སློབ་དེབ་ནི་མི་རིགས་ཀྱི་རྗེས་རབས་པ་ཞིག་སྐྱོང་བའི་རྟེན་དང་ཁྲིད་པའི་མིག་ལྟ་བུ་ཡིན་པས་འདི་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་པ་ནི་དོན་གྱིས་མི་རིགས་ཤིག་དང་མི་རབས་ཤིག་ལ་ཞིབ་འཇུག་དང་མཐོང་ཆེན་བྱེད་པ་ནང་བཞིན་རེད། དེ་བས་སློབ་དེབ་རྩོམ་སྒྲིག་འདི་སློབ་མ་འགའ་དང་དགེ་རྒན་འགའ་ལ་ཐུག་པའི་གནད་དོན་ཞིག་མིན་པར་མི་རིགས་ཤིག་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན། མི་རིགས་ཀྱི་ལས་དོན་ལས་ཆེས་གལ་ཆེ་བ་ནི་སྐད་ཡིག་གི་ལས་དོན་ཡིན་པས་སློབ་དེབ་རྩོམ་སྒྲིག་གི་བྱ་བ་ནི་དེའི་ནང་གི་ཡང་གལ་ཆེན་ཞིག་ཡིན་ལ། སློབ་ཆུང་སློབ་མའི་སློབ་དེབ་ནི་སློབ་དེབ་ཀུན་ལས་ཀྱང་ཆེས་གཞི་མར་གྱུར་པས་སློབ་དེབ་རྩོམ་སྒྲིག་ཁང་ཁོ་ནར་བལྟས་ནས་སྡོད་འོས་པའི་བྱ་བ་ཞིག་མིན་པ་ཡང་ཀུན་གྱིས་ཤེས་དགོས་པ་ཞིག་ཡིན།
དཔྱད་གཞིའི་དབང་གིས་བདག་གིས་སྔོན་ནས་ད་ལྟའི་བར་གྱི་སློབ་ཆུང་གི་བོད་ཡིག་གི་སློབ་དེབ་ཚང་མ་མ་མཐོང་ཡང་ད་ལྟ་སྤྱོད་བཞིན་པའི་སློབ་དེབ་འདིར་བལྟས་ན་བདག་སློབ་ཆུང་དུ་འགྲིམ་དུས་ཀྱི་སློབ་དེབ་ལ་བསྡུར་ན་ཡར་བསྐྱེད་ཆེན་པོ་བྱུང་འདུག དེ་ནི་རྩོམ་སྒྲིག་པ་དག་གིས་འབད་པའི་འབྲས་བུ་ཡིན་པས་རྗེས་སུ་ཡི་རང་དང་ཁས་ལེན་བྱ་དགོས། འོན་ཀྱང་རྩོམ་སྒྲིག་པ་དག་གིས་མུ་མཐུད་དུ་འབད་དེ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལོན་པའི་ཆེད་དུ། བདག་གིས་ད་ལྟ་སྤྱོད་བཞིན་པའི་ཞིང་ལྗོངས་ལྔའི་སློབ་ཆུང་གི་སློབ་དེབ་དང་མཚོ་ལྷོ་ཁུལ་གྱིས་བསྒྲིགས་པའི་སློབ་ཆུང་གི་སློབ་དེབ་དག་ལ་ཞིབ་ཏུ་བལྟས་ཤིང་། སློབ་ཆུང་གི་དགེ་རྒན་དང་སློབ་མ་སྐོར་ཞིག་གི་དགའ་ཕྱོགས་ལ་སློབ་དེབ་ དང་དགེ་སློབ་ཚོའི་བར་གནད་དོན་གང་ཞིག་བྱུང་བར་ཞིབ་འཇུག་བྱས།
ད་ལྟའི་སློབ་དེབ་དག་ནི་སློབ་ཚན་གང་མང་ཞིག་གཞན་ལས་བསྒྱུར་བས་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་བོད་རིགས་སློབ་མའི་གོ་དཀའ་ཞིང་། སེམས་པའི་འཁྱེར་སོ་དང་མི་མཐུན་པ། འགྲེལ་དཀའ་བ། བོད་ཀྱི་རིག་གནས་མེད་པ་བཅས་ཀྱིས་སློབ་མ་ལ་ཕན་དེ་འདྲ་ཐོགས་ཀྱིན་མི་འདུག་པས་བསླབ་གཞི་བཅོས་བསྒྱུར་དང་ལེགས་སྒྲིག་བྱེད་པ་ཤིན་ཏུ་གལ་ཆེ། དེ་བས་སློབ་དེབ་ལེགས་པོ་ཞིག་བསྒྲིག་པ་ལ་བརྗོད་བྱའི་དོན་དང་། རྗོད་བྱེད་ཚིག སློབ་མར་འཚམ་མིན། སྦྱངས་པའི་ཕན་འབྲས་ཀྱི་ཆ་བཅས་ལས་ཞིབ་འཇུག་གནད་དུ་འབབ་པ་ཞིག་བྱ་དགོས་པས་བདག་གིས་རང་གི་བསམ་ཚུལ་འགའ་ཁྱེད་ཅག་གི་དཔྱད་གཞིར་ཨེ་ཕན་སྙམ་ནས་སྦ་གསང་མེད་པར་བརྗོད་པར་བྱ།
དང་བོ། ད་ལྟའི་བོད་ཀྱི་སློབ་དེབ་ཏུ་ཡོད་པའི་གནད་དོན་ལ་དཔྱད་པ།
ད་ལྟའི་སློབ་དེབ་ནི་ཆེད་ལས་རྩོམ་སྒྲིག་པ་དག་གིས་ལོ་མང་བོའི་ཉམས་མྱོང་གི་སྟེང་རིམ་པ་སོ་སོའི་དགེ་རྒན་མང་བོའི་ཉམས་མྱོང་བླངས་ནས་བསྒྲིགས་པ་ཞིག་ཡིན་པས་བདག་ལྟ་བུས་ཟུར་བལྟས་ལེབ་མཐོང་གིས་སྐྱོན་ཆ་ཞིག་འཚོལ་བ་ཤིན་ཏུ་དཀའ། འོན་ཀྱང་སློབ་ཆུང་དུ་རང་གི་སྐད་ཀྱི་གཞི་ཆགས་ཤིང་རིག་གནས་ཀྱི་ས་བོན་གདབ་དགོས། ལྷག་པར་དེང་གི་སློབ་དེབ་ཀྱི་སྐྱོན་ངེས་ཟིན་ན་མ་འོངས་པའི་སློབ་དེབ་ལ་དགེ་མཚན་འབྱུང་བས་སྐབས་འདིར་བཟང་ཆ་བཤད་པ་ལས་སྐྱོན་བཤད་ན་དགེ་མཚན་ཆེ། སློབ་དེབ་ཀྱི་སྐྱོན་ཆ་ནི་རང་ངོས་ཀྱི་སྐྱོན་ཆ་དང་སློབ་མ་དང་འཚམ་མིན་གྱི་སྐྱོན་ཆ་གཉིས་སུ་འདུས་པ་ལས་ད་ལྟའི་ཞིང་ལྗོངས་ལྔའི་སློབ་དེབ་འདིར་སྐྱོན་ཆ་འདི་གཉིས་ཀ་ཡོད།
1 འགྱུར་རྩོམ་མང་དྲགས་པ། གཞན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན་སློབ་ཆུང་གི་སློབ་དེབ་ཏུ་རྩོམ་ཡིག274ཡོད་པ་ལས91འགྱུར་མ་སྟེ་སློབ་དེབ་ཡོངས་ཀྱི་རྩོམ་ཡོངས་ཀྱི33.22%ཟིན་ཡོད་སྐད། བདག་གིས་ཞིང་ལྗོངས་ལྔའི་མཉམ་འབྲེལ་སློབ་དེབ་དེབ་དང་བོ་ནས་དེབ་བཅུ་གཉིས་པའི་བར་གྱི་སློབ་ཚན་ལ་བསྒྱུར་རྩོམ་གྱི་གྲངས་ཀ་སུམ་ཆའི་གཅིག་ཙམ་ཟིན་ཡོད་པ་མཐོང་བྱུང་དེ་ལས་མང་ཆེ་བ་ཞིག་རྒྱ་ཡིག་གི་སློབ་དེབ་ན་ཡང་ཡོད་འདུག་པས་སློབ་ཚན་འདེམས་སྟངས་ལ་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་པ་ཤེས། (1)ཚིག་སྦྱོར་གྱི་ཐད་ནས་སྐྱོན་ཞུགས་པ། འགྱུར་རྩོམ་མང་དྲགས་པས་བོད་ཀྱི་ན་གཞོན་ཀུན་ལ་བག་ཆགས་ངན་པ་ཞིག་བྱུང་སྟེ་ར་མ་ལུག་གི་སྐད་ཆ་ཞིག་བྱུང་ཡོད། ད་ལྟའི་ང་ཚོའི་དུས་དེབ་ཀུན་ཏུ་ར་མ་ལུག་གི་སྐད་ཆ་མང་བ་འདི་སློབ་དེབ་ལ་འབྲེལ་བ་མེད་ཅེས་སུ་ཞིག་གིས་བཤད་ཐུབ། དཔེར་ན་རྒྱལ་སྤྱིའི་བོད་སྐད་ཡིག་ཚོགས་འདུ་ཐེངས་གསུམ་པ་དེ་ཡང་ཐེངས་གསུམ་པའི་སྐད་ཡིག་འཚོགས་འདུ་ཟེར་དགོས་ཞེས་རྩོད་པ་བྱས་ཀྱང་མཐའ་མཇུག་ཐག་མ་ཆོད་པར་ཕྱི་གླིང་བ་བོད་ཡིག་སྦྱངས་པ་ཞིག་ལ་དྲིས་པས་ཁོས་སྒོར་ལྔ་ཟེར་བ་ལས་ལྔ་སྒོར་མི་ཟེར་ཞེས་གནད་དོན་དེ་ཐག་ཆོད་པ་ལྟ་བུ་རེད། (2)དུས་ཚོད་ཆུད་ཟོས་སུ་གཏོང་བ། འགྱུར་ཡིག་གི་སློབ་ཚན་མང་ཆེ་བ་རྒྱ་ཡིག་གི་སློབ་ཚན་དུ་ཡང་ཡོད་པར་བཤད་པས་བོད་རིགས་སློབ་མས་ཐེངས་གཉིས་ལ་སྦྱང་དགོས་པས་དུས་ཚོད་ཆུད་ཟོས་སུ་གཏོང་བ་ལས་མ་འདས། (3)སློབ་མ་ལ་སྦྱངས་འདོད་མེད་པ། སློབ་ཚན་གཅིག་རྒྱ་ཡིག་ལས་སྦྱངས་ནས་སླར་ཡང་བོད་ཡིག་ལས་སྦྱངས་ན་སློབ་མ་ཚོར་སྦྱོང་འདོད་མི་འབྱུང་སྟེ་བོད་འགྱུར་མ་ནི་མ་རྩོམ་རྒྱ་ཡིག་ལྟ་བུའི་ཉམས་གཏན་ནས་མེད་པ་མ་ཟད། སློབ་མ་མང་ཆེ་བས་རྒྱ་ཡིག་ལས་སྦྱངས་པས་སློབ་ཚན་འདི་རིགས་ཀྱི་བརྗོད་བྱ་རྗོད་བྱེད་གང་ལ་ཡང་སྤྲོ་བ་ཅི་ཡང་མི་འདུག་ཟེར། (4)ཁོ་བོས་བལྟས་ན་སློབ་ཆུང་ནི་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱོང་བ་གཙོ་བས་ན་འདིའི་སྐབས་སུ་འགྱུར་རྩོམ་གཅིག་ཀྱང་མེད་ན་ལེགས་སྙམ། ད་ལྟ་བོད་རིགས་བྱིས་པས་སྐད་ཆ་དང་ཡི་གེ་སྦྱོང་བར་དཀའ་ངལ་འཕྲད་བཞིན་པས་ན་ཆུང་དུས་ནས་འགྱུར་རྩོམ་སྦྱོང་བ་འདིར་ཕན་པ་ལས་གནོད་པ་ཆེ་སྟེ་སློབ་ཆུང་སྐབས་རིག་གནས་གསར་བ་ནང་འདྲེན་ཟེར་བ་ནི་འབུལ་བ་ར་རིན་མེད་པར་རྡོ་རྗེ་རྟ་རིན་ཤོར་བའི་དཔེ་ལས་མི་འདུག
2 རང་གི་རིག་གནས་སྲོག་གིས་དབུལ་བ། ད་ལྟའི་སློབ་དེབ་འདི་དག་ནི་འགྱུར་རྩོམ་མང་ཆེ་ཞིང་ནང་དོན་སྒྲིག་སྟངས་ཀྱི་ཆ་ནས་སྒྲ་རིག་པའི་ཆ་ལ་གཞོལ་ཆེ་བ་ལས་མི་རིགས་རང་གི་དགེ་མཚན་ཆེ་བའི་བསམ་བློའི་རིགས་ཕལ་ཆེར་དཀོན་པོ་འདུག་པས་གསལ་བོར་བཤད་ན་ད་ལྟའི་སློབ་དེབ་འདི་རིགས་ནི་མི་རིགས་རང་གི་སྐད་ཀྱིས་མི་རིགས་གཞན་པའི་རིག་གནས་སྦྱོང་བ་ལྟ་བུར་གྱུར་འདུག འདི་ནི་སློབ་ཆུང་ནས་སློབ་འབྲིང་གི་བར་དུ་ཁྱབ་ཡོད་པའི་གནད་དོན་ཆེན་པོ་ཞིག་རེད། གནད་དོན་འདི་ལས་བལྟས་ན་བོད་རིགས་སློབ་མ་དང་ལྷག་པར་སློབ་ཆུང་སློབ་མས་སྦྱང་དཀའ་བ་དང་། བོད་རིགས་སློབ་མས་རང་གི་རིག་གནས་ལ་དགའ་བ་མི་བསྐྱེད་པའི་རྐྱེན་དུ་འགྱུར་འགྲོ་བ་མ་ཟད་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བའི་གེགས་སུ་འགྱུར་ངེས།
3 སློབ་པའི་གོ་རིམ་དང་མི་མཐུན་པ། སློབ་ཆུང་གི་སློབ་དེབ་ནི་གཞན་པའི་སློབ་དེབ་དང་མི་འདྲ་བར་བྱིས་པ་དག་དང་འཚམ་དགོས། བྱིས་པ་དང་འཚམ་མིན་ཡང་བརྗོད་བྱའི་ཐད་ནས་བྱིས་པ་དང་མཐུན་མིན་ལ་བལྟ་དགོས་ལ་རྗོད་བྱེད་ཀྱི་ཆ་ནས་བྱིས་པ་དང་འཚམ་མིན་ལ་ལྟ་དགོས། དཔེར་ན་ལོ་རིམ་གཉིས་པའི་སྟོད་ཆ་ལས། ཀྲུང་གོའི་མི། །བརྩོན་འགྲུས་ཆེ། །ཡོན་ཏན་ལྡན། །གསར་བརྗེར་དགའ། །①②③ཞེས་པ་འདིའི་གསར་བརྗེ་ཞེས་པའི་ཐ་སྙད་འདི་ནི་ལོ་རིམ་གཉིས་པའི་སློབ་མར་མཚོན་ན་གཏན་ནས་མི་འཚམ་ཞིང་འགྲེལ་དཀའ་བའི་ཐ་སྙད་ཅིག་རེད།
4 བོད་ཀྱི་ཁྱད་ཆོས་ཇི་བཞིན་ཤད་སྤྱད་མེད་པ། ཞིང་ལྗོངས་ལྔས་བསྒྲིགས་པའི་སློབ་ ཆུང་གི་སློབ་དེབ་འདིར་མིང་དང་ཚིག་ཐུང་དག་ལ་ཤད་ཅི་ཡང་སྤྱད་མེད་ཅིང་། དཔེར་ན་མདུན་ཤོག་གི་སྟེང་དུའང་ཆིག་ཤད་ཡོད་ཚད་རྩ་མེད་དུ་བཏང་འདུག་པ་འདིས་སློབ་དེབ་འདི་རིགས་བསྒྲིགས་པའི་རྩ་དོན་ནི་ཤད་འཇོག་མི་དགོས་པ་དེ་རེད། དེ་བས་ང་ཚོས་སློབ་དེབ་ཀྱི་ནང་དུ་ཤད་བཞག་པ་ཚད་ལྡན་ཡིན་མིན་གསལ་བོར་མཐོང་ཐུབ་པ་རེད། སློབ་དེབ་དག་ཁ་ཕྱེས་དུས་མིང་ཡོད་ཚད་ལ་ཤད་བཞག་མེད་ལ་ཚིག་ཐུང་དག་ལའང་ཤད་བཞག་མེད་པ་དེས་སློབ་མ་རྣམས་ཤད་འབྲི་བར་སྐྱོན་ཆེན་པོ་ཞིག་འབྱུང་ངེས། འདི་ལ་བལྟས་ན་རྩོམ་སྒྲིག་པའི་རྩ་དོན་ཞིག་ཏུ་མཐོང་མོད། རྩ་དོན་འདི་ནི་རྩ་བ་ནས་མགོ་རྟིང་ལོག་པ་ཞིག་ཡིན་པས་ངོ་རྒོལ་བྱ་འོས་པ་ཞིག་རེད།
5 གཅིག་གྱུར་མེད་པ་དང་ཞུ་དག་མི་འདང་བའི་སྐྱོན། ད་ལྟའི་ཞིང་ལྗོངས་ལྔའི་སློབ་དེབ་ཏུ་ཤད་ཀྱི་སྤྱོད་སྟངས་གཅིག་གྱུར་མིན་ཞིང་། ཐ་སྙད་ཀྱི་གཅིག་གྱུར་ཡོང་མེད་པ་མཐོང་བའི་ཁར་ཡིག་ནོར་ཡང་རེ་གཉིས་མཐོང་། སྤྱིར་ན་དེབ་གཞན་ལ་ཡིག་ནོར་རེ་གཉིས་ཡོད་ཀྱང་སྐྱོན་དེ་འདྲ་མེད་མོད། སློབ་དེབ་ཅིག་ན་ཡིག་ནོར་བྱུང་བ་ན་སློབ་མ་རྣམས་ཀྱིས་སློབ་དེབ་ལ་ཡིད་ཆེས་ཉམས་འགྲོ་བ་མཐོང་། དེ་བས་སློབ་དེབ་ཅིག་ཡིན་ན་ཡིག་ནོར་གཅིག་ཀྱང་ཡོད་མི་འོས།
གཉིས་པ། མ་འོངས་པར་བོད་ཀྱི་སློབ་དེབ་བསྒྲིག་པ་ལ་དཔྱད་པ།
སློབ་ཆུང་གི་སློབ་དེབ་ཚད་ལྡན་ཞིག་བསྒྲིག་པ་ལ་ཚན་རིག་དང་མཐུན་པའི་སྒྲིག་སྟངས་ཤིག་དགོས་ཤིང་ཚན་རིག་དང་མཐུན་པའི་སྒྲིག་སྟངས་ཤིག་མེད་ན་བརྗོད་བྱ་ལེགས་ཀྱང་ས་ཆོད་མེད་པར་འགྱུར་ངེས། དེ་ལས་ཐུགས་མཉམ་འཇོག་དགོས་པ་ནི་དང་བོ་གོ་རིམ་སློབ་པའི་རིམ་པ་དང་མཐུན་དགོས་ལ། བརྗོད་བྱ་རྗོད་ཚུལ་གོ་སླ་བ། ཉམས་མཚར་བ། མི་རིགས་ཀྱི་སེམས་ཁམས་དང་མཐུན་པ། བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་པ་བཅས་གནད་དུ་གཟུང་འོས།
དང་བོ། བསླབ་པའི་རིམ་པ་དང་མཐུན་པའི་སློབ་དེབ་བསྒྲིག་དགོས།
(1) བྱིས་གཉོར་ཁང་གི་བྱིས་པའི་སློབ་དེབ་ཅིག་བསྒྲིག་དགོས།
ད་ལྟ་བོད་ཀྱི་སྡེ་བ་སོ་སོ་ན་ཡང་བྱིས་གཉོར་ཁང་འཛུགས་བཞིན་ཡོད་པས་སློབ་དེབ་སྒྲིག་ཕྱོགས་ཐད་ནས་དེ་ལ་བསམ་གཞིག་གནང་དགོས། བདག་གིས་བརྟག་དཔྱད་ཀྱིས་ཤེས་པ་ལྟར་ན་བོད་རིགས་སློབ་མ་བོད་ཡིག་ལ་དགའ་མི་དགའ་ནི་བྱིས་གཉོར་ཁང་ལ་འབྲེལ་བ་ཆེན་པོ་ཡོད་དེ། བྱིས་གཉོར་ཁང་ནས་རྒྱ་སྐད་དང་རྒྱ་ཡིག་ཁོ་ན་ལས་མ་སྦྱངས་ན་བྱིས་པར་བོད་ཡིག་གི་བག་ཆགས་དེ་རྒྱ་ཡིག་གི་བག་ཆགས་ལས་ཞན་པར་གྱུར་ནས་བོད་ཡིག་ལས་རྒྱ་ཡིག་ལ་དགའ་བ་ཤས་ཆེ་བ་རེད།
སྔོན་ཆད་བོད་རིགས་བྱིས་པ་ཕ་མས་གཉོར་ཞིང་རང་དང་འདྲ་བའི་བྱིས་པའི་ཁྲོད་ནས་བོད་སྐད་སྦྱོང་བཞིན་འཚར་ལོངས་བྱུང་བ་ཡིན་རུང་ད་ལྟ་ཆུང་དུས་ནས་བྱིས་གཉོར་ཁང་དུ་འཚར་ལོངས་བྱུང་བས་འདིས་གནས་ཚུལ་དེ་རྩ་བ་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ང་ཚོས་ངེས་པར་བྱིས་གཉོར་ཁང་ནས་བོད་ཡིག་དང་བོད་སྐད་སྦྱོང་བའི་ལས་ལ་འཇུག་དགོས་པ་མ་ཟད། ཆུང་ངུ་ནས་ཀ་ཁ་ངོས་ཟིན་པ་དང་། བོད་སྐད་ངོས་ཟིན་པ། རང་ཉིད་བོད་ཡིན་པ་ངོས་ཟིན་པར་བྱ་བ་གལ་ཆེ་བས་བྱིས་གཉོར་ཁང་གི་སློབ་དེབ་ཅིག་བསྒྲིག་པ་ནི་དུས་རབས་ཀྱིས་སྐྱེལ་ཡོང་བའི་འགན་ཁུར་ཞིག་རེད།
(2) བརྗོད་བྱ་བསླབ་པའི་རིམ་པ་དང་མཐུན་དགོས་པ།
སློབ་དཔོན་ཐོན་མིས་བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་ཏུ་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་བསླབ་པའི་རིམ་པ་ཞིག་དགོས་པ་རེད། སྤྱིའི་ཆ་ནས་བཤད་ན་དེང་གི་སློབ་དེབ་དག་གིས་སློབ་པའི་རིམ་པ་འདི་གནད་དུ་བཟུང་བ་ལེགས་ཀྱང་ད་དུང་མི་འདང་ས་ཤིན་ཏུ་མང་། འདི་ནི་ང་ཚོས་བསྒྲུབ་དཀའ་བ་ཞིག་ཡིན་ཏེ་སློབ་དེབ་སྒྲིག་མཁན་དག་དང་སློབ་མའི་བར་རྒྱུས་ལོན་གསལ་བོ་ཞིག་འབྱུང་དཀའ་ཞིང་། ད་ལྟའི་དགེ་རྒན་དག་ཀྱང་ལོ་རིམ་གྱི་དགེ་རྒན་ལས་ལོ་རིམ་དང་བོ་ཁྲིད་ནས་རིམ་བཞིན་ལོ་རིམ་དྲུག་པའི་བར་དུ་ཁྲིད་པ་ཞིག་ཤིན་ཏུ་ཉུང་བ་རེད། དེ་བས་བསླབ་པའི་གོ་ རིམ་འདི་ལ་ཞིབ་འཇུག་བྱེད་པ་ཤིན་ཏུ་དཀའ་ན་ཡང་། སྤྱིའི་ཆ་ནས་འདི་ལྟར་བཤད་ཆོག་སྙམ། 1 བྱིས་གཉོར་ཁང་ནས་ཀ་ཁ་ནས་སྔོན་འཇུག་དང་རྗེས་འཇུག་བར། ད་དུང་སློབ་ ཚན་རེ་རེའི་རྗེས་སུ་དགེ་རྒན་གྱིས་བཤད་རྒྱུའི་གཏམ་རྒྱུད་ལེགས་པོ་རེ། 2ལོ་རིམ་དང་བོ་སྟོད་ཆ་ནས་འཕྲལ་ཀློག སྨད་ཆ་ནས་སྦྱོར་ཀློག ལོ་རིམ་གཉིས་པ་ནས་འབྲི་བ་དང་ཀློག་པ་ཟུང་འབྲེལ། 3 ལོ་རིམ་གསུམ་པ་ནས་དག་ཆ་ལ་སྦྱོང་བ་བཅས་སློབ་མའི་བསླབ་པའི་གོ་རིམ་ཞིག་དགོས།
(3)ཐ་སྙད་སྦྱོང་བ་ལ་བསྐྱར་བཟློས་མེད་པ་ཞིག་དགོས།
ད་ལྟའི་སློབ་དེབ་དག་ཏུ་སློབ་ཆུང་ནས་དག་ཡིག་ཡོད་ལ་སློབ་འབྲིང་ནས་ཀྱང་དག་ཡིག་ཡོད། འོན་ཀྱང་མང་ཆེ་བ་བསྐྱར་ཟློས་སུ་སོང་བས་སློབ་ཆུང་གི་དག་ཡིག་དང་སློབ་འབྲིང་གི་དག་ཡིག་གི་ཚད་གཉིས་མི་འདྲ་བ་དགོས་ལ། མཐོ་འབྲིང་གི་དག་ཡིག་དང་དམའ་འབྲིང་གི་དག་ཡིག་གི་ཚད་ཀྱང་མི་འདྲ་བ་དགོས། སློབ་ཚན་འདེམས་སྟངས་ཀྱང་དེ་བཞིན་བསམ་གཞིག་བཏང་ན་ལེགས།
(4)སློབ་མས་ལོ་རིམ་དང་བསྟུན་ནས་ཤེས་དགོས་པའི་ཚད་གཞི་ཞིག་དགོས། སློབ་ཆུང་གི་སྐབས་སུ་ལོ་རིམ་དང་བོས་ཐ་སྙད་གང་ཞིག་སྦྱོང་དགོས་པ་དང་གཉིས་པས་གང་ཞིག་སྦྱོང་བ་སོགས་སློབ་ཆུང་ནས་ཇི་འདྲ་ཞིག་སྦྱོང་དགོས་པ་ཚད་ཅིག་ཡོད་ན་སློབ་དེབ་སྒྲིག་པའི་སྤྱི་ཁོག་ངེས་ཐུབ་པ་ཡིན། དེ་མིན་དཀྱུ་ས་བོར་ནས་རྟ་རྒྱུགས་པ་བཞིན་དུ་སྒྲིག་མཁན་ལ་ངེས་གཏད་མེད་འགྲོ་ལ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དམིགས་གཏད་བོར་ངེས།
(5) སློབ་ཆུང་དགེ་རྒན་གྱི་ཟུར་ལྟའི་དཔྱད་གཞི་བསྒྲིག་དགོས་པ།
བདག་གིས་སློབ་ཆུང་གི་དགེ་རྒན་དག་ལ་བརྟག་དཔྱད་བྱས་ཚེ་ཁོང་རྣམ་པར་དཀའ་ངལ་ཆེས་ཆེ་བ་ནི་སློབ་ཁྲིད་དཔྱད་གཞི་ཚད་ལྡན་ཞིག་མེད་པ་དེ་རེད། དེ་བས་སློབ་དེབ་ཀྱི་དཀའ་ངལ་དག་ཐག་གཅོད་ཐུབ་ཀྱིན་མེད་པས་མི་བསྐྱུར་ག་མེད་བྱུང་འདུག ད་ལྟ་ཟུར་བལྟའི་དཔྱད་གཞི་རེ་འགའ་ཡོད་པ་ཡང་དར་ཤུད་སྟེགས་པ་ལྟ་བུ་རེད་ཟེར།
དེ་བས་དགེ་རྒན་གྱི་ཟུར་བལྟའི་དཔྱད་གཞི་ནི་ནང་དོན་གྱི་ཆ་ནས་སློབ་དེབ་ལས་རྒྱ་ཆེ་ཞིང་ཞིབ་ལ་དགེ་རྒན་གྱིས་སློབ་མར་ཁྲིད་པར་ཁ་ཕྱོགས་དགོས་པ་མ་ཟད་དགེ་རྒན་གྱི་སློབ་ཚན་དེའི་སྐོར་ཞིབ་ཏུ་སྦྱང་ས་ཞིག་ཡིན་དགོས། ལྷག་པར་ད་ལྟའི་དགེ་རྒན་སྐོར་ཞིག་གི་སློབ་དེབ་ཁྲིད་ཐུབ་ཀྱིན་མེད་པས་རབ་ཡིན་ན་དགེ་རྒན་གྱི་ཟུར་བལྟའི་དཔྱད་གཞི་དང་མཉམ་དུ་དེ་ཁྲིད་པའི་འོད་སྡེར་རེ་ཡང་ངེས་པར་མཁོ། བདག་གིས་དཔྱད་ནས་ཤེས་པ་ལྟར་ན་མཚོ་ལྷོའི་སློབ་དེབ་ལ་དེ་ལྟ་བུའི་ཟུར་བལྟའི་དཔྱད་གཞི་མེད་པས་དགེ་རྒན་ཚོར་དཀའ་ལས་ཆེས་ཆེ་བ་ཞིག་འབྱུང་བཞིན་ཡོད་པས་སློབ་མ་ཚོར་སློབ་དེབ་ཀྱི་ཤེས་བྱ་ལོབས་པ་ལ་ཡང་བར་ཆད་ཆེན་པོ་བྱུང་ཡོད་པ་མཐོང་།