མཐོ་སྒང་སློབ་གསོའི་ནོར་མཛོད་དུ་ནམ་ཡང་འོད་འཚེར་བའི་མུ་ཏིག་གོང་བུ་ཞིག

སྐལ་བཟང་ཐུབ་བསྟན།        2011-04-26

——ཁམས་བྱང་མི་རིགས་མཐོ་རིམ་སློབ་གྲྭའི་གནས་ཚུལ་རགས་བཀོད།
     སྔ་ཡོད་རྨང་གཞི་བརྟན་པོའི་ཐོག། གསོ་སྐྱོང་འགན་ཆེན་སླར་ཡང་བཞེས།།
     ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་ངམ་ཁམས་བྱང་དགེ་རྒན་ཟབ་སྦྱོང་སློབ་གྲྭ་ནི2000ལོའི་ཟླ་བ6པར་མཚན་བྱང་འགེལ་ནས་དངོས་སུ་བཙུགས་པ་ཡིན་ཞིང་ཁུལ་རིམ་པའི་མཐོ་རིམ་སློབ་འབྲིང་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
     སློབ་གྲྭ་འདི་ནི་རང་ཁུལ་དུ་སྐད་གཉིས་སྨྲ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་འབད་དེ་ད་ལྟ་ཞིང་ཆེན་དང་རང་ཁུལ་གྱི་སྡེ་ཁག་སོ་སོར་སྐད་གཉིས་ཤེས་ཤིང་འཇོན་ཐང་ལྡན་པའི་མི་སྣ་ས་ཁྱབ་རྡོ་ཁྱབ་ཏུ་བསྐྱངས་བ་ལ་བྱས་རྗེས་བླ་ལྷག་ཏུ་ཆེ་བའི་དཀར་མཛེས་དགེ་འོས་སློབ་གྲྭ་ཞེས་མཚན་སྙན་ས་གཞི་བུ་མོའི་མཛེས་རྒྱན་དུ་བཀོད་པ་དེའི་རྨང་གཞི་ཐོག་མི་རྙིང་པར་རྒྱན་གོས་གསར་པ་སྤྲས་པ་རེད། སློབ་གྲྭའི་ཕྱིའི་ཁོར་ཡུག་དང་འཛུགས་སྐྲུན། ནང་གི་སྒྲིག་ཆས་དང་དོ་དམ་བཅས་གང་ཐད་ནས་སྔ་མའི་གཞི་གདན་ཐོག་འཕོ་འགྱུར་ནི་དབྱར་མཚོ་རྒྱས་པའི་རིགས་སུ་མཐུན།སློབ་གྲྭའི་སྤྱིའི་རྒྱ་ཁྱོན་མུའུ32ཡོད་པའི་ནང་དུ་འཛུགས་སྐྲུན་གྱི་གཞི་ཁྱོན་ནི་སྨི་གྲུ་བཞི་མ13000ལྷག་ལ་ཟིན་པ་རེད། སློབ་ཁྲིད་འཛིན་གྲྭ19ཡོད་ལ་དད་བརྩོན་ཤེས་རབ་མངའ་བའི་སློབ་མའི་གྲངས་ཀ་སྟོང་ལས་བརྒལ་ཟིན་པ་ཚང་མ་ནི་ཉིན་ཧྲིལ་པོའི་བཅའ་སྡོད་སློབ་མ་ཤ་སྟག་རེད། རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་། སི་ཁྲོན་ཞིང་ཆེན་ཁྱད་རིམ་དགེ་རྒན། རབ་འབྱམས་པ། མཐོ་རིམ་དགེ་རྒན་བཅས་གཙོ་བོ་བྱེད་པའི་ལུང་དང་རིགས་པས་ཕྱུག་ཅིང་རྣམ་དཀར་དགེ་ལ་སྤྲོ་བའི་སློབ་དཔོན་དཔུང་ཁག་ཅིག་ཡོངས་སུ་གྲུབ་ཡོད། 2009ལོར་ཁུལ་སློབ་གསོ་ཅུས་ཀྱིས་འབྲིང་རིམ་ལས་རིགས་སློབ་གྲྭའི་སྤྱིའི་འཆར་འགོད་ལྟར་དཀར་མཛེས་ཁུལ་ལས་རིགས་སློབ་གྲྭའི་མཚན་བྱང་བཞེས་ནས་ཐན་པའི་སྟེང་ལ་གྲུ་ཆར་འཇོ་བ་བཞིན་དེང་སང་དུས་ཀྱི་ཁུགས་ཅོག་འདི་ན་མཁོ་དགོས་ཤིན་ཏུ་ཆེ་བའི་སྐད་གཉིས་སྨྲ་བའི་དགེ་རྒན་དང་ལས་བྱེད་པ་གསོ་སྐྱོང་བྱེད་པའི་འགན་ཆེན་སྐྱོ་ངལ་མེད་པར་སླར་ཡང་ཕྲག་ཏུ་བཞེས་པ་རེད།
     སློབ་འཛུགས་ཁ་ཕྱོགས་གསལ་པོ་ཡིས།། བོད་ཁུལ་མཁོ་བའི་མི་སྣ་སྐྱོང་།།
     མི་རིགས་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་མཚོན་ན་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་མཁོ་བའི་ཚད་ལྡན་གྱི་འཛུགས་སྐྲུན་པ་དང་རྗེས་འཛིན་པ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་ཉག་གཅིག་ཏུ་འཛིན་དགོས་པའི་ཐོག་མཁོ་འོས་ཀྱི་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། བཀའ་དྲིན་གཟོ་བའི་སློབ་གསོའི་གོམ་འགྲོས་ཀྱང་ནམ་ཡང་མཚམས་འཇོག་བྱེད་མྱོང་མེད། 1957ལོར་དཀར་མཛེས་དགེ་འོས་སློབ་གྲྭ་བཙུགས་པ་ནས་ད་ལྟའི་ཁམས་བྱང་མི་རིགས་མཐོ་རིམ་སློབ་གྲྭའི་བར་དུ་སློབ་གྲྭས་སློབ་འཛུགས་ཀྱི་ཁ་ཕྱོགས་གསལ་ཞིང་ངེས་ལ་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོས་རང་ཁུལ་གྱི་སློབ་གསོ་དང་སྤྱི་ཚོགས་བྱ་གཞག་ཀུན་ལ་མཁོ་བའི་ཤེས་ལྡན་མི་སྣ་ནམ་མཁའི་སྐར་ཚོགས་བཀྲ་བར་གསོ་སྐྱོང་བྱས་ཡོད། ཡང་སྒོས་སུ་སྐད་གཉིས་སློབ་ཁྲིད་ཀྱི་གཤོག་ཟུང་ཤུགས་ཆེན་བརྐྱངས་ནས་བོད་རིགས་ས་ཁུལ་ལ་མེད་དུ་མི་རུང་བའི་ཤེས་ལྡན་མི་སྣ་སྟེ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་ཐུབ་ཅིང་དེང་རབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཅི་བདེར་སྐོང་ནུས་པའི་བློ་གསལ་བུང་པའི་ཁྱུ་ཚོགས་སྐྱོང་བར་སྤྲོ་བ་རབ་ཏུ་བརྟས། ད་ལྟར་སློབ་གྲྭ་རུ་བོད་ཡིག་གཙོ་སྦྱོང་དང་ཟུར་སྦྱོང་འཛིན་གྲྭ་གཉིས། ལས་རིགས་འཛིན་གྲྭ་རུ་རྒྱ་བོད་ཡིག་རིགས་ཀྱི་སློབ་ཆུང་དགེ་རྒན་དང་དྲུང་ཡིག་འཛིན་གྲྭ་གཉིས་བཅས་སྒྲིག་འཛུགས་བྱས་ཡོད་པ་རེད། མིག་སྔའི་བར་དུ་བསླེབས་ཚེ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ1000ལྷག་ལས་བརྒལ་ཞིང་སློབ་མ10ལྷག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་སྒོ་ཆེན་དུ་འཛུལ་པ་དང་། བོད་ཡིག་གཙོ་སྦྱོང་སློབ་མ་ཞིང་ཆེན་དངོས་གཞི་ཚན་ཁག་ཏུ་རྒྱུགས་འཕྲོད་པའི་མི་གྲངས80ལས་བརྒལ་བས་ཆ་སྙོམས་སློབ་འཕར་གྱི་ཚད་བརྒྱ་ཆ80ལས་བརྒལ་ཡོད་པ་རེད། དེ་མིན་སློབ་ཆེན་དུ་རྒྱུགས་མ་འཕྲོད་པའི་སློབ་མ120ལྷག་ལུས་པ་དེ་དག་ཀྱང་རང་རང་སོ་སོས་འབད་བརྩོན་བྱས་པ་ལ་བརྟེན་ནས་སྔ་ཕྱིར་གཞུང་ཞབས་པ་དང་། ཁྱད་ལྡན་ཉེན་རྟོག་པ། སྡེ་དཔོན་སོགས་ཀྱི་ལས་རིགས་སུ་རྒྱུགས་འཕྲོད་ནས་ལས་ཞུགས་ཐུབ་པ་བྱུང་བ་རེད།
     དོ་དམ་ནོན་ཤུགས་ཆེན་པོ་ཡིས།། སློབ་གྲྭའི་མཚན་སྙན་བ་དན་བསྒྲེངས།།
     གོ་དམ་པའི་འོག་ནས་འཇོན་ལྡན་ཡོང་ཟེར་བའི་དཔེར་ལྟར་ཁམས་བྱང་སློབ་གྲྭས་བཀག་རྒྱ་ཅན་དང་དམག་དོན་ཅན་གྱི་དོ་དམ་བྱེད་སྟངས་བླངས་ནས་འགོ་དམ་པོས་འཛིན། དཔེ་བཟང་པོས་སྟོན། རིགས་ངན་པ་བཅོམ། སྤྱོད་ཚུལ་ཚད་ལྡན་ཅན། བྱ་སྤྱོད་མྱུར་བདེ་ཅན། ནང་ལས་གཙང་འགྲིག་ཅན་བཅས་ཀྱི་ཐུན་མིན་ཐབས་ཤེས་བཀོལ་ནས་སློབ་མའི་དོ་དམ་སྔ་བས་ཚད་ལྡན་ཅན་དང་དམིགས་སོའི་རང་བཞིན་ཅན་གྱི་ལམ་བུ་རུ་བསྒྱུར་བ་རེད། དེ་མཚུངས་གཅིག་གྱུར་གྱིས་ཟ་མ་དོ་དམ་བྱས་ཏེ་ཕ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། གཅིག་གྱུར་གྱིས་གྱོ ན་ཆས་དོ་དམ་བྱས་ནས་སློབ་མའི་བར་གྱི་ཕྱུག་ཞན་འགྲན་སྲོལ་མེད་པར་གཏོང་བ། གཅིག་གྱུར་གྱིས་སྐྲ་ཚུགས་དོ་དམ་བྱས་ཏེ་སློབ་མའི་བསམ་པ་དང་ཀུན་སྤྱོད་ཀྱི་རྣམ་པ་ཇེ་བཟང་དུ་གཏོང་བ་རེད། ཉེ་བའི་ལོ་ཤས་རིང་ལ་སློབ་གྲྭ་ལ་སྔ་ཕྱིར་སི་ཁྲོན་ཞིང་ཆེན་གྱི་ཡ་རབས་སྡེ་ཁག་དང་། སི་ཁྲོན་ཞིང་ཆེན་ལྗང་འགྱུར་དཔེ་སྟོན་སློབ་གྲྭ དུག་མེད་དཔེ་སྟོན་སློབ་གྲྭ དཀར་མཛེས་ཁུལ་སློབ་སྲོལ་དཔེ་སྟོན་སློབ་གྲྭ་སོགས་ཀྱི་མཚན་སྙན་གྱི་བཀྲ་ཤིས་གཡང་དར་རིང་མོ་མགུལ་དུ་བསྒྲོན་པས་མ་ཚད་དཀར་མཛེས་རྫོང་གིས་འཕྲོད་བསྟེན་སྔོན་ཐོན་ཚོགས་པ་གཙོས་པའི་མཚན་སྙན་གྱི་བྱ་དགའ་དུ་མ་ཡང་སྤྲད་ཡོད་པ་རེད། སློབ་གྲྭས་ཁྱོན་ཡོངས་ནས་དོ་དམ་གྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ནས་སྔར་མེད་ཀྱི་ནོན་ཤུགས་དྲག་པོས་སློབ་གྲྭའི་དོ་དམ་གྱི་མཚན་སྙན་བ་དན་དགུང་དུ་བསྒྲེང་པ་རེད།
     རྨང་གཞི་སྒྲིག་ཆས་དམ་འཛིན་ཏེ།། ཕྱི་ནང་ཁོར་ཡུག་ལེགས་པར་བསྐྲུན།།
     སློབ་གྲྭས་གོང་རིམ་གྱི་རྒྱབ་སྐྱོར་འོག་ཏུ་མ་དངུལ་རག་ཐབས་བརྩོན་ལེན་བྱས་ནས་འཛུགས་སྐྲུན་གྱི་མ་འཇོག་བྱས་ཚད་ཇེ་ཆེར་གཏོང་བ་དང་འཛུགས་སྐྲུན་གྱི་ཆ་རྐྱེན་ལེགས་བཅོས་སུ་བཏང་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ་ཞབས་འདེགས་ཡག་པོ་ཞུས་པ་རེད། 2006ལོར་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1853ཅན་དང་མ་དངུལ་ཁྲི200བཏང་བའི་སློབ་མའི་སྡོད་ཁང་ཆེན་མོ་ལེགས་འགྲུབ་བྱུང་བ་དང་། 2007ལོར་སྨི་གྲུ་བཞི་མ2385ཅན་གྱི་ཕྱོགས་འདུས་ཐོག་ཁང་ཆེན་མོ་བཞེངས་འགོ་ཚུགས་ཤིང2008ལོར་ལེགས་གྲུབ་བྱུང་བ་རེད། ཁྱོན་མ་དངུལ་ཁྲི259འཇོག་ཡོད། 2009ལོར་སྨི་གྲུ་བཞི་མ5300ཅན་དང་མ་འཇོག་ཁྲི496བཏང་པའི་སློབ་ཁྲིད་ཐོག་ཁང་ཆེན་མོ་དང་སློབ་མ་བུའི་སྡོད་ཁང་བཅས་ཀྱི་ལས་གཞི་ཆེན་པོ་གཉིས་བཞེངས་འགོ་ཚུགས་ནས2010ལོར་ལེགས་གྲུབ་བྱུང་ནས་བེད་སྤྱོད་གཏོང་བཞིན་ཡོད། 2010ལོར་མ་དངུལ་བསྡོམས་པས་ཁྲི588འཇོག་པའི་སློབ་ཁྲིད་ཕྱོགས་འདུས་ཐོག་ཁང་ཆེན་པོ་དང་དགེ་རྒན་སྡོད་ཁང་ཆེན་པོ་གཉིས་ལས་འགོ་ཚུགས་ཏེ2011ལོའི་ཟླ་བ7པར་ལེགས་གྲུབ་བྱ་རྒྱུ་རེད། དེ་མིན་སློབ་ཁྲིད་ཐོག་ཁང་གསར་པའི་ཁང་མིག24རུ་དེང་རབས་ཀྱི་གློག་རྡུལ་སྦྱང་ཤིང་སྒྲིག་འཇོག་བྱས་པ་དང་། སློབ་མའི་སྡོད་ཁང་དུ་ཉི་ནུས་ཆུ་སྲོས་ཆས་ཀྱི་ཆུ་འདྲེན་མ་ལག་བཙུགས་ནས་བཀོལ་སྤྱོད་གཏོང་གི་ཡོད་པ་རེད། ལྷག་པར་དུ་མ་དངུལ་ཁྲི160ལྷག་བཏང་ནས་རང་ཁུལ་གྱི་སློབ་གྲྭ་ཀུན་ལ་མེད་པའི་ཉི་ནུས་ས་དྲོད་ལས་གཞི་སྤེལ་ནས་སློབ་ཁྲིད་ཐོག་ཁང་ཆེན་མོའི་ནང་དུ་ཉི་ནུས་ས་དྲོད་ལས་གཞི་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་བེད་སྤྱོད་གཏོང་བཞིན་ཡོད་པས་དགུན་དུས་སློབ་མ་ཚོའི་གྲང་ངར་གྱི་འཁྱགས་སྡུག་རྩད་ནས་བསལ་ཏེ་བདེ་དྲོད་ལྡན་པའི་སློབ་ཁྲིད་དང་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་རེད།
     མདོར་ན། ཁམས་བྱང་མཐོ་རིམ་སློབ་གྲྭས་ད་སྔར་ཐོབ་པའི་སྤོབས་པ་ཆེན་པོ་བསྐྱེད་དུ་འོས་པའི་གྲུབ་འབྲས་རླབས་ཆེན་དེ་ཙམ་གྱིས་འདོད་བློ་མི་ཚིམས་པར་དེང་རབས་སློབ་གསོའི་འདུ་ཤེས་ཀྱི་བཅུད་གསར་ཡང་ཡང་འཇིབ་སྟེ་གསར་གཏོད་ཀྱི་སྟངས་སྟབས་ཅི་ཡང་བསྒྱུར་ཞིང་མ་འོངས་ཕུགས་འདུན་བཟང་པོ་སྙིང་དུ་བཅངས་ནས་ཉམས་པ་མེད་པར་མདུན་དུ་བསྐྱོད་པར་ངེས་ལ་མཐོ་སྒང་སློབ་གསོའི་ནོར་མཛོད་དུ་ནམ་ཡང་འོད་མདངས་ལྷག་པར་འཚེར་བའི་མུ་ཏིག་གོང་བུ་ཞིག་ཏུ་གྱུར་པ་ཡང་གདོན་མི་ཟའོ།།
  • ལེ་ཚན་སྔོན་མ།:སློབ་གསོ་ཉིན་ཐོའི་ཟུར་ཞིག
  • ལེ་ཚན་རྗེས་མ།:དགེ་འདུན་ཆོས་འཕེལ་སློབ་འབྲིང་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།