བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།

མཁན་ཚུལ་ཁྲིམས་བློ་གྲོས།        2011-08-01

བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།
 
དབྱངས་གསལ་སོ་བཞིའི་རིགས་འཕྲུལ་རྨད་པོ་ཆེས།།
ཇི་སྙེད་ཤེས་བྱའི་རྣམ་གྲངས་མ་ལུས་པ།།
བདེ་བླག་སྟོན་པའི་ཤིང་རྟ་སམ་བྷོ་ཌའི།།
འཁོར་མེད་བཀའ་དྲིན་དྲན་བཞིན་སྙིང་ནས་འདུད།།
དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ཤེས་ཡོན་དང་ལྡན་པའི་མི་རིགས་གནས་ཤིང་། ཁྱད་པར་དུ་ཐོན་མི་སམ་བྷོ་ཌས་བོད་ཡིག་ཁྱབ་གདལ་དུ་སྲོལ་བཏོད་དེ། ཕྱིའི་རིག་གཞུང་དུ་མ་ནང་དུ་དྲངས། དེའི་ཚེ་ན་བོད་མིའི་འཚོ་བ་དང་རིག་གནས་དཔལ་འབྱོར་ཆབ་སྲིད་གང་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་སྟེ། ཀུན་གྱིས་སྨོན་གནས་སུ་གྱུར། རྒྱལ་བོ་གླང་དར་མས་བསྟན་པ་བསྣུབས་པ་ནས་བཟུང་བོད་ཀྱི་རྒྱལ་རབས་སིལ་བུར་འཐོར་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་འདི་ཉིད་ཀྱིས་ཆོལ་ཁ་གསུམ་པོ་རྩྭའི་བམ་པོ་བཞིན་དུ་འཆིང་ཐག་གཅིག་གིས་བཅིངས་ཏེ་གནས། དུས་རབས་ཉི་ཤུ་བའི་ནང་དུ་ཡོ་རོབ་དང་ཨ་རི་སོགས་ཡུལ་གྲུ་མང་པོ་ལ་ཁྱབ་སྟེ། ད་ལྟ་འཛམ་གླིང་གི་མཁས་བླུན་བགྲང་གིས་མི་ལངས་པ་ཞིག་གིས་བོད་ཀྱི་རིག་གཞུང་ཞེས་གཙིགས་ཆེན་བྱེད་པའི་གནས་སུ་གྱུར། དེའང་དུས་རབས་གསར་བ་འདིར་འཛམ་གླིང་གི་ལག་རྩལ་ཡར་རྒྱས་སུ་སོང་ཡང་། དེ་ཙམ་གྱིས་ནང་གི་ཞི་བདེ་བག་ཡངས་ཀྱི་འཚོ་བ་སྐྲུན་མི་ནུས་པར་མ་ཟད་འཇིགས་སུ་རུང་བའི་བྱ་བ་མང་པོ་ཇེ་མང་དུ་བཏང་བའི་གནས་སྐབས་འདི་ན། སྐྱེ་བོ་དུ་མ་ཚུལ་དེ་དག་ལ་ཡི་ཆད་ཅིང་། བོད་ཀྱི་རིག་གཞུང་འདིའི་ནང་ན་འགྲོ་བ་མིའི་རིགས་ལ་ངེས་པ་དོན་གྱི་བདེ་སྐྱིད་འདྲེན་པའི་ཐབས་ཚུལ་ཡང་དག་པ་ཞིག་རྙེད་པའི་རེ་བའི་འོད་སྣང་ཞིག་འདུག་སྙམ་པ་ཡིན་གྱི། ཁོང་ཅག་གི་རིག་གཞུང་དང་ཟེར་སྒྲོས་མི་འདྲ་བ་ཙམ་ལ་ཡ་མཚན་སྐྱེས་ཏེ་དོ་གལ་ཆེན་པོ་བྱེད་པ་ནི་མ་ཡིན་ནོ།། དེས་ན་ཉེ་བའི་ཆར་སྐྱེ་བོ་འགའ་རེས་ནུབ་ཕྱོགས་ཀྱི་རིག་པ་གསར་བ་དག་དང་གང་དུ་དར་བའི་གནས་དེ་དང་དེར་ནང་རིག་པ་གཙོ་བོར་བྱེད་པའི་བོད་ཀྱི་རིག་གཞུང་ལྟ་བུ་དག་ནུབ་པར་འགྱུར་རོ་སྙམ་པ་ནི་ནོར་བ་ཁོ་ནར་ཟད་དེ།  དངོས་ཡོད་ཀྱི་བདེན་དཔང་མངོན་སུམ་པ་འདི་དག་གིས་གསལ་བར་མཚོན་པར་བྱས་པའི་ཕྱིར་རོ།།
 བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།
 
 འོན་ཀྱང་ཆེས་བློ་ཕམ་པ་ཞིག་ནི་རང་རེའི་རིག་གཞུང་འདི་དག་ད་ལྟ་རང་ཡུལ་ནས་ཉམས་རྒུད་དུ་འགྲོ་བཞིན་པ་ཡིན་ཏེ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་སྙིང་གཏམ་སྤྲིན་གྱི་རོལ་མོ་ལས། བོད་རིགས་དག་མ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱད་དགོས། གལ་ཏེ་བོད་རང་གི་ཆས་གོས་ཀྱང་མི་བྱེད། སྐད་ཡིག་དག་ཀྱང་མི་སྤྱོད་ན་དེའི་ཚེ་བོད་ཅེས་པའི་མིང་བོར་ཚར་བ་རེད། ད་ལྟ་བོད་ན་རྫོང་དང་གྲོང་ཁྱེར་ཆེ་ཆུང་སྣ་ཚོགས་པར་གནས་པའི་ཕ་མ་ཐམས་ཅད་བོད་རིགས་གཤའ་མ་ཡིན་ངེས་ཀྱི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་པའི་གནས་ཚུལ་ཚབས་པོ་ཆེ་ཞིག་འོང་གི་འདུག  དེར་མ་ཟད་བོད་རིགས་ལས་བྱེད་པ་སོགས་བོད་ཀྱི་ཆེན་པོ་རློམ་པ་ཚོས་ཀྱང་བོད་སྐད་དག་མ་ཞིག་ཤོད་ཐུབ་ཀྱིན་མི་འདུག་སྟེ་གཏམ་གྱི་ལྔ་ཆ་གཅིག་གམ་གཉིས་ཙམ་ཞིག་རྒྱ་སྐད་ཡིན་པས་རྒྱ་སྐད་མི་ཤེས་མཁན་གྱིས་ད་ལྟ་བོད་ན་གཏམ་མགོ་མཇུག་ཚང་བ་ཞིག་མཉན་རྒྱུ་རྙེད་དཀའ་མོ་རེད །  ཅེས་གསུངས་པ་བཞིན་ནོ།།
  འོ་ན་དེའི་རྒྱུ་མཚན་ཅི་ཞེ་ན། གོང་གི་འཕྲོས། དེའི་རྒྱུ་མཚན་ཡང་ཕལ་ཆེ་མོ་ཞིག་དོན་མེད་ལད་མོ་ཁོ་ན་དང་། ཉུང་ཤས་ཤིག་ནི་དེང་དུས་གསར་དུ་བྱུང་བའི་འཕྲུལ་ཆས་སོགས་དངོས་པོ་མང་བོ་ཞིག་ལ་བོད་ཀྱི་སྐད་ཐོག་ནས་མིང་ལེགས་པོ་ཞིག་ད་དུང་ཆགས་མི་འདུག་པས་གཞན་དག་གིས་བཏགས་པའི་མིང་རྣམས་གཡར་དགོས་བྱུང་བ་རེད། དེའི་རྩ་བ་བོད་རང་གི་སྐད་ཡིག་ལ་རྩིས་ཆེན་མ་བྱས་པས་ལན་གྱི་བོད་སྐད་ཀྱིས་དེ་དག་ལ་མིང་གདགས་མི་ནུས་པ་གཏན་ནས་མ་རེད། དེས་ན་འདི་རིགས་ལ་བོད་གཅིག་གྱུར་གྱི་མིང་གཞི་གདགས་རྒྱུ་གལ་ཆེ་སྟེ་བོད་ཀྱི་ཕ་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི། བོད་ཀྱིས་བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་གི་ཁྱོན་ན་ཡོད་ཚོད་མི་འདུག་པའི་ཕྱིར་རོ།།  ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་སྐྲུན་ཁང་འགའ་རེས་བོད་ཡིག་ནང་རྒྱ་ཡིག་གི་བརྡ་མཚོན་རྟགས་ཤད་ཅེས་་དེ་བསྲེས་ཏེ་རྒྱ་མིན་བོད་མིན་ཁྲ་ཧྲིལ་ལེ་བ་ཞིག་བྱས་འདུག  རྒྱ་ཡིག་ལ་སྔོན་འདི་དག་མེད་ཀྱང་གཅོད་མཚམས་དཀའ་བ་དང་དོན་ནོར་ཉེན་བྱུང་བས་སུང་རྒྱལ་རབས་ཚུན་ཆད་ནས་རིམ་བཞིན་དར་བར་གྱུར་མོད། བོད་ཀྱིས་ཡི་གེ་ལ་མི་འཁྲུགས་པའི་རྒྱ་རིམ་པ་བདུན་དང་རྣམ་དབྱེ་ཚིག་ཕྲད་དེ་སྙེད་ཅིག་ཡོད་པས་གཅོད་མཚམས་དང་དོན་ནོར་ཉེན་ཅི་ཡང་མེད་པས་དགོས་པ་མི་འདུག་གོ།  ཞེས་གསུངས་པ་བཞིན་དུ་འདི་ལ་རྒྱུ་མཚན་འགའ་ཞིག་འདུག་སྟེ། དང་བོ་ནི།  བོད་ཡུལ་གྱི་རྫོང་གྲོང་སོགས་གྲོང་ཁྱེར་རྣམས་ཀྱི་བཟོ། ཚོང་། སྨན། འགྲིམ་འགྲིལ་སོགས་དང་འབྲེལ་བ་ཡོད་པའི་མི་ཕལ་ཆེ་བ་རྒྱ་རིགས་ཡིན་པས་དེ་རྣམས་དང་རྟག་པར་འབྲེལ་འདྲིས་བྱ་དགོས། རྒྱ་སྐད་མ་ཤེས་ན་གོ་བརྡ་མི་འཕྲོད་པས་བྱ་བ་གང་ཡང་བསྒྲུབས་ཐབས་མེད་པར་གྱུར་ཏེ། ཁ་དང་མིག་དང་ལག་པ་ཡན་ཆད་ཀྱིས་རྒྱ་སྐད་སྨྲ་ཨེ་ཤེས་མི་བལྟ་ཀ་མེད་བྱུང་བ་དང་། དེའི་ཤན་ཤོར་ཞིང་བོད་མི་ཕལ་བ་ཀླད་མེད་རྣམས་ཀྱིས་རང་སྐད་བེད་སྤྱད་ཀྱི་ཕྱོགས་ལ་མཐོང་ཆེན་བྱེད་དགོས་པ་མ་ཤེས་ཏེ། རང་རིགས་ནང་ཕན་ཚུན་གཏམ་སྨྲ་བ་ནའང་རྒྱ་བོད་ཀྱི་སྐད་གཉིས་ཆར་ཁ་ནས་གང་ཐོན་ཆལ་ཆོལ་དུ་སྨྲས་པའི་དབང་གིས་རིམ་གྱིས་སྐད་ལ་བསླད་ཆ་ཚབས་ཆེན་ཤོར། བོད་རང་སྐད་ཀྱི་ནང་དུ་ཐ་སྙད་སྤུས་ལེགས་ཡོད་པ་རྣམས་ཀྱང་སྣང་མེད་དུ་དོར་ནས་དེའི་ཚབ་ཏུ་སྐད་གཞན་གྱི་ཐ་སྙད་དག་སྨྲ། རང་གི་སྐད་སྨྲ་བ་ལས་གཞན་གྱི་སྐད་སྨྲས་ན་དེ་ཉིད་བརྗོད་པ་བདེ་སྙམ་བྱེད། དཔེར་ན། མཚོ་སྔོན་ཕྱོགས་ཀྱི་འབྲོག་ཁུལ་མང་པོ་དག་ཏུ་འབྲོག་པ་རྣམས་ཀྱི་སྐད་ཆའི་ནང་དུའང་རྒྱ་སྐད་དུ་མ་རང་ཤུགས་ཀྱི་འདྲེས་ནས་འདུག  ཁོང་ཚོ་འགའ་རེས་ད་ལྟ་ནས་མིང་ཚིག་དེ་དག་རྒྱ་སྐད་དང་བོད་སྐད་གང་ཡིན་གྱི་དབྱེ་འབྱེད་ཀྱང་ཤེས་ཚོད་མི་འདུག་པས་ཤིན་ཏུ་ཡི་མུག་པའི་གནས་སོ།།
  བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།
 
གཉིས་པ་ནི། བོད་ཀྱི་མཁས་པ་སྐད་རིགས་ཆེད་ལས་པ་སོགས་ཀྱིས་བོད་སྐད་ཀྱི་ཐོག་ནས་གསར་བྱུང་གི་དངོས་པོ་ཕལ་མོ་ཆེ་ལ་ཡོངས་གྲགས་ཀྱི་མིང་འདོགས་བྱེད་དགོས་པ་ལ། དེ་མ་ནུས་པའི་དབང་གིས་མིང་ཚིག་ཤིན་ཏུ་མང་བོ་ཞིག་གཞན་ལ་གཡར་ནས་མི་བརྗོད་ཀ་མེད་བྱུང་བས་བོད་སྐད་ཀྱི་ནང་དུ་རྒྱ་སྐད་ཤིན་ཏུ་མང་བོ་འདྲེས་ཏེ་ཁྲ་ཤིག་གེ་བ་ཞིག་ཏུ་སོང་བ་ཡིན། གྲོང་ཁྱེར་རྣམས་སུ་སྒོ་བྱང་དང་བསྒྲག་ཡིག་ཕལ་མོ་ཆེ་རྒྱ་ཡིག་ཁོ་ནས་འབྲི། བོད་ཡིག་ཅུང་ཟད་རེ་བྲིས་པ་རྣམས་དོན་ཕྱིན་ཅི་ལོག་པར་བསྒྱུར་བ་དང་། ཡི་གེ་མ་དག་པ། ཡིག་གཟུགས་མི་མཛེས་པ་སོགས་འབྲི། དེར་མ་ཟད་བོད་རྒྱའི་ཡི་གེ་གཉིས་མཉམ་དུ་བྲིས་པར་རྒྱ་ཡིག་གི་ཡིག་གཟུགས་ཆེན་པོ་དང་བོད་ཡིག་ཆུང་ངུ་ཞར་བྱུང་དུ་བྲིས་པ་ལྟར་བྱེད། སྤྱིར་ཡིག་གཟུགས་ཆེ་བ་ཙམ་གྱིས་ཕན་པ་ལྷག་པོ་མེད་ཀྱང་། ཡིག་གཟུགས་ཆེ་ཆུང་དེ་གཉིས་ཀྱི་ཐོག་ནས་གནས་དེར་ཡིག་རིགས་དེ་གཉིས་ཀློག་མཁན་གྱི་མི་ཚོགས་གཙོ་བོ་དེ་གང་ལ་བྱེད་པ་ཡིན་མཚོན་ཐུབ་ཅིང་། སྐད་ཡིག་ལ་མཐོང་ཆེ་ཆུང་གི་ཉམས་གསལ་བར་ཐོན་པ་ཡིན་ནོ།།
  གསུམ་པ། ཤིན་ཏུ་ཡིད་ཕམ་པ་ཞིག་ནི་རྫོང་གྲོང་སོགས་ན་ཡོད་པའི་བོད་པ་མང་བོས་ཕྲུ་གུ་རྣམས་ལ་ཆེད་དུ་རྒྱ་སྐད་ཁོ་ན་སྨྲར་འཇུག    བྱ་སྤྱོད་གཤིས་ཀ་ཐམས་ཅད་རྒྱ་རིགས་ཁོ་ན་ལྟར་ཨེ་འོང་བལྟ། དེ་ལ་སྔོན་ཐོན་དང་གཟི་བརྗིད་དུ་འཛིན། ཕ་མ་རྣམས་ཀྱིས་ཕྲུ་གུ་དེ་ཚོར་གཏམ་བཤད་པ་ནའང་རྒྱ་སྐད་ཁོ་ན་བཤད་ཨེ་ཤེས་བལྟ་ཁུལ་བྱེད། ངེད་ཀྱིས་བོད་ཀྱི་གྲོང་ཁྱེར་རྣམས་ནས་སློབ་ཆུང་གི་སློབ་མ་མང་པོ་མཉམ་དུ་འགྲོ་བ་མཐོང་བ་ན། རྒྱུན་པར་དེ་རྣམས་ཀྱི་སྐད་དང་གོམས་གཤིས་ལ་བརྟགས་པ་ཡིན་ཏེ། ནམ་ཡིན་ཡང་ཡིད་མུག་ལྷང་ངེ་བ་ཞིག་འོང་གིན་འདུག་གོ། ཡང་རྒྱ་ཡུལ་གྱི་སློབ་གྲྭར་སློབ་སྦྱོང་བྱེད་པའི་བོད་ཀྱི་སློབ་མ་མང་པོ་དག་གིས་ཕར་ལྷ་ས་གྲོང་ཁྱེར་དུ་འགྲུལ་འཁོར་ནས་སོང་། དེར་རྒྱ་ཡུལ་དུ་སློབ་གྲྭར་སོང་བའི་བོད་ཀྱི་སློབ་མ་གཉིས་འདུག  ངེད་ཀྱིས་དུས་ཚོད་གཅིག་དང་ཕྱེད་ཀྱི་རིང་ལ་དེ་གཉིས་ཀྱི་གཏམ་ལ་བརྟགས་པས་དེའི་རིང་ལ་བོད་སྐད་གཙང་མ་ཚིག་གཅིག་ཀྱང་བཤད་མ་སོང་། ཐམས་ཅད་རྒྱ་བོད་ཀྱི་སྐད་གཉིས་བལ་དང་ཐང་ཆུ་བཞིན་དུ་བསྲེས་ཏེ་སྨྲ་བར་བྱེད་དོ།། ཚུལ་འདིས་མི་དེ་གཉིས་ཁོ་ན་ཙམ་མ་ཡིན་པར་སྐྱེ་བོ་ཤིན་ཏུ་མང་པོ་ཞིག་གི་སྤྱོད་ཚུལ་མཚོན་པར་བྱེད་པ་ཡིན་ནོ།། དེས་ན་མི་འདི་རྣམས་ཀྱིས་རང་གི་སྐད་རིགས་དང་རིག་གཞུང་གི་རིན་ཐང་མི་ཤེས་པས་མཐོང་ཆེན་ཡེ་མི་བྱེད་དོ།  སྤྱིར་རྒྱ་ནག་གི་སྐད་བསླབ་པ་མི་རུང་བ་དང་སྨྲ་མི་རུང་ཞེས་བརྗོད་པ་མ་ཡིན་ཏེ། སྐད་རིགས་གང་ཡིན་ཡང་ཤེས་ན་བཟང་བ་ལས་མེད་མོད། འོན་ཀྱང་སྐད་དེས་རང་སྐད་ཉམས་པར་བྱེད་པ་ནི་ཆེས་མི་རིགས་པའོ།།
  བཞི་བ་ནི། གཞུང་ཕྱོགས་ལ་བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་དགོས་པའི་གཏན་འབེབས་ཀྱི་ཁྲིམས་སྲོལ་ཙམ་རེ་འདུག་ཀྱང་། ལག་བསྟར་གྱི་སྐབས་སུ་ལས་ཁུངས་ཐམས་ཅད་ཀྱིས་ཚོགས་འདུ་ཆེ་ཆུང་གང་གི་ནང་དུའང་རྒྱ་སྐད་ཁོ་ན་བཤད་པ་ལས་བོད་སྐད་བཤད་མཁན་མི་འདུག  བོད་སྐད་གཙང་མ་བཤད་ཤེས་མཁན་དང་ཉན་ཤེས་མཁན་ཀྱང་ཤིན་ཏུ་དཀོན། དེའི་ཕྱིར་བོད་པ་རྣམས་ཀྱིས་ཀྱང་རྒྱ་མིན་བོད་མིན་གྱི་སྐད་ཆ་ཆལ་ཆོལ་རེ་སྨྲ་ཁུལ་བྱེད།  དེ་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་པའི་སྤྱོད་པ་སྔོན་ཐོན་ཡིན་པར་རློམ། ཚོགས་དོན་ཐོ་འགོད་པ་རྣམས་ཀྱིས་ཀྱང་རྒྱ་ཡིག་ཁོ་ན་འབྲི། བོད་ཡིག་ལས་རྒྱ་ཡིག་འབྲི་མ་ཤེས་ན་ངོ་ཚ་ལྟ་བུར་རྩི། རྩིས་འཕྲུལ་བེད་སྤྱོད་སོགས་བྱ་བ་ཆེ་ཆུང་ཕལ་མོ་ཆེ་རྒྱ་ཡིག་གི་ཐོག་ནས་བྱེད་པར་འདུག་གོ། དེ་རྣམས་ཀྱི་དབང་གིས་བོད་ཀྱི་སྐད་ཡིག་གིས་རང་ཡུལ་ནས་གོ་མི་ཆོད་པར་གྱུར་ཏེ་ཡར་རྒྱས་སུ་མི་འགྲོ་བར་མ་ཟད་ཉམས་རྒུད་དུ་འགྲོ་བཞིན་པ་ཡོད་པ་འདི་ལེགས་པར་ཤེས་དགོས་སོ།།
བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་པའི་བསམ་ཚུལ་བརྗོད་པ།
 
  དེ་ལྟ་བས་ན་རང་རིགས་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་བྱ་བའི་ཆེད་དུ་ཐམས་ཅད་ཀྱིས་ལྷག་བསམ་རྣམ་པར་དག་པས་འབད་པ་བྱེད་པ་ནི་བཏང་སྙོམས་སུ་གཞག་ཏུ་མེད་པའི་ལས་གལ་བོ་ཞིག་ཡིན་ནོ།།   འོ་ན་ཇི་ལྟར་བྱ་དགོས་ཞེ་ན། འདི་ལ་མྱུར་དུ་བསྒྲུབ་དགོས་པའི་བྱ་བ་འགའ་ཞིག་ཡོད་དེ།་དང་པོ་ནི། བོད་མི་སྤྱི་ལ་ལ་རང་གི་སྐད་ཡིག་གཙང་མ་ཤེས་དགོས་པ་དང་དེ་ཉིད་བེད་སྤྱོད་ལེགས་པོ་བྱེད་དགོས་པའི་རྒྱུ་མཚན་ཡང་དག་པ་དང་། གལ་ཏེ་རང་གི་སྐད་ཡིག་ཉམས་པར་གྱུར་ན་དེའི་རྗེས་འབྲངས་ཇི་འདྲ་བ་ཡིན་པ་བཅས་པ་གོ་བརྡ་ཞིབ་རྒྱས་སུ་སྤྲད་པར་བྱ་རྒྱུ་དེ་ཡིན་ནོ།།
གཉིས་པ། མི་སྒེར་རམ་ཚོགས་པ་གང་རུང་གིས་གྲོན་དངུལ་བཏང་སྟེ། རྒྱ་ནག་དང་དབྱིན་ཇིའི་མི་སོ་སོའི་སྐད་ཀྱི་ཐ་སྙད་འདོགས་ཚུལ་ལ་བྱང་ཆུབ་པ་འགའ་ཞིག་བཅས་བསྡུས་ཏེ། དེང་རབས་ཀྱི་གསར་བྱུང་གི་དངོས་པོ་རྣམས་ལ་བོད་སྐད་ཀྱི་ཐ་སྙད་དོན་དང་མཐུན་ཞིང་བརྗོད་བདེ་བ་དག་འདོགས་དགོས། དེ་ལྟར་བཟོས་པའི་མིང་དེ་རྣམས་གསར་ཤོག་དང་། དུས་དེབ། བརྙན་འཕྲིན། རླུང་འཕྲིན་སོགས་ཀྱི་ཐོག་ཏུ་བཀོལ་ནས་གཅིག་གྱུར་དང་ཡོངས་ཁྱབ་ཅན་དུ་བྱ་དགོས་ཀྱི། གཞན་དུ་མིང་མཛོད་ཀྱི་ནང་དུ་བྲིས་ཡོད་པ་ཙམ་གྱིས་མི་ཕན་ནོ།།
  གསུམ་པ།  བོད་ཀྱི་སློབ་གྲྭ་སོགས་རིག་གནས་ཀྱི་སྡེ་ཚན་རྣམས་ཀྱིས་སྣ་ཁྲིད་དེ། བོད་མི་ཡོངས་ཀྱིས་རང་རེའི་ནང་ཕན་ཚུན་གཏམ་བཤད་པ་ན་རང་སྐད་གཙང་མ་སྨྲ་རྒྱུ་དང་། དེ་ལྟར་སྨྲ་མི་ཤེས་པའམ་མི་སྨྲ་བ་ལ་སྐྱོན་དུ་བལྟ་བའི་གོམས་སྲོལ་ཆགས་སུ་འཇུག་པ་དང་། ཕ་མ་སོགས་ཀྱིས་ཕྲུ་གུ་རྣམས་ལ་བོད་རིགས་ཤིག་ཡིན་ཕྱིན་བོད་སྐད་དང་བོད་ཡིག་གཙང་སང་ངེ་བ་ཞིག་ཤེས་པ་གཞིར་བཞག་བྱ་དགོས་སོ།།
  བཞི་བ། བཟོ་ཚོང་སོགས་ལས་ཁུངས་ཆེ་ཕྲ་ཐམས་ཅད་ཀྱིས་བོད་ཡུལ་དུ་བོད་ཀྱི་སྐད་ཡིག་སྤྱད་དགོས་པའི་ཁྲིམས་སྲོལ་དེ་ལག་ལེན་ཡང་དག་པ་བྱས་ཏེ། བྱ་བའི་བཀོད་སྒྲིག་དང་། ལས་དོན་སྙན་ཞུ་སོགས་ཐམས་ཅད་བོད་ཀྱི་སྐད་དང་ཡི་གེའི་ཐོག་ནས་བྱས་ཏེ། རང་རིགས་ཀྱི་སྐད་ཡིག་དར་སྤེལ་གཏོང་བའི་བྱ་བ་ལ་སྐུལ་མ་བྱའོ།།
  དེ་ལྟར་རང་གི་སྐད་ཡིག་གི་གཞི་ལེགས་པར་ཆགས་ནས་ད་གཟོད་མི་རིགས་གཞན་པ་རྣམས་ཀྱི་ཡུལ་སྐད་ཕལ་བ་རེ་སྨྲ་ཤེས་པ་ཙམ་གྱིས་མི་འོངས་བས་དང་བོ་ཉིད་ནས་སྤྱི་སྐད་གཙང་མ་ལ་བསླབ་པར་བྱ། དེ་ལྟར་རང་རིགས་ནང་ཕན་ཚུན་བར་ལ་རང་སྐད་གཙང་མ་སྨྲ་བ་དང་། ཕ་རོལ་བོ་རྣམས་ལ་ཕྱི་སྐད་དག་མ་སྨྲ་ཤེས་པ་ནི་འཛམ་གླིང་གི་རིག་པ་རྣམས་མཉམ་བསྲེས་ཀྱིས་ཁྲ་ལེབ་ཆེན་པོར་འགྲོ་བཞིན་པའི་དུས་འདིར་ཤིན་ཏུ་གལ་ཆེ་བ་ཡིན་ནོ།། དེ་ལས་གཞན་དུ་འདི་མུས་སུ་ཅི་མི་སྙམ་དུ་བསྡད་ན་བོད་ཀྱི་སྐད་ཡིག་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འགྱུར་པའི་སྔ་ལྟས་ཤིན་ཏུ་གསལ་བོར་དག་བྱུང་ཟིན་འདུག་པས་བཏང་སྙོམས་སུ་གཞག་པའི་དུས་མ་ཡིན་ནོ།།
  • ལེ་ཚན་སྔོན་མ།:གོམས་གཤིས་བཟང་བོ་ལོབས་སུ་འཇུག་པ་ནི་སློབ་གསོའི་ལས་འགན་དང་པོ་རེད
  • ལེ་ཚན་རྗེས་མ།:བོད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོ་བྱེད་ཐབས་སྐོར་ཕྲན་ཙམ་གླེང་བ།1
  • དོ་སྣང་ཆེ་བའི་རྩོམ།