ཁམས་ཁུལ་བྲག་སྟེང་གི་བུད་མེད་ཀྱི་རྒྱན་གོས་སྐོར་བཤད་པ།

        2010-08-31


རང་ཉིད་ནི་རོང་བྲག་བོད་རིགས་ཀྱི་རྒྱན་གོས་ལ་སེམས་ཧ་ཅང་ཞེན་པ་དང་ལྷག་པར་དུ་བུད་མེད་ཀྱི་རྒྱན་གོས་ལ་སྤྲོ་སེམས་ཆེ།རྒྱན་གོས་ཀྱིས་སྤྲས་པའི་བུད་མེད་རྣམས་མཛེས་སྡུག་ལྡན་པས་མི་གཞན་གྱི་ཡིད་ཀྱི་དབང་པོའི་དངས་མ་ཅིག་ཅར་དུ་འཕྲོག བྲག་སྟེང་བོད་ཡུལ་ཡང་མཐོ་སྒང་ལ་གནས་པས་གྲང་འཁྱགས་ཀྱི་འགྱུར་བ་དང་མཐུན་པར་གོས་ཀྱང་དབྱར་ཆས་དགུན་ཆས་ཀྱི་དབྱེ་བ་ཡོད་ལ། བོད་མི་རིགས་ལ་དགའ་སྟོན་གྱི་རྟེན་འབྲེལ་མང་བས་རྒྱན་གོས་ཀྱང་རྒྱུན་གོས་དང་ལོ་གསར་དུས་ཆེན་སྐབས་སུ་གྱོན་པའི་གཟབ་སྤྲོས་བཅས་ཀྱི་དབྱེ་བ་ཡོད།  བུད་མེད་ཀྱི་རྒྱན་གོས་ལ་རིགས་ཧ་ཅང་མང་བའི་ཁྱད་ཆོས་ལྡན། བུད་མེད་རྣམས་ལོ་ཚོད་ཆེ་ཆུང་མི་འདྲ་བར་རྒྱན་གོས་ལ་ཡང་ཁྱད་པར་ཡོད།
                                               ༡ ལོ་ན་རྒན་པའི་བུད་མེད་ཀྱི་རྒྱན་གོས།
     ལོ་ན་རྒན་པའི་བུད་མེད་ཀྱི་མགོ་རས་དང་པང་གདན་ཐོག་གི་ཟུར་ཙམ་ལ་མེ་ཏོག་འགའ་འཚག་དྲུབ་བྱས་འདུག  ལུས་ལ་གྱོན་པའི་རྒྱན་གོས་ཀྱི་ཚོན་མདོག་བཀྲག་མདངས་མི་ཆེ། ལུས་ལ་དཀྲིས་པའི་སྨད་ཤམ་སྔོན་ཆད་གཙོ་བོ་བལ་གྱིས་རྒྱུ་བྱས་པའི་སྣམ་བུའི་སྨད་ཤམ་རེད།  ད་ལྟ་ནི་ཚོང་ཟོག་བརྗེ་རེས་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པས་མི་རྣམས་ཀྱིས་ཕྱིར་ཐོན་དངོས་པོའི་དགོས་མཁོ་ལ་བསྟུན་ནས་རང་གི་འདོད་མོས་ལྟར་དུ་རས་ཆ་སྣ་ཚོགས་ཀྱི་རྒྱན་གོས་བཟོས་ཡོད། སྨད་ཤམ་གྱོན་ལུགས་ནི་དེའི་ཐོག་ཏུ་སྣམ་བུའི་སྟོད་ཐུང་བྲང་ཤག་ཅིག་གྱོན་དགོས་པ་དང་རྒྱབ་ཏུ་སྟོད་ལེབ་གྲུ་བཞི་མ་སྨུག་ནག་ཅིག་འཕང་། ལྷམ་ནི་ཀོ་བ་དང་རས་དམར་ནག་གིས་བཟོས་པའི་ཡུ་བ་རིང་བའི་བོད་ལྷམ་ཡིན། ལོ་ན་བདུན་ཅུ་ཙམ་ལོན་པའི་རྒན་མོ་རྣམས་ཀྱིས་རང་ཉིད་ཀྱི་སྐྲ་ལོ་ལ་ཚར་ལོ་སྔོ་ནག་བཏགས་ནས་ལན་བུ་མགོ་རས་ཐོག་ཏུ་དཀྲིས་འདུགལན་བུའི་ཐོག་གི་དངུལ་གྱི་ཨ་ལོང་ལ་བྱུ་རུ་དང་གཡུའི་ཕྲ་ཡོད། ལག་གདུབ་ཕལ་ཆེ་བ་སོ་ཡིན་པ་ལས་དངུལ་གྱི་གདུ་བུ་ཅུང་ཟད་ཉུང་། 
                                                
༢ ན་གཞོན་བུད་མེད་ཀྱི་རྒྱན་གོས།
    ན་གཞོན་བུད་མེད་ཀྱི་མགོ་རས་མཐའ་བཞི་ལ་སྟོང་སྐུད་སྣ་ཚོགས་ཀྱི་མེ་ཏོག་འཚག་དྲུབ་བྱེད་ཅིང་། མགོ་རས་ཀྱི་དཀྱིལ་དུ་མཛེས་སྡུག་བཀྲ་བའི་མེ་ཏོག་ཆེན་པོ་ཞིག་འཚག་སྲོལ་འདུག མགོ་རས་ལྟེབ་རྩེགས་བཞི་རྒྱབ་ནས་མགོ་ཐོག་ཏུ་སྤྲས་པ་དང་སྣེ་གཉིས་ལ་སྟོང་སྐུད་ཚོམ་བུ་འཕྱང་མ་གཉིས་སྣེ་གཉིས་སུ་གཏོང་། བུད་མེད་དར་མའམ་ན་གཞོན་རྣམས་ཀྱི་སྐྲའི་ལན་བུ་ནི་ཆུང་དུས་སྐྲ་ལོ་རྒྱ་ལྕང་ལྟར་རིང་བའི་དུས་སུ་བྲེག་པ་རེད། བྲེག་པའི་རྒྱུ་མཚན་གཙོ་བོ་ནི་ཞིང་ལས་སྐབས་སུ་སྟབས་བདེ་བའི་ཆེད་དུ་ཡིན། ཕལ་ཆེར་ད་ལྟའང་སྐྲ་ལོ་རིང་པོ་འཇོག་སྲོལ་མེད། སྐྲ་རྫུན་མ་ཚར་ལོ་སྟོང་སྐུད་དམར་སྐྱ་སྤྲས། ད་ལྟ་ཕལ་ཆེར་ཚོང་ཁང་ནས་ཉོ་བའི་རྒྱའི་སྟོང་སྐུད་ཡིན་ལ་མདོག་བཀྲ་ལ་མདངས་མི་འགྱུར་བ།
སྐྲ་ལོ་ལ་དངུལ་གྱི་ཨ་ལོང་གྲུ་བཞི་མ་རིང་པོ་དང་གོར་གོར་སོགས་ལ་བྱུ་རུ་དང་གཡུ་ཡི་ཕྲ་འདུག རྒྱན་སྤྲས་པའི་སྐྲ་ལོ་རྫུན་མ་དེ་མེ་ཏོག་སྣ་ཚོགས་འཚག་དྲུབ་བྱེད་པའི་མགོ་རས་ཐོག་ཏུ་དཀྲི་བ་ནི་མེ་ཏོག་གི་ཐོག་རྒྱན་སྤྲས་པ་བཞིན་རེད། རྣ་རྒྱན་ནི་རྒན་མོ་དང་བུད་མེད་ལོ་ཆུང་ཚོ་འདྲ། སྐེ་ལ་སྐེ་རྒྱན་རིང་ཐུང་འདྲ་མིན་སྣ་ཚོགས་ཀྱི་རྒྱན་ཆ་འདོགས། དངུལ་རྡུང་བའི་གའུ་དང་ཡུལ་སྐད་དུ་དུ་རམ་ཙག་ཅེས་པའི་དངུལ་གྱི་མེ་ཏོག་གོས་འཇུ་བྱེད་སོགས་རྒྱན་འདོགས་སྲོལ་ཡོད། གའུ་ནི་རང་ཉིད་ཀྱི་ལུས་སྲུང་མཐུ་ལྡན་ནོར་བུ་ལྟ་བུ་ཡིན་པས་ཉིན་མཚན་མེད་པར་སྐེ་རྒྱན་དུ་འདོགས། རྐེད་ལ་མེ་ཏོག་སྣ་ཚོགས་འཚག་དྲུབ་བྱེད་པའི་པང་གདན་དང་སྟོང་སྐུད་ཡང་ན་སྐུད་པ་སྣ་ཚོགས་ཀྱིས་བཏགས་པའི་མེ་ཏོག་པ་ཏའི་རྐེད་རགས་བཅིངས། དེས་མཛེས་སྡུག་མིག་དབང་འཕྲོག་པ་མ་ཟད་བྲག་སྟེང་བུད་མེད་ཀྱི་རྐེད་པ་ཕྲ་མོའི་གཟུགས་མཛེས་མངོན་ཐུབ། རྐེད་རགས་ལ་ཡུལ་སྐད་དུ་གཡུང་དྲུང་ཐག་ཟེར། སྣེ་གཉིས་ལ་གཡུང་དྲུང་རི་མོ་བཙགས་ཡོད་པའི་རྐེད་རགས་འདི་གཙོ་བོ་ལོ་གསར་དུས་ཆེན་དང་གཉེན་སྟོན་རྟེན་འབྲེལ་སྐབས་སུ་བཅིངས། གཉེན་སྒྲིག་བྱས་ཚར་བའི་བུད་མེད་ལོ་ཆུང་རྣམས་སྟོད་ལེབ་གྱོན་སྲོལ་ཡོད་ལ་སྣམ་བུ་ཡིས་
བཟོས་པའི་སྟོད་ལེབ་གྲུ་བཞི་ནི་ཁྲ་སྤྲད་ནས་འཐག་པ་ཡིན། སྟོད་ལེབ་ཀྱི་མཐའ་དང་དཀྱིལ་གྱི་ཁྲ་ཐིག་ནི་ནག་པོ་ཡིན། མཐའ་བཞི་ལ་མེ་ཏོག་བཙགས་ཡོད། རྒྱན་གོས་སྤྲས་པའི་བྲག་སྟེང་བུད་མེད་ཚོ་ལ་དེ་བས་ཁྱད་འཕགས་ཀྱི་སྒེག་ཉམས་ཐོན།བུད་མེད་རྣམས་ཀྱིས་གཉེན་སྟོན་སྐབས་སུའང་རྒྱན་གོས་དཀར་པོ་གྱོན་སྲོལ་ཡོད། ད་དུང་ཕྲུག་དཀར་གྱིས་བཟོས་པའི་རྒྱན་གོས་ཀྱང་ཡོད་ལ་དཔེར་ན་བྲག་སྟེང་ཚུ་ལོག་གྲོང་སྡེར་ཞིབ་དཔྱད་བྱེད་དུས་རྒན་མོ་ཞིག་ལ་ཕྲུག་དཀར་གྱི་སྟོད་ཐུང་བྲང་ཤག་ཅིག་མཆིས། ཕྲུག་དཀར་དེ་ལོ་སུམ་ཅུ་ཙམ་སོང་ཡོད་མོད་ལུས་ལ་གྱོན་སྐབས་ཕྲུག་གསར་དང་དབྱེ་བ་མེད་པའི་སྤུས་བཟང་འདུག ད་ལྟ་ཕྲུག་དཀར་ཧ་ཅང་དཀོན་པོ་རེད།འདི་ནི་བྲག་སྟེང་བོད་རིགས་ཀྱི་རྒྱན་གོས་རྣམས་ཕལ་ཆེར་དུས་སྟོན་དང་ལྷ་མཆོད་བྱེད་པའི་སྐབས་སུ་གྱོན་པའི་རིགས་རྣམས་ངོ་སྤྲོད་བྱས་པ་ཡིན། རྒྱུན་པར་གོས་འདི་དག་ཁྱིམ་དུ་ཉར་ཚགས་བྱེད། དུད་ཚང་འགའ་ཡི་རྒྱན་གོས་མི་རབས་མང་པོར་བརྒྱུད་ཚར་འདུག

                                                  
༣ སོ་མའི་སེང་རས་ཀྱི་བོད་གོས།
      རྡོ་དཀར་རྡོ་རིང་ཞེས་པའི་གྲོང་སྡེར་ཞིབ་དཔྱད་བྱེད་སྐབས་སུ་ང་ཚོས་སོ་མའི་སེང་རས་ཀྱིས་དྲུབ་པའི་གོས་ཤིག་མཐོང་། ཐེངས་དང་པོ་སོ་མའི་སེང་རས་ཀྱིས་བཟོས་པའི་བོད་གོས་མཐོང་དུས་ཚང་མ་ཧ་ལས་པར་གྱུར། སོ་མའི་སེང་རས་ཀྱི་བོད་གོས་ནི་བཟོ་སྟངས་ཧ་ཅང་ཞིབ་ཚགས་ལ་དཀར་མདོག་བཀྲ། སོ་མའི་སེང་སྐུད་ཀྱང་ཞིང་སེང་རས་རྒྱུ་སྐུད་སྙོམས་པ། ད་ལྟར་ཚོང་ཁང་ནང་བཙོངས་པའི་རས་དཀར་དང་ཁྱད་པར་མི་འདུག་སེང་རས་དེ་ནི་ལུས་ལ་གྱོན་ན་དབུགས་འགྲོ་ཐུབ་པར་མ་ཟད། རྔུལ་ཆུ་འཇིབ་ཐུབ། ད་དུང་ཧ་ཅང་བདེ་ལྷོད་ཀྱི་སྣང་བ་སྐྱེ། ཕྲན་ནི་ང་ཚོ་བོད་རིགས་ལ་འདི་འདྲའི་ལག་ཤེས་བཟོ་རྩལ་ཁྱད་འཕག་ལྡན་པ་ལ་སེམས་གཏིང་ནས་སྤོབས་སེམས་སྐྱེས། སེང་རས་ཀྱི་རྒྱུ་ཆ་ནི་ས་འདིར་རྨོས་པའི་སོ་མ་ར་ཙ་རེད། སོ་མ་སྨིན་རྗེས་དེའི་སྡོང་པོ་ཉི་མར་སྐམ་དུ་བཅུག་སྟེ་རྗེས་ཆུ་ནང་དུ་གཟའ་འཁོར་གཅིག་ཙམ་སྦོང་དགོས། ཡར་བླངས་ནས་ཡང་བསྐྱར་སྐམ་དགོས་པ་དང་སྡོང་པོའི་ཐོག་གི་སོ་སྐུད་དྭངས་མ་རེ་རེ་བཞིན་པགས་བཤས་ནས་སོ་སྐུད་གྲུ་གུ་བྱས། གོ་ཐལ་ཚད་མཐུན་དང་མཉམ་དུ་ཉིན་ཕྱེད་ཙམ་བཙོ་དགོས། གོ་ཐལ་ནི་བ་ཚྭའི་རང་བཞིན་ལྡན་པས་དཀར་པོར་སྒྱུར་བའི་ནུས་པ་ཡོད། བཙོས་ཟིན་པའི་སོ་སྐུད་ཆུ་ནང་དུ་བསྐྱར་འཁྲུད་བྱེད་པ་དང་རྡོ་ཐོག་ཏུ་བཞག་ནས་དབྱུག་པ་ཆུང་ཆུང་གི་ལྷོད་ལྷོད་བརྡུངས་ན་སོ་སྐུད་འཇམ་པོར་འགྱུར་འགྲོ། དེ་རྗེས་ཉི་མར་སྐམ་དུ་བཅུག་ནས་ད་གཟོད་སོ་རས་འཐག དེ་སྔོན་བྲག་སྟེང་ཡུལ་ཚོའི་གྲོང་སྡེ་གཞན་ལའང་སོ་རས་གྱོན་པ་གྲངས་ཀྱིས་མི་ལང་། དེ་དུས་དུད་ཚང་ཐམས་ཅད་ཀྱིས་སོ་མ་རྨོ་བ་མ་ཟད་སོ་རས་འཐག་སྲོལ་ཡོད་པར་བཤད། ད་ལྟ་ཚོང་ཟོག་རྗེས་རེས་དང་འགྲིམ་འགྲུལ་དཔལ་འབྱོར་སོགས་ཡར་ཐོན་ཡོད་པས་རས་ཆ་སྣ་ཚོགས་ཐོན་ནས་རྡོ་རིང་གྲོང་མ་གཏོགས་སོ་རས་བཟོས་པའི་བོད་གོས་མཐོང་རྒྱུ་མི་འདུག ཞིབ་དཔྱད་བྱེད་སྐབས་སུ་ང་ཚོས་དངོས་སུ་སོ་རས་འཐག་པའི་གོ་རིམ་མཐོང་།      དེ་རིང་གི་རྡོ་དཀར་རྡོ་རིང་གྲོང་དུ་སོ་རས་འཐག་ཤེས་པའི་མི་ཉུང་དུ་འགྲོ་ཡོད་པར་མ་ཟད་འཐག་ཤེས་མཁན་རྣམས་ཀྱང་ལོ་ན་རྒན་པའི་མ་མ་འགའ་ཙམ་ཡིན། ད་ལྟའི་ན་གཞོན་ཚོས་སོ་རས་འཐག་མི་ཤེས་ལ་གྱོན་མཁན་ཡང་མི་འདུག རང་ཉིད་ཀྱིས་བསམས་ན་སེང་རས་འཐག་རྩལ་འདི་ནི་བོད་རིགས་ཀྱི་དམངས་ཁྲོད་དུ་དར་བའི་བཟོ་རྩལ་ལེགས་པོ་ཞིག་ཡིན་པས་ངེས་པར་དུ་མི་རབས་རེ་རེ་བཞིན་བརྒྱུད་སྤེལ་བྱེད་དགོས་པ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ལ་སོ་རས་བཟོ་གོས་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེ་རྒྱུས་ལོན་བྱེད་དུ་འཇུག་དགོས་སོ།

  • ལེ་ཚན་སྔོན་མ།:མཛེས་པའི་གཟབ་མཆོར་སྐབས་ཀྱི་རྒྱན་ཆ།
  • ལེ་ཚན་རྗེས་མ།:བོད་རིགས་བུད་མེད་ཀྱིས་འཆིང་པའི་པང་གདན་བཤད་པ།