ཁྱིམ་ཚང་སློབ་གསོའི་ཕན་ཡོན་གླེང་བའི་གཏམ་རྫི་བོ་དགའ་བའི་འབྲུག་སྒྲ།

ཀོས་ནན་རྫོང་ཀླུ་ཚང་དགོན་པ།བླ་ནག་པ་ཡེ་ཤེས་བཟང་པོ།        2011-07-07

ཇི་སྐད་དུ།འཇམ་མགོན་ས་པཎ་གྱིས།རིག་པ་ནངས་པར་འཆི་ཡང་བསླབ།།ཚེ་འདིར་མཁས་པར་མ་གྱུར་ཀྱང་།སྐྱེ་བ་ཕྱི་མར་བཅོལ་བ་ཡི།ནོར་ལ་རང་ཉིད་ལེན་པ་འདྲ།ཞེས་གསུངས་ཏེ།ལེགས་བཤད་ཐུང་ངུ་འདིའི་བརྗོད་དོན་ནི་སྐྱེ་བ་རྒན་གཞོན་བར་མ་ཐམས་ཅད་དང་།ཐ་ན་སང་ཉིན་ནངས་དུས་འཆི་བ་ལ་ཐུག་པ་ཞིག་ཡིན་ན་ཡང་རིག་གནས་བསླབ་དགོས་ཏེ།གལ་ཏེ་ཚེ་འདིར་མཁས་པའི་གོ་འཕང་ཐོབ་པར་མ་གྱུར་ཀྱང་།སྐྱེ་བ་ཕྱི་མར་རང་གིས་གཞན་ལ་བཅོལ་བའི་རྒྱུ་ནོར་ཞིག་ཕྱིར་ལེན་པ་བཞིན་དཀའ་ཚེགས་མི་དགོས་པར་ཁོང་དུ་ཆུད་པ་དང་ཤེས་སླ་བའི་གནས་ལུགས་དེ་བསྟན་ཡོད་ལ།དེའི་ཞོར་དུ་རིག་གནས་ཡོན་ཏན་གྱི་རིན་ཐང་དང་དེའི་གལ་ཆེན་རང་བཞིན་ཡང་གསལ་བོར་བསྟན་ཡོད་པ་རེད།ཡང་ཤེས་རབ་སྡོང་བུ་ལས།སྐྲ་དཀར་གཉེར་མ་ལྷག་དུས་སུའང་།ཐོས་པ་བསགས་པར་བྱ་བ་སྟེ།།གཉེར་མ་ལྷག་དུས་སུའང་།།ཐོས་པ་བསགས་པར་བྱ་བ་སྟེ།གང་དུ་ཐོས་མང་འགྲོ་འགྱུར་བ།།དེར་ནི་ཕུང་བོ་འགྲོ་མི་འགྱུར།ཞེས་མགོ་སྐྲ་དཀར་པོར་གྱུར་ཅིང་ངོ་གདོང་གཉེར་མས་གཡོགས་ཏེ་རྒ་བའི་སྡུག་བསྔལ་རང་སྟེང་དུ་ལྷགས་པའི་དུས་སུའང་རིག་པའི་གནས་ལ་ཐོས་བསམ་བྱས་ཏེ་ཤེས་བྱ་ཡོན་ཏན་གྱི་རྒྱུ་ནོར་རང་རྒྱུད་ལ་བསག་པར་བྱ་སྟེ།ཤིན་ཏུ་ཡོན་ཏན་གྱི་རྒྱུ་ནོར་རང་རྒྱུད་ལ་བསག་པར་བྱ་སྟེ།ཤིན་ཏུ་གཅེས་པའི་རང་གི་ལུས་ཀྱི་ཕུང་བོ་ནི་གང་དུ་སྟེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་མི་འགྱུར་བ་སྟེ་མི་ནུས་ཀྱང་།ཐོས་པ་མང་པོའི་ཡོན་ཏན་ནི་རང་གི་རྣམ་ཤེས་དང་འགྲོགས་ནས་འཇིག་རྟེན་ཕ་རོལ་ཏུའང་འགྲོ་ནུས་སོ་ཞེས་ཐོས་པའི་ཡོན་ཏན་ཤིན་ཏུ་གལ་ཆེ་བར་གདམས་པའོ།།         ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱིས་ཡོན་ཏན་བསླབ་པ་ལ་དེ་ལྟར་གཙུགས་མཐོང་བྱེད་པའི་སྲོལ་ཡོད་ན་ང་ཚོས་ཁ་མིག་ཡར་ལྟའི་ཚུལ་དུ་རང་གི་བུ་རབས་ཚ་རྒྱུད་རྣམས་ལེགས་ལམ་དུ་འགོད་པར་ཐོག་མར་ཁྱིམ་ཚང་གི་སློབ་གསོ་ནས་དམ་འཛིན་བྱས་ཏེ་རྒྱུད་ལ་ཡོན་ཏན་ཞིག་འབྱོར་ཐབས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
བོད་ཁུལ་སྤྱི་དང་ཁྱད་པར་དུ་རོང་འབྲོག་ས་ཁུལ་དང་དེ་ལས་ཀྱང་འབྲོག་ཕྱོགས་ལ་མཚོན་ན།ཁྱིམ་ཚང་སློབ་གསོ་ནི་ཆེས་ཤིན་ཏུ་རྗེས་ལུས་ཐེབས་ཏེ་ཧ་ཅང་ཡིད་སྐྱོ་བའི་གནས་སུ་གྱུར་ཡོད་པ་རེད།འབྲོག་པའི་ཁྱིམ་བདག་རྣམས་ལ་མཚོན་ན།རང་འགུལ་གྱིས་བྱིས་པ་སློབ་གྲྭར་མི་སྐྱེལ་བ་ཙམ་དུ་མ་ཟད།སྡེ་གཞུང་གིས་དངུལ་ཆད་བཅད་དེ་བཙན་གྱིས་བསྐྱལ་དུ་བཅུག་ན་ཡང་།ཅང་མི་འགོར་བར་ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་རང་གི་བྱིས་པ་སློབ་གྲྭ་ནས་ཕྱིར་ལེན་ཐབས་བྱེད་པ་རེད།ཁྱིམ་བདག་འདི་དག་གི་སེམས་ལ་རང་ཉིད་ཀྱིས་རྒྱལ་ཁ་ཞིག་བླངས་སོང་བསམ་ཡོད་ན་ཡང་།དོན་ལ་ནི་ཁྱོད་ཀྱིས་ཕམ་ཁ་ཆེན་པོ་ཞིག་ཉོས་པ་སྟེ།རང་གི་ལུག་ཁྱུའི་ནང་དུ་"ལུག"གཅིག་གིས་ཇེ་མང་དུ་བཏང་བ་ཙམ་མོ།ཁྱིམ་བདག་འདི་དག་ལ་མཚོན་ན།ཁོ་རང་གིས་སློབ་གསོའི་བགོ་སྐལ་དབེན་པའི་ལུག་གི་གོ་འཕང་བླངས་ཡོད་ན་ཡང་།ཁྱོད་ཀྱིས་བྱིས་པར་ལུག་གི་གོ་འཕང་ལེན་དུ་མ་འཇུག་ཅེས་རེ་བ་ལན་བརྒྱར་ཞུའོ།།
 ཡུག་ཐེ(犹太)མི་རིགས་ནི་འཛམ་གླིང་ན་ཆེས་སྔོན་ཐོན་ཅན་གྱི་མི་རིགས་ཤིག་ཡིན་ལ།ཁོ་ཚོ་སྔོན་ཐོན་མི་རིགས་སུ་འགྱུར་དོན་ཡང་གཙོ་བོ་ཁྱིམ་ཚང་གི་སློབ་གསོ་ལ་རག་ལས་ཡོད་པ་རེད།ཡུག་ཐེ་མི་རིགས་ཀྱི་ཨ་མ་རྣམས་ཀྱིས་《དམ་པའི་གསུང་རབ》ཀྱི་ཁ་ཕྱེས་ནས་དེའི་སྟེང་དུ་སྦྲང་རྩི་གཏོར་ནས་བྱིས་པ་རྣམས་ལ་ལྕེ་ལྡག་བྱེད་དུ་འཇུག་པ་རེད།དེའི་དོན་ནི་དཔེ་ཆ་དང་བུ་རམ་གཉིས་ཀ་མངར་མོ་ཡིན་ཚུལ་འདྲ་འདྲ་ཡིན་པར་སྟོན་པ་རེད།ཡང་ཁོ་ཚོས་ཤི་བོའི་གདུང་ཁང་ནང་དུ་དཔེ་ཆ་མང་པོ་བཞག་ཡོད།དེའི་རྒྱུ་མཚན་ནི།ནམ་གུང་ལོན་པ་ན་ཤི་བོ་རྣམས་ཡར་ལངས་ནས་དཔེ་ཆར་བལྟ་དགོས་ཞེས་པའི་དོན་རེད།འདིས་ནི་ཚེ་ལ་རྫོགས་པ་ཡོད་ཀྱང་ཡོན་ཏན་སློབ་པ་ལ་རྫོགས་པ་མེད་པའི་གནས་ལུགས་བསྟན་ཡོད་པ་རེད།
ཡུག་ཐེ་མི་རིགས་ཀྱི་ཨ་མ་རྣམས་ཀྱིས་རང་གི་བྱིས་པར་འདི་འདྲའི་དྲི་བ་ཞིག་འདྲི་སྲིད་དེ།“གལ་ཏེ་ཉིན་ཞིག་ཁྱེད་ཀྱི་ཁང་བ་མེར་ཤོར་བའམ་རྒྱུ་ནོར་འཕྲོག་བཅོམ་ཐེབས་ཚེ་ཁྱེད་ཀྱིས་དངོས་པོ་ཅི་ཞིག་ཁྱེར་ནས་ཕྱིར་འགྲོ་ཐུབ།”ཅེས་དྲིས་ཚེ།བྱིས་པས་མུ་ཏིག་དང་སྒོར་མོ་སོགས་རེད་ཅེས་ལན་བཏབ་པ་ན།ཨ་མས་མུ་མཐུད་དུ།“མདོག་དང་དབྱིབས་མེད་པའི་རིན་པོ་ཆེ་དེ་ཅི་ཞིག་རེད།”ཅེས་འདྲི་བ་དང་།བྱིས་པས་ད་དུང་ལན་འདེབས་མ་ཐུབ་ཚེ།ཨ་མས།“བུ་ཆུང་”དེ་ནི་ཡོན་ཏན་རེད།ཡོན་ཏན་ནི་སུས་ཀྱང་འཕྲོག་མི་ཐུབ་པ་དང་།ཚེ་འདིར་ཡོན་ཏན་ནམ་ཡང་རང་ཉིད་དང་འབྲལ་མི་སྲིད།”ཅེས་གདམས་པ་རེད།
ཡུག་ཐེ་མི་རིགས་ཀྱི་ཁྱིམ་ཚང་གིས་ཤེས་ཡོན་དང་ཤེས་ཡོན་ཅན་ལ་གཞན་གྱིས་བསྒྲུན་དུ་མེད་པའི་གདེང་འཇོག་དང་བརྩི་བཀུར་བྱེད་པ་ནི་ཁོ་ཚོའི་ལེགས་བཤད་དམ་གཏམ་དཔེ་འདི་ལས་རྟོགས་ཐུབ་སྟེ།“རང་ཉིད་ཀྱི་བུ་མོ་ཡོན་ཏན་པའི་ཆུང་མར་གྱུར་ཚེ།ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་བེད་སྤྱོད་དགོས་ཀྱང་འགྱོད་པ་མེད་པ་དང་།ཡོན་ཏན་པའི་བུ་མོ་རང་ཉིད་ཀྱི་མནའ་མར་ལེན་ཐུབ་ཚེ།དཀའ་བ་ཅི་འདྲ་སྤྱོད་དགོས་ཀྱང་བཟོད་བསྲན་བྱ་ཐུབ།”ཅེས་པའོ།།
དེས་ན་བོད་ཀྱི་ཁ་དཔེར།“མི་རིག་ན་སྒང་ལ་བུད”ཅེས་པ་བཞིན།ང་ཚོའི་བྱིས་པའི་ཕ་མ་རྣམས་ཀྱིས་ཁྲོན་པའི་ཞབས་ནས་ནམ་མཁའི་རྒྱ་ཁྱོན་མི་གཞལ་བར་མཐོ་ས་ནས་འཛམ་གླིང་ལ་ལྟད་མོ་བལྟ་བ་དང་ཐད་ཀ་ནས་མི་རིགས་གཞན་ལ་མིག་དཔེ་བལྟས་ཏེ་རང་རང་གི་བྱིས་པ་ལ་ཁྱིམ་ཚང་སློབ་གསོ་ཡག་པོ་ཞིག་འཐོབ་ཏུ་འཇུག་པ་དང་།དེ་ནས་རིག་གནས་བསླབ་སའི་སློབ་གྲྭ་ཡག་པོ་ཞིག་ཏུ་བསྐྱལ་ཏེ་ཁོ་ཚོར་སློབ་གྲྭའི་སློབ་གསོ(དགོན་སྡེའི་སློབ་གསོ་ཡང་འདུས)གོ་རིམ་ལྡན་པ་ཞིག་མྱང་དུ་འཇུག་དགོས་ལ།རང་གིས་ཀྱང་དེར་ལྟད་མོ་བལྟས་ནས་མི་འདུག་པར་སློབ་སྦྱོང་གི་མཐུན་རྐྱེན་གང་ལེགས་སྦྱོར་བ་དང་དགེ་རྒན་ལ་རམ་འདེགས་བཟང་བོ་བྱས་ན།བྱིས་པ་དེའི་ཤེས་ཡོན་དང་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་ཡར་ངོའི་ཟླ་ཚེས་བཞིན་གོང་འཕེལ་ནས་གོང་འཕེལ་དུ་འགྲོ་སྟེ།རྒྱུ་ཕུན་སུམ་ཚོགས་པ་ལས་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར་རོ།།
མདོར་ན།སློབ་གསོ་ལས་གསར་གཏོད་བྱུང་ཞིང་།གསར་གཏོད་ལས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཡོད་ཚད་བྱུང་བས།སློབ་གསོ་ནི་གནས་སྐབས་དང་མཐར་ཐུག་གི་དགེ་ལེགས་ཐམས་ཅད་ཀྱི་གཞི་རྩ་དང་འབྱུང་ཁུངས་སུ་གྱུར་འདུག་པས།སློབ་གསོ་ལ་གཙིགས་ཆེན་བྱ་རྒྱུ་ནི་གནད་དམ་པའོ།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:དགེ་འདུན་ཆོས་འཕེལ་སློབ་འབྲིང་ངོ་སྤྲོད།
  • ལེ་ཚན་རྗེས་མ།:རོང་འབྲོག་ས་ཁུལ་དུ་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་སྒྲུབ་སྟངས་སྐོར་གྱི་ལྟ་ཚུལ་རེ་གཉིས།
  • དོ་སྣང་ཆེ་བའི་རྩོམ།