བོད་རིགས་ཀྱི་རྒྱན་ཆའི་རྒྱུ།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-19

བོད་རིགས་ཀྱི་རྒྱན་ཆའི་རྒྱུ།
ཁམས་ཉག་རོང་ཕྱོགས་ཀྱི་གསེར་འཕང་རྐེད་དཀྲི་དང་གླེ་ཟུང་གའུ་མ་སོགས།

བོད་རིགས་ཀྱི་རྒྱན་ཆའི་རྒྱུ་དང་བཅས་པ་ལ་མི་རིགས་གཞན་དག་ལས་ཁྱད་པར་ཆེན་པོ་ཡོད།དེ་ཡང་རྒྱན་ཆའི་རྒྱུ་ལ་མཐོང་ཆེན་བྱེད་ཚུལ་ནི།འཛམ་གླིང་འདིར་རིན་ཐང་ཆེ་ཞིང་དངོས་གྱུར་སྦྱར་གསུམ་གྱི་དུག་རིགས་མཐའ་དག་འཇོམས་པ་དང་།ཚེ་རིང་ཞིང་ལུས་སྟོབས་འཕེལ་བའི་ནུས་པ་དང་ལྡན་པར་གྲགས་པའི་སུ་ཝརྣ།དུས་གསུམ་དུ་མདོག་མི་འདྲ་བ་སོ་སོར་སྟོན་ཅིང་ཡོན་ཏན་མཐའ་ཡས་པ་ལངྐའི་གསེར།གཉིས་སྐྱེས་མེ་ཟན་གྱི་བྲུན་ལས་སྐྱེས་པར་གྲགས་པའི་གསེར་དམར།རྒྱ་མཚོའི་བྱེ་གསེར།སྟོད
་གསེར།ཁམས་གསེར།རྡོ་བཞུ་བ་ལས་བྱུང་བ་སོགས་གསེར་གྱི་རྣམ་གྲངས་མང་པོ་དང་།ཛམ་བུ་པྲྀཀྴའི་ཐང་ཆུ་མཚར་ལྷུང་བ་ལས་སྨིན་པར་གྲགས་པའི་སྤོས་ཤེས།རྒྱ་མཚོའི་བྲག་སེར་པོ་ལས་བྱུང་བར་གྲགས་པ།གྲུ་གུའི་བས་མཐའི་བྱེ་མའི་གསེབ་ཏུ་རྡོ་འབུའི་རིགས་ཤིང་སྡོང་གི་དབྱིབས་ཅན་སྐྱེ་བར་འདོད་པ་ཟས་གོས་འཕེལ་བའི་ཡོན་ཏན་ཅན་བྱུ་རུ་དཀར་དམར།མ་དྲོས་པའི་ཆུ་རྒྱུན་གངས་ལྡན་འདིར་མང་ཡུལ་ལ་སོགས་པར་ཟླ་བ་བདུན་པའི་དུས་སུ་བབས་པས་རྐྱེན་བྱས་ཏེ་བྲག་ལས་སྐྱེས་པར་གྲགས་པ་རྡོའི་རྒྱལ་པོ་གཡུ།དེ་ལ་གཡུ་སྤྱང་།དྲུག་དཀར།དྲུག་དམར།བར་གཡུ་སོགས་དང་།རྡོ་རིགས་རྙིང་མའི་རིན་པོ་ཆེ་རྟ་ཀླད་དམ་མ་ན་ཧུ།དཀར་སྔོའི་མདངས་ལྡན་ལུག་ཚིལ།གྲ་བོ་ལ་སོགས་པ་རི་མོ་ཅན་གཟི།ཁ་མདོག་སྨུག་པོ་མཆོང་།ཁ་མདོག་ཤིན་ཏུ་དྭངས་པ་དྭངས་ཤེལ།གཞན་ཡང་ནོར་བུ་དང་།མུ་ཏིག་དང་།དུང་དང་།མན་ཤེལ་དང་།དངུལ་དང་།སྤུག་དང་།པདྨ་རཱ་ག་དང་།ཟངས་གསེར་དང་།གནམ་ལྕགས་དང་ཐོག་ཆ་སོགས་རྒྱུ་ཁྱད་པར་ཅན་གྱི་རིགས་ཀྱང་མང་ངོ་།།
 


  • ལེ་ཚན་སྔོན་མ།:བོད་སྤྱིའི་ཆས་གོས།
  • ལེ་ཚན་རྗེས་མ།:སྐྱེས་ཕོ་མོའི་རྒྱན་ཆ།