ཁྱིམ་ཚང་སློབ་གསོའི་བྱེད་ནུས་སྐོར་ཕྲན་ཙམ་གླེང་བ།(2)

གཅན་རོང་བསྟན་འཛིན།        2011-07-25


སོགས་ཀྱི་སྡོམ་ཚིག་བཟོ་བཞིན་ཡོད་པ་ནི་ནར་མ་སོན་པའི་བྱིས་པ་ལ་གླེང་འདེབས་ཆེན་པོ་ཞིག་བྱེད་པ་ཙམ་ལས།དོན་དངོས་སུ་བྱིས་པའི་སྐབས་སུ་ཕ་མ་ནི་ཁྱིམ་གྱི་དགེ་རྒན་ཡིན་ལ་ཕ་མ་ཡང་ཡིན་པས།རང་ཅག་གིས་ཁྱིམ་གྱི་དགེ་རྒན་གྱི་གོ་མ་ཆོད་པར་མ་ཟད།ཕ་མའི་གོ་བཟང་པོ་ཞིག་ཀྱང་མ་ཆོད་པ་རེད།
 དེ་བས།“ཕ་མ་ངན་པའི་བུ་ཕྲུག”དང་“དགེ་རྒན་ངན་པའི་དགེ་ཕྲུག”ཅེས་རང་གི་རྗེས་ལུས་དང་སྣང་མེད་དུ་བཞག་པའི་ཁྱིམ་གྱི་སློབ་གསོའི་མཇུག་འབྲས་རང་གི་བྱིས་པའི་སྟེང་དུ་སྨིན་པ་ཙམ་ལས་ཕྱི་གླིང་བའི་བྱིས་པ་ལྷན་སྐྱེས་ནས་རིག་པ་ཅན་དང་གཞི་རིམ་མི་རིགས་ས་ཁུལ་གྱི་བྱིས་པ་ལྷན་སྐྱེས་ནས་རིག་པ་རྟུལ་པོ་ཡིན་ག་ལ་སྲིད།བྱིས་པ་སྐྱེས་སྲིང་བྱེད་མི་ཤེས་པའི“ཕ་མ་དབུལ་བོས”བྱིས་པ་སྒྲིན་པོ་ཡང་རྟུལ་བོར་གཏོང་ངེས་ཡིན་ལ།བྱིས་པ་སྐྱེད་སྲིང་བྱེད་མཁན་པའི་“ཕ་མ་ཕྱུག་པོས”བྱིས་པ་ལྷོད་པོ་ཡང་སྒྲིན་པོར་གཏོང་ཐུབ་ངེས་ཡིན་པས།བྱིས་པ་རིག་རྟུལ་དང་བློ་གསལ་ཡིན་མིན་ནི་ཕ་མའི་སློབ་གསོའི་བྱེད་ཐབས་ཀྱི་འབྲས་བུ་ཉག་གཅིག་རེད།
 གསུམ།ཁྱིམ་གྱི་སློབ་གསོའི་བྱེད་ཐབས། སྤྱིར་བྱིས་པར་སློབ་གསོའི་བྱེད་ཐབས་གང་ཞིག་བཀོལ་རྒྱུའི་ཆ་ནས་ཁྱིམ་བདག་རྣམས་ལ་དཀའ་ཁག་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་ལ།ཕ་མའི་བྱེད་ཐབས་བཟང་ངན་ལས་སློབ་གྲོགས་རྣམས་ཀྱི་མདུན་ལམ་ལ་ཐད་ཀར་ཤན་ཤུགས་ཐེབས་བཞིན་ཡོད་པས།འདི་ནི་སློབ་གསོ་བ་རྣམས་དང་།ཁྱིམ་བདག་རྣམས་ཀྱིས་བསམ་གཞིགས་གཏོང་དགོས་པ་མ་ཟད།སྤྱི་ཚོགས་ཧྲིལ་བོས་བསམ་གཞིགས་གཏོང་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། སྤྱིར་སློབ་གསོ་བྱེད་ཐབས་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་ནི།སློབ་གསོ་བྱ་ཡུལ་གྱི་བྱིས་པའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་མི་འཚམ་དང་།བྱིས་པའི་ལུས་སེམས་འཕེལ་རྒྱས་ལ་ཕན་འབྲས་ཡོད་མེད་ཀྱི་ཚད་ཀྱི་སྒོ་ནས་ཐག་གཅོད་བྱེད་དགོས་པས།རང་གི་སློབ་གསོའི་བྱེད་ཐབས་དེ་རང་གི་སློབ་གསོའི་བྱ་ཡུལ་གྱི་བྱིས་པ་དང་ཡོངས་སུ་འཚམ་རྒྱུ་ནི་ཁྱིམ་གྱི་སློབ་གསོའི་བྱེད་ཐབས་ཀྱི་རྩ་བ་རེད།དཔེར་ན།ཁྱིམ་བདག་བཀྲ་ལོས་རང་གི་བྱིས་པ་རྡོ་རྡོ་ལ་སློབ་གསོ་གཏོང་སྐབས་བྱིས་པ་རྡོ་རྡོ་དངོས་པོ་གང་དག་དང་འབྲེལ་འདྲིས་ཡོད་པའམ་བྱིས་པས་དངོས་པོ་གང་དག་ལ་མཉམ་འཇོག་བྱེད་ན་དངོས་པོ་དེ་བྱིས་པ་དེའི་བློ་སྒོ་འབྱེད་པའི་སློབ་གཞི་བྱེད་དགོས་པ་ལས་བཙན་ཤེད་སློབ་གསོ་སྤེལ་མི་རུང་།བྱིས་པ་མང་ཆེ་བར་གཏམ་རྒྱུད་ལ་ཉན་པའི་དགའ་སྣང་ཡོད་པས།བྱིས་པ་དེ་དག་ལ་ལོ་ཚོད་དང་འཚམ་པའི་གཏམ་རྒྱུད་སློབ་གསོ་སྣ་ཚོགས་སྤེལ་དགོས།གལ་ཏེ་ཁྱོད་ཀྱི་གཏམ་རྒྱུད་སློབ་གསོ་དེས་བྱིས་པ་གཏམ་རྒྱུད་དེའི་ནང་དུ་ཁྲིད་དེ་མཚམས་མཚམས་ལ་མིག་ཆུ་བཞུར་བ་དང་།མཚམས་མཚམས་ལ་དགོད་ཁ་འཆོར་བ།མཚམས་མཚམས་ལ་ཁུ་ཚུར་འཆང་བ།དེ་ནས་ཁོས་ཀྱང་གཏམ་རྒྱུད་དེ་བཤད་ཐུབ་ལ།ད་དུང་གཏམ་རྒྱུད་དེ་འདྲ་བ་གསར་བཏོད་བྱེད་ཐུབ་ཚེ་ཁྱོད་ཀྱི་གཏམ་རྒྱུད་སློབ་གསོའི་བྱེད་ཐབས་འགྲིག་སོང་བའི་རྟགས་རེད་སྙམ།  སྐབས་འདིར་བཤད་རྒྱུན་འདི་ལྟ་བུ་ཞིག་ཡོད་དེ།སྔོན་དབུ་མའི་སྲོལ་འབྱེད་པ་སློབ་དཔོན་ཀླུ་སྒྲུབ་དང་ཁོའི་སློབ་མ་ཨར་ཡ་དེ་བ་གཉིས་དཔལ་ཆུ་བོ་རི་ན་བཞུགས་སྐབས།ཕྱི་རོལ་བའི་སློབ་དཔོན་ཆེན་པོ་རྟ་དབྱངས་བྱ་བ་ན་ལེན་དྲ་དགོན་པར་བསྟན་པ་རྒྱལ་འཇོག་གི་རྩོད་པ་བྱེད་དུ་ཡོང་ཚེ།དགོན་པ་ན་ལེན་དྲའི་རིགས་པའི་དབང་ཕྱུག་སློབ་དཔོན་ཀླུ་སྒྲུབ་ཞུ་རུ་ཡོང་བ་ན།སློབ་དཔོན་གྱིས་སློབ་བུ་ད་ངས་ཤེས་ཚད་ཅིག་ཁྱོད་ཀྱིས་ཀྱང་ཤེས་ལ།མུ་སྟེགས་རྟ་དབྱངས་བྱ་བ་དེ་འདུལ་སྐལ་ཁྱོད་ལ་ཡོད་པས་སློབ་དཔོན་རྟ་དབྱངས་དང་རྩོད་པ་བྱོས།ད་འདི་རྣམས་རང་དགེ་སློབ་གཉིས་ཀྱི་རྟེན་འབྲེལ་ཞིག་ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མུ་སྟེགས་རྟ་དབྱངས་ཀྱི་གྲུབ་མཐའ་བཟུང་ནས་ཐུགས་སྲས་ཨར་ཡ་དེ་བ་དང་རྩོད་པ་བྱས་པ་ན།མཐར་རྣམ་གཉིས་ཀྱི་མཁྱེན་དཔྱོད་རྩོད་རིགས་ཀྱི་ནང་དུ་ཕྱོགས་ཆེ་བའི་དབང་གིས་ཐུགས་སྲས་ཨར་ཡ་དེ་བས་རང་གི་རྩོད་ཟླ་སློབ་དཔོན་ཡིན་པ་བརྗེད་ནས་རང་གི་སློབ་དཔོན་དམ་པ་ཀླུ་སྒྲུབ་ཀྱི་དབུ་ལ་ཞབས་བཅགས་ཀྱིས་བརྒྱབ་པར་གྲགས་པ་ནི་སློབ་གསོའི་གཏམ་རྒྱུད་ཅིག་རེད།འདི་ནི་རྩོད་རིགས་ཚོད་ལྟའི་སློབ་ཁྲིད་ཐེངས་ཤིག་ཡིན་ནའང་ཚོད་ལྟའི་སློབ་ཁྲིད་ཀྱི་གོ་རིམ་དེའི་ཁྲོད་ནས་རྩོད་པ་དངོས་ལྟ་བུ་ཞིག་ཏུ་གྱུར་པས།སློབ་དཔོན་ཀླུ་སྒྲུབ་ཀྱི་ཐེངས་དེའི་ཚོད་ལྟའི་སློབ་ཁྲིད་དེ་ནི་རྒྱལ་ཁའི་སློབ་ཁྲིད་ཅིག་ཡིན་པ་དང་མཉམ་དུ་སློབ་དཔོན་ཀླུ་སྒྲུབ་ནི་སློབ་ཁྲིད་བྱེད་མཁས་པའི་དགེ་རྒན་ཕུལ་བྱུང་ཅན་ཞིག་ཡིན་པ་ཡང་ཞོར་ལ་ཤེས་ཐུབ། འོ་ན་སློབ་མ་ཡ་དངོས་པོ་གང་ཞིག་སྔོན་དང་གང་ཞིག་རྗེས་ནས་ཁྲིད་དགོས་ཞེ་ན།འདི་ཡང་བྱིས་པ་རེ་རེའི་དགའ་སྣང་དང་བསྟུན་དགོས་པས།འཛམ་བུ་གླིང་གི་བྱིས་པ་སུ་ཞིག་ཡིན་ཡང་བྱིས་པ་དེ་ཆེས་དགའ་བ་ནི་རང་གི་ཨ་མ་ཡིན་པ་དང་།བྱིས་པའི་མི་ཚེའི་སྟེང་ནས་ཐོག་མར་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་འབྲེལ་འདྲིས་བྱེད་ས་ཡང་རང་གི་ཨ་མའི་འཇིག་རྟེན་ཡིན།
 དེ་བས།བྱིས་པའི་སློབ་གསོ་དེ་ཡང་ཨ་མའི་འཇིག་རྟེན་ནས་མགོ་རྩོམ་དགོས་ལ།དེ་ནས་བྱིས་པ་གང་ཞིག་དངོས་པོ་གང་ཞིག་ལ་དགའ་སྣང་ཡོད་ཚེ་དངོས་པོ་དེ་ནས་མགོ་རྩོམ་དགོས།གལ་ཏེ་དགོས་པོ་གསར་བ་ཞིག་མཚམས་སྦྱོར་བྱེད་འདོད་ན།ཐོག་མར་དངོས་པོ་དེའི་དགའ་སྣ་སྐྱེད་སྲིང་བྱས་ཏེ།ཚད་ངེས་ཅན་ཞིག་ལ་ཐོན་ཚེ་བརྩེ་དུང་དང་སྒྱུྲ་རྩལ་ཡོད་པའི་སྒོ་ནས་མཚམས་སྦྱོར་བྱེད་དགོས།   བྱིས་པ་ཕལ་ཆེ་བ་ཞིག་སློབ་གྲྭར་ཞུགས་རྗེས་སྐད་ཆ་བཤད་པར་དཀའ་ཁག་འབྱུང་བཞིན་ཡོད་པས།ཐོག་མར་བྱིས་པའི་སྐད་ཆའི་ནུས་པ་འཕེལ་རྒྱས་ཀྱི་དུས་ཚིགས་དམ་འཛིན་བྱས་ཏེ་སྐད་ཆའི་སློབ་གསོ་ལ་གཙིགས་ཆེན་བྱེད་དགོས།མི་དར་མའི་སྐད་ཆའི་སློབ་གསོ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ཆོས་ཉིད་ནས་མགོ་བརྩམས་ན་ཕན་འབྲས་བཟང་ན་ཡང་།བྱིས་པ་ནི་མི་དར་མ་དང་གཏན་ནས་མི་འདྲ་བས་ཐོག་མར་འཚོ་བའི་ནང་གི་རྒྱུན་བཀོལ་སྐད་ཆ་ནས་མགོ་རྩོལ་དགོས།ཆོས་ཉིད་འདི་ངོས་འཛིན་བྱས་པ་གསལ་མིན་གྱི་དབང་གིས་རང་རེའི་སྐད་ཡིག་སློབ་གསོ་འཕེལ་རྒྱས་ལ་ཤན་ཤུགས་ཚབས་ཆེན་ཐེབས་མྱོང་ལ་ད་ལྟ་ཡང་མག་མོག་ཏུ་གྱུར་པ་མང་སྟེ།དཔེར་ན།རླངས་འཁོར་ཁ་ལོ་བ་བསླབ་ན་ཐོག་མར་འཕྲུལ་ཆས་ཀྱི་གཞུང་ལུགས་ནས་མགོ་རྩོམ་པ་ལས་ཐོག་མར་རང་ཉིད་རླངས་འཁོར་དུ་བསྡད་ནས་དངོས་སུ་ཁ་ལོ་བྱེད་པའི་ལག་རྩལ་ནས་མགོ་བརྩམས་ན་ཕན་འབྲས་མྱུར་བ་ལྟ་བུ་རེད།བྱིས་པས་གཏམ་རྒྱུད་ལ་ཉན་པ་ནི་མི་དར་མ་དང་མི་འདྲ་སྟེ་མི་དར་མ་བསྐྱར་ཟློས་ལ་མི་དགའ་ན་ཡང་བྱིས་པ་རང་ཉིད་དགའ་བའི་གཏམ་རྒྱུད་ལ་ཐེངས་མང་པོར་བལྟ་བ་དང་།ཁོ་དགའ་བའི་སྐད་ཆའམ་དངོས་པོ་ཐེངས་མང་པོར་མཚམས་སྦྱོར་བྱེད་དགོས་པའི་བྱིས་པའི་སེམས་ཁམས་ཀྱི་གསང་པར་བརྩི་བཀུར་བྱེད་དགོས་པ་ལས་དར་མའི་སེམས་ཁམས་ཀྱིས་བྱིས་པའི་སེམས་ཁམས་ཀྱི་ཚབ་བྱེད་པ་ནི་སློབ་གསོ་ཕམ་ཁའི་རྩ་བ་ཡིན། དེ་བས་བྱིས་པའི་སློབ་གསོ་ནི་རྩེད་མོའི་སློབ་གསོ་ཞིག་ཡིན་པས།རྩེད་མོའི་ཁྲོད་དུ་སློབ་གསོ་དང་སློབ་གསོའི་ཁྲོད་དུ་རྩེད་མོ་སྤེལ་བའི་བྱིས་པའི་རང་དབང་རང་འགུལ་གྱི་རྩེད་མོའི་བྱ་འགུལ་ཞིག་ཏུ་འགྱུར་རྒྱུ་ནི་ཁྱིམ་གྱི་སློབ་གསོའི་བྱེད་ཐབས་ཕུན་སུམ་ཚོགས་པ་ཞིག་རེད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 
  • ལེ་ཚན་སྔོན་མ།:སྐད་ཆ་ནི་སློབ་གསོའི་ཐོག་མའི་རྨང་རྡོ་རེད།
  • ལེ་ཚན་རྗེས་མ།:གོམས་གཤིས་བཟང་བོ་ལོབས་སུ་འཇུག་པ་ནི་སློབ་གསོའི་ལས་འགན་དང་པོ་རེད
  • དོ་སྣང་ཆེ་བའི་རྩོམ།