བོད་ཀྱི་ཞྭ་མོ་ནི་འཛམ་གླིང་གི་མི་རིགས་ཁྲོད་དུ་ངོ་མཚར་རྣམ་པར་བཀྲ་ལ་མཛེས་སྡུག་ཡིད་དུ་འོང་བའི་ཁྱད་ཆོས་ལྡན་པ་ཞིག་རེད། ས་གནས་དང་གནམ་གཤིས་དྲོ་གྲང་གི་ཁྱད་ཆོས་མི་འདྲ་བ་དང་བསྟུན་ནས་ཞྭ་མོ་བཟོ་སྟངས་ཐད་ལའང་སོ་སོའི་ཁྱད་ཆོས་མངོན་པ་ཞིག་རེད།
འདིར་མཚོ་བོད་མཐོ་སྒང་དུ་ཆགས་པའི་བྱས་སྡེ་རྫ་ཆུ་ཁ་དང་། གསེར་ཐར་སོགས་ཀྱི་བོད་རིགས་བུད་མེད་དག་གིས་རྒྱུན་དུ་གོན་རྒྱུ་ནི་ཚར་ཞྭ་ཁ་སྡེར་མ་ཟེར་བ་དེ་ཡིན་ཞིང་། ཞྭ་དེའི་ཁྱད་ཆོས་ནི་ཕྱིར་སྟོད་གཡོག་དང་སྨད་གཡོག ནང་ཀླད་ཕུག་ནས་ཤ་ལུ་གུའི་ཚར་ཆུང་། ཕྱི་གཡོག་ཁ་མདོག་མཛེས་ལ་སྤུས་ཀ་དག་པའི་གོས་ཆེན་རྒྱ་གསེར། མགོ་ཕུག་ཐོག་གི་ཐེལ་སྨུག དཀར་སེར་དམར་ལྗང་། བར་འཚང་ཕྱིང་པ་བཅས་ལས་གྲུབ་པ་ཞིག་ཡིན་གྱིན་རེད།
ཚར་ཞྭའི་དགེ་མཚན་དང་ནུས་པ་ནི། དབྱར་དུས་སུ་ཚར་ཟེར་དང་ཆར་ཆུ། སེར་མ་དང་རླུང་སོགས་འགོག་ཐུབ་པའི་ཁྱད་ཆོས་ལྡན་ནོ། ཞྭ་འདིར་རྒྱུན་གྱོན་དང་ཡག་གྱོན་གཉིས་ནི་ཁྱད་ཆོས་འཛོམས་པས་བུད་མེད་ཚོས་གྱོན་སྐབས་སྐེ་འགུལ་རིང་ལ་རྣམ་རིག་གསལ་བ། གཟུགས་པོ་དྲང་བ། ངོ་གདོང་དྭངས་ལ་དམར་བ་སོགས་དབྱར་གྱི་མེ་ཏོག་བཀྲ་བ་དང་མཚུངས། ད་ལྟར་ཞྭ་འདི་ནི་བུད་མེད་ཚོའི་མེད་དུ་མི་རུང་བའི་རྒྱན་ཆ་ཞིག་ཏུ་གྱུར་ཡོད་པ་རེད།