ངེས་ལགས།
   གཞན་ཡང་གསལ་བཤད་ཞུ་རྒྱུར་རླུང་རྟའི་ངོས་ཀྱི་གཟུགས་རིས་དེ་དག་བཀོད་པ་འི་གོམས་སྲོལ་འདི་ནི་གཉའ་ཁྲི་བཙནགཔོའི་སྐབས་ལ་བོན་ཤེས་པ་ཅན་བཅུ་གཉིས་དར་བ་སྟེ་མགགོན་ཤེས་ལྷ་བོན་གཡང་ཤེས་བྱ་འདོད་འགྲོ་ཤེས་གླུད་གཏོང་སོགས་བཅུ་གཉིས་ཀྱི་ཡ་གྱལ་མགོན་ཤེས་ལྷ་བོན་གྱིས་སྲོལ་གཏོད་གནང་བ་ཞིག་ལགས།།
གཡུང་དྲུང་།
བོད་པ་ཚོས་ཉི་ཟླ་གཡུང་དྲུང་གི་རི་མོ་ལ་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད།བོད་ཀྱི་ས་ཁུལ་མང་ཆེ་བར་སྒོ་དང་བཅས་པའི་ཁང་པའི་ཕྱི་ནང་གང་སར་རི་མོ་དེ་རིག་རྒྱུ་མང་བར་མ་ཟད།གྱོན་ཆས་དང་སྲམ་རྒྱན་གྱི་ཐོག་ཏུ་ཡང་རི་མོ་དེ་རྒྱག་སྲོལ་ཡོད།དེ་ནི་ཕྱི་ཡི་མཛེས་རྒྱན་ཙམ་མ་ཡིན་པར་བོད་ལུགས་དང་འབྲེལ་བའི་ནང་དོན་གཏིང་གཟབ་ཞིག་ཡོད་དེ།གཡང་སྒྲུབ་ལས་ཚེ་ཡི་ཉི་མ་མི་ནུབ་རབ་ཏུ་གསལ།བསོད་ནམས་ཟླ་བ་ཡར་ངོའི་ཟླ་ལྟར་འཕེལ།རིགས་རྒྱུད་མི་འགྱུར་གཡུང་དྲུང་ཇི་ལཏར་བརྟན།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་ཅེས་གསལ་བ་ཇི་བཞིན་ཉིགཟླ་གཡུང་དྲུང་ལས་ཚེ་རིང་བ་དང་བསོད་ནམས་འཕེལ་བ།རིགས་རྒྱུད་མི་འགྱུར་བ་ལ་སོགས་ཀྱི་རྟེན་འབྲེལ་མང་པོ་ཞིག་མཚོན་གྱི་ཡོད།།
    བོད་མིའི་སེམས་ནང་གི་བཀྲ་ཤིས་པའི་ཨང་ཀི།
ཨང་ཀི་ལ་དགའ་གཅེས་བྱ་རྒྱུའི་ཐད་འཇིག་རྟེན་མི་རྣམས་ཀྱི་སོ་སོའི་སེམས་ནང་ངོས་འཛིན་ཚུལ་ཞིག་ཡོད་ཅིང་།ཨའོ་གླིང་གི་ས་གནས་ཁ་ཤས་སུ་མི་རྣམས་ཀྱིས་ཨང་ཀི༨པ་དེ་བརྟན་བརླིང་དང་འཆམ་མཐུན་གྱི་མཚོན་རྟགས་སུ་བརྩི་སྲོལ་ཡོད་པ་ཞིག་རེད།ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རྒྱལ་རིགས་མང་ཚོགས་ཁྲོད་དུའང་ཨང་ཀི༨པ་དེ་བཀྲ་ཤིས་པའི་མཚོན་རྟགས་འདྲ་མིན་སྣ་ཚོགས་ཀྱི་སྔ་ལྟས་སུ་རྩིས།འོན་ཀྱང་བོད་ས་ཁུལ་དུ་བོད་མི་རྣམས་ཀྱིས་ཨང་ཀི༨ལྟ་བུར་དེ་ཙམ་བརྩི་མཐོང་བྱེད་སྲོལ་མེད་པ་ལས་ཨང་ཀི༦དེ་ཨང་ཀི༣གྱི་ལྡབ་ལྡོག་ཡིན་པས་བཀྲ་ཤིས་པའི་མཚོན་རྟགས་སུ་བརྩི་བཞིན་ཡོད་པ་རེད།དེ་བས་ན་བདེ་ཐང་ཡོང་བར་སྨོན་སདུན་དང་འབྲོག་རྣམས་ཀྱི་འདུ་ཚོགས།ཡུལ་གཞན་དུ་ཕྱིན་པ།མཛད་སྒོ་སྣ་ཚོགས་སྤེལ་དུས་ཚང་མས་ཟླ་བ་སོ་སོའི་ཟླ་སྟོད་ཀྱི་ཚེས་གྲངས་ཡ་ཞིག་བདམས་ནས་དེ་ལྟར་བསྒྲུབས།གཞན་ཡང་བོད་ཀྱི་ལོ་གསར་སྐབས་སུ་དགོན་པའི་གྲྭ་པས་སྤྲུལ་སྐུ་དང་ཡོངས་འཛིན་ལ་སིལ་སྐམ་མཉམ་འབྲེལ་གྱི་འབུལ་བ་ཕུལ་དུས་ཀྱང་ཡ་གྲངས་ཤ་སྲག་ཡིན་གྱིན་རེད།དཔེར་ན༣།༥།༧།༩།༡༡ལྟ་བུ་ཡིན་པ་ལས་ཆ་གྲངས་ཀྱི་ཨང་ཀི་གཏན་ནས་བྱེད་སྲོལ་མེད་པ་ཞིག་རེད།དཔེ་དེ་ཚོའི་ཐོག་ནས་བོད་རིགས་མི་དམངས་ཀྱིས་འཚོ་བ་དངོས་ཀྱི་ནང་ཨང་གྲངས་དང་མཚོན་པའི་བྱ་བ་གང་ཞིག་བསྒྲུབ་དགོས་རུང་ཡ་གྲངས་ལ་བརྩི་མཐོང་དང་ཆ་གྲངས་ལ་དོགས་ཟོན་བྱས་པ་དེ་རང་ཤུགས་སུ་རྟོགས་པ་ཞིག་རེད།
   བོད་རིགས་ཀྱི་འཚོ་བའི་ཁྲོད་དུ་ཨང་ཀི༣ཉིད་བཀྲ་ཤིས་པའི་ལྟས་བཟང་ལ་བརྩི་སྲོལ་དེ་ནི་གནའ་བོའི་དུས་ནས་ཆགས་པ་འདྲ།དཔེར་ན་འཛམ་གླིང་ཀུན་ཏུ་སྙན་པའི་གྲགས་པ་ཁྱབ་པའི་གླིང་སྒྲུང་གི་ནང་གནས་རབས་གླིང་གི་ལྷ་ཆེན་པོ་གསུམ་ལྟ་བུ་དང་།བོད་རིགས་མི་དམངས་ཀྱིས་རྒྱུན་དུ་བཤད་པའི་དུས་གསུམ་སངས་རྒྱས་ལྟ་བུ་དང་།ཡང་ན་དགོན་ཆེན་གསུམ།བཙུན་མོ་གསུམ་ལ་སོགས་པ་ལྟ་བུ་རེད།དེས་མ་ཚད་བོད་རིགས་མི་དམངས་ཀྱིས་ཨང་ཀི༣དེ་བཀྲ་ཤིས་པའི་མཚོན་རྟགས་བྱས་པ་དཔེར་ན།དཀོན་མཆོག་གསུམ།ཉི་ཟླ་སྐར་གསུམ་ལྟ་བུ་དང་།ཨང་ཀི་གསུམ་གྱི་ལྡོག་ལོག་ཏུ་ཚེ་རིང་རྣམ་དྲུག་ལྟ་བུ་རེད།བོད་རིགས་ཀྱིས་ཨང་ཀྲངས༩རྐྱང་པར་དཔེ་བྱས་ན་ཡོད་ཚད་དང་ཐམས་ཅད་ཀྱི་དོན་སྙིང་མཚོན་ཞིང་།ཆུ་དགུ་འདུས་པ་ལྟ་བུ།ཆུ་དགུ་འདུས་པའི་ནང་གི་དགུ་རྐྱང་པ་དེ་ཨང་ཀི་རྐྱང་རྐྱང་ཡིན་པ།གྲངས་ཀ་མང་པོ་མཚོན་པའི་དོན་ཡིན་ཞིང་།གོང་གསལ་གྱི་དཔེ་དེ་དག་གི་ཐོག་ནས་ང་ཚོ་བོད་མི་རིགས་ཀྱི་༡ང་ཀི་གང་ལ་དང་དོད་བྱེད་པ་ཤུགས་བསྟན་དུ་རྟོགས་ཐུབ་པ་ཞིག་རེད།།
 

  • ལེ་ཚན་སྔོན་མ།: ཁམས་ཁུལ་བྲག་སྟེང་གི་བུད་མེད་ཀྱི་རྒྱན་གོས་སྐོར་བཤད་པ།
  • ལེ་ཚན་རྗེས་མ།:ཚར་ཞྭ་ཁ་སྡེར་མ།